འཛམ་གླིང་ཡོངས་བརྡ་འཕྲིན་བརྒྱུད་ལམ་སྟེང་ཤར་སྐྱོད་བྱེད་བཞིན་པའི་སྒང་འདིར། བོད་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཁག་གིས་ཀྱང༌། དཀའ་བ་ཁྲི་ཕྲག་ཁྱད་དུ་བསད་དེ། ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་ཧུར་གྱིས་དེད་ཅིང་རྙོག་འཛིང་གི་ཧྲག་བར་དོག་མོ་ཤུགས་ཀྱིས་བགྲོད་དེ། གོམ་པའི་འདེགས་འཇོག་གི་འགྲོས་མི་དལ་བར་སླེབས་སོང༌།
ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞི་ཁང་གིས་ཕྱི་ཚེས་ ༨ ཉིན་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ནག་ཚང་ཞི་ལུའི་སྐྱིད་སྡུག ཅེས་བའི་དཔེ་དེབ་དབུ་འབྱེད་གནང་བ་དང་ཆབས་གཅིག བོད་ཀྱི་བང་ཆེན་གསར་ཤོག་གི་དྲ་རྒྱ་སྒོ་འབྱེད་བྱས་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་གཞུང་ཆོས་དོན་བཀའ་བློན་དང་དྲུང་འཕར་བཀྲ་ཤིས་རྒྱ་མཚོ། དེ་མིན་སྤྱི་འཐུས་ཁག་ཅིག་བཅས་ཕེབས་ཡོད་ལ། ནག་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དཔེ་དེབ་འདི་ནི། རྩོམ་པ་པོ་ནག་ཚང་ནུས་བློའི་མི་ཚེ་སྟོད་ཀྱི་དཀའ་སྡུག་འཚོ་བའི་བྱུང་རིམ་དང༌། སྐབས་དེའི་བོད་པའི་སྤྱི་ཚོགས་འཚོ་བ་དང་རང་བྱུང་ཁོར་ཡུག དེ་བཞིན། རྒྱ་གཞུང་གིས་ཡ་ང་བའི་བོད་ཡུལ་བཙན་འཛུལ་དང༌། རྒྱ་དམག་གིས་ཡིད་སྐྱོ་བའི་བོད་མི་དམར་གསོད་སོགས་གོད་ཆག་གི་ཁྲག་རིས་གསལ་བའི་མེ་ལོང་ཆུང་ཆུང་ཞིག་ཡིན་ལ ། ཐོག་མར་དཔེ་དེབ་འདི་ ༢༠༠༦ ལོར་བོད་ནང་བསྟུད་མུར་ཐེངས་གསུམ་ལ་དཔར་སྐྲུན་འགྲེམས་སྤེལ་བྱས་ཏེ། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོ་ཡོངས་ཀྱིས་དགའ་བསུ་དང་སྔགས་བརྗོད་བླ་མེད་ཐོབ་སྟེ། བྱེས་ཡུལ་བོད་རིགས་སྤུན་ཟླ་ཚོས་ཀྱང་ཀློག་འདོད་སྐོམ་པ་ཆུ་འདོད་ལྟར་བྱས་པར་བརྟེན། ཐེངས་འདིར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་ཕལ་སྐད་ནས་སྤྱི་སྐད་དམ། ཡིག་སྐད་སྟངས་ཕབ་སྒྱུར་གྱིས་དཔར་འགྲེམས་བྱས་ཡོད། གཞན། བོད་ཀྱི་བང་ཆེན་གསར་ཤོག་གི་དྲ་རྒྱའི་སྟེང༌། བོད་རྒྱ་དབྱིན་གསུམ་ཐོག་བོད་ཕྱི་ནང་གཉིས་དང་རྒྱ་ནག རྒྱལ་སྤྱིའི་གསར་འགྱུར་རིགས་འདོན་སྤེལ་དང༌། བསམ་ཚུལ་བརྗེ་རེས་དང་གཏམ་གླེང་བྱ་སའི་གླེང་སྟེགས། མི་སྒེར་སོ་སོའི་རྩོམ་ཡིག་དང་པར་སོགས་འགོད་སའི་ཟིན་བྲིས་བཅས་ཡོད་ལ། དྲ་རྒྱའི་ཡིག་གཟུགས་རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་སྟེང་སྒྲིག་སྦྱོར་བྱས་པའི་ཧི་མ་ལ་ཡའི་བོད་ཡིག་སྤྱད་ཡོད་སྟབས། ས་ཁུལ་དང་གློག་ཀླད་ལ་ཁྱད་པར་མེད་པར་དྲ་བའི་སྟེང་གི་གནས་ཚུལ་ལེགས་པར་ཀློག་ཐུབ་ཅིང༌། མི་སྒེར་གྱི་བསམ་ཚུལ་འདོད་མོས་ལྟར་འགོད་ཐུབ་པའི་ཁྱད་ཆོས་ཡོད།
སྐབས་དེར་བོད་ཀྱི་བང་ཆེན་ཚགས་ཤོག་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱིས་དཔེ་དེབ་དང་དྲ་རྒྱ་ངོ་སྤྲོད་གསུང་བཤད་གནང་དོན། དང་པོ། ང་ཚོས་དེ་རིང་ནག་ཚང་ཞི་ལུའི་སྐྱིད་སྡུག ཞུ་བའི་དཔེ་དེབ་འདི་དབུ་འབྱེད་བྱེད་ཀྱིན་ཡོད། བོད་ནང་དེབ་འདི་སྔར་ནས་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། གཞུང་ངོས་ནས་འགྲེམས་སྤེལ་གྱི་ཆོག་ཆན་ཡང་ཡོད་པ་ཞིག་རེད། དཔེ་དེབ་དེའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ཀྱང༌། ཡུལ་སྐད་མང་པོ་སྤྱད་དེ། ཁ་ཤས་ཀྱིས་གོ་མི་ཐུབ་པའི་གནས་སྟངས་ཆགས་ཡོད་སྟབས། ང་ཚོས་བསྐྱར་དུ་དཔར་བསྐྲུན་བྱ་རྒྱུའི་སྐད་ཆ་བྱུང་སྟེ། སྤྱི་སྐད་དང་གོ་བདེ་བར་བསྒྱུར་ཏེ་དཔར་སྐྲུན་བྱས་པ་ཡིན། གཉིས་པ། ང་ཚོའི་བང་ཆེན་གྱི་དྲ་རྒྱ་དེའི་ནང་བོད་ཡིག་དང་རྒྱ་ཡིག་དབྱིན་ཡིག་གསུམ་ག་ཡོད་ལ། བོད་ཡིག་ཧི་མ་ལ་ཡའི་ཡིག་གཟུགས་ནང་བཟོས་ཡོད། དེ་རིང་གོ་སྐབས་འདི་བརྒྱུད་དེ་ཞུ་རྒྱུ་ཞིག་ལ། བོད་ཕྱི་ནང་གཉིས་ཕན་ཚུན་འབྲེལ་བ་ཞུ་རྒྱུར་སྟབས་བདེ་ཤོས། ཉེན་ཁ་ཆུང་ཤོས་དང་ནུས་པ་ཆེ་ཤོས་དེ་དྲ་བའི་བརྒྱུད་ལམ་ཆགས་ཡོད། དེ་བཞིན་ཧི་མ་ལ་ཡའི་ཡིག་གཟུགས་དེ་ཧ་ཅང་གི་ཁྱབ་རྒྱ་ཆེན་པོ་དང་སྟབས་བདེ་བོ་ཞེ་དྲག་ཡོད། ཅེས་ངོ་སྤྲོད་གནང་སོང༌།
དཔེ་དེབ་བསྐྱར་སྒྲིག་གི་སྔོན་གླེང་འབྲི་མཁན་དྲུང་ཕར་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་དོན། ནག་ཚང་ཞི་ལུའི་སྐྱིད་སྡུག ཅེས་པའི་དཔེ་དེབ་འདི་ཀློག་སྐབས། བོད་ནང་ནས་བྲིས་པ་ཞིག་ཨེ་ཡིན་སྙམ་པའི་དོགས་པ་ཟ་དགོས་པ་ཞིག་རེད། གང་ཡིན་ཟེར་ན། དེབ་དེའི་ནང་ཐོག་མར་ནག་ཚང་ཞི་ལུའི་ཕ་ཡུལ་དུ་རྒྱ་མི་ཇི་ལྟར་འབྱོར་བ་དང༌། ཁོ་རང་རྒྱ་ནག་གིས་བཙོན་འཇུག་བྱས་ཏེ་སྡུག་པོ་མྱངས་ཚུལ་དང་ཕ་གསོད་ཚུལ། ཁོང་བཙོན་ཁང་དུ་ཡོད་སྐབས་བོད་ཡུལ་སྟོད་སྨད་བར་གསུམ་ནས་ཁྲིད་ཡོང་བའི་བོད་རིགས་ཁྲི་སྟོང་མང་པོ་ལྟོགས་ཤི་ཐེབས་ཚུལ་སོགས་གསལ་བོར་བྲིས་འདུག འདིར་ང་ཚོས་རྒྱ་ནག་གིས་བོད་མི་འབུམ་བཅུ་གཉིས་བསད་སོང་ཟེར་གྱིན་ཡོད་ཀྱང༌། རྩོམ་པ་པོ་ཁོ་རང་ཚར་ལོངས་བྱུང་སའི་ཆུ་དམར་ལེབ་ས་ཆའི་མི་གཅིག་གི་མིང་ཡང་ཁ་གསལ་མེད། དེབ་འདིའི་ནང་གནས་ཚུལ་མང་པོ་ཞིག་གསལ་བོ་བཟོས་འདུག དེ་བཞིན་ནག་ཚང་ནུས་བློ་ཁོ་རང་གིས་ཀྱང༌། ང་རང་གིས་དངོས་མཐོང་ལག་ཟིན་གྱི་གནས་ཚུལ་འདི་དག་དེབ་ཐོག་ལ་བྲིས་ཏེ། ཤུལ་ཏུ་འཇོག་ཐུབ་པ་བྱུང་བ་འདི་ཡིས་ང་རང་བློ་བདེ་སོང་ཞེས་བྲིས་ཡོད། ཅེས་གསུངས་སོང༌།
དཔེ་དེབ་དངོས་སུ་དབུ་འབྱེད་དང་སྦྲགས་ཆོས་དོན་བཀའ་བློ་ཚེ་རིང་ཕུན་ཚོགས་མཆོག་གིས་གསུང་བཤད་གནང་དོན། དེང་སྐབས་དྲ་རྒྱ་ཟེར་བ་དེ་འཛམ་གླིང་ནང་ཞེ་དྲག་གནད་འགག་ཆེན་པོ་ཆགས་ཡོད། ལེགས་པའི་ཕྱོགས་ཁྱབ་བསྒྲགས་བྱ་དགོས་པ་ཡིན་ན་འདྲ་ལ། ཉེས་པའི་ཕྱོགས་འཐེར་འདོན་བྱ་དགོས་ནའང་འདྲ། མང་ཚོགས་ཁྲོད་བཟང་མན་དབྱེ་འབྱེད་ཀྱི་ལག་ཆ་གལ་ཆེ་ཤོས་དེ་དྲ་རྒྱ་ཆགས་ཡོད། མི་ཆེན་བླ་ཆེན་ཚོས་བཀའ་སློབ་གནང་བ་ཁག་དཀྱིལ་མཁོར་དེའི་ནང་ཕན་ཚན་ལ་བརྒྱུད་བསྒྲགས་བྱས་པ་དེ་ཆེན་པོ་ཡིན་ཡང༌། དྲ་རྒྱ་དང་རླུང་འཕྲིན་ཚོགས་གསར་འགྱུར་བརྒྱུད་ལམ་འདི་མེད་ན། དེ་ཙམ་རྒྱ་ཆེན་པོ་ཆགས་མི་ཐུབ་པ་གསལ་བོ་རེད། འདས་པའི་དུས་སུ་བོད་གངས་ཅན་ལྗོངས་སུ་མཁན་སློབ་ཆོས་གསུམ་སོགས་ཕེབས་ཏེ། བདེན་པ་དང་བསྟན་འཛིན་གྱི་དོན་དུ་ཕྱག་ལས་ག་ཚད་གནང་ཡོད་ནའང༌། ལོ་རྒྱུས་དང་ཡི་གེ་ལམ་ནས་བལྟ་རྒྱུ་ལས་དེང་གི་དུས་དང་འདྲ་བར་འཛམ་གླིང་ལ་ཁྱབ་འགྲོ་བའི་ཆ་རྐྱེན་གང་ཡང་མེད། དེང་གི་དུས་འདིར་སོ་སོའི་ཡོན་ཏན་ཡར་རྒྱས་སུ་གཏོང་རྒྱུ་དང་དགྲ་ལ་ཁ་གཏད་གཅོག་རྒྱུ། མདོར་ན་མིའི་སྤྱི་ཚོགས་ནང་དུ་དཔུང་བ་མཉམ་གཤིབ་བྱ་རྒྱུ། བོད་དོན་བདེན་མཐའ་སེལ་རྒྱུ་གང་ཞིག་ཡིན་རུང༌། མིའི་རྣམ་དཔྱོད་དང་ཤེས་རབ་ཡར་རྒྱས་གཏོང་ཐབས་ཀྱི་མཐུན་རྐྱེན་ལ། ང་རང་སྒེར་གྱི་ལྟ་ཚུལ་ལ་དྲ་རྒྱ་ལས་ལྷག་པ་ཞིག་མི་འདུག་དྲན་ཡོད། ཅེས་གསུངས་སོང༌།
བོད་ཀྱི་བང་ཆེན་གྱི་དྲ་རྒྱ་གསར་བ་དེའི་ཁ་བྱང་ཞིག་སྤྲད་གནང་ཡོད་པར་ཞུ།
དེང་དུས་རབས་ཉེར་གཅིག་པའི་གོ་ལ་ཧྲིལ་པོའི་ནང་བོད་ཀྱི་སྐད་ཡིག་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་སྤེལ་བཏང་ཞིང། འཐུས་སྒོ་ཚང་ལ་ཆ་རྐྱེན་འཛོམས་པའི་བོད་ཀྱི་བང་ཆེན་གྱི་དྲ་རྒྱ་དང༌། བོད་ཀྱི་དུས་བབ་ཀྱི་དྲ་རྒྱ་གཉིས་ཀྱི་ལས་དོན་གནང་མཁན་ཡོངས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞེས་ལན་བརྒྱར་བསྔགས་པ་ལགས།
དེང་དུས་རབས་ཉེར་གཅིག་པའི་གོ་ལ་ཧྲིལ་པོའི་ཁྱོནང་བོད་ཀྱི་སྐད་ཡིག་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་སྤེལ་བཏང་ཞིང། འཐུས་སྒོ་ཚང་ལ་ཆ་རྐྱེན་འཛོམས་པའི་བོད་ཀྱི་བང་ཆེན་གྱི་དྲ་རྒྱ་དང༌། བོད་ཀྱི་དུས་བབ་ཀྱི་དྲ་རྒྱ་གཉིས་ཀྱི་ལས་དོན་གནང་མཁན་ཡོངས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞེས་ལན་བརྒྱར་བསྔགས་པ་ལགས།