ལུང་རིགས་རྒྱལ་གྱིས་བསྒྱུར།
སྔོན་གླེང་།
ལོ་འདི་ནི་རྒྱ་ནག་གི་རྩ་ཁྲིམས་ཐོག་མ་བྲིས་ཏེ་མི་ལོ་བརྒྱ་འཁོར་བའི་ལོ་ཡིན་ལ། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་བྱས་ནས་ལོ་ ༦༠ འཁོར་བ་དང་། རྒྱ་ནག་དུ་དམངས་གཙོའི་རྩིགས་གྱང་ཐོག་མར་མངོན་ནས་ལོ་ ༣༠ འཁོར་བ། རྒྱ་ནག་གིས་མི་སེར་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་ཁྲིམས་དོན་ལ་མཚན་རྟགས་བཀོད་ནས་ལོ་ ༡༠ འཁོར་བ་བཅས་ཡིན། དེ་བཞིན་དུ་ད་ཆར་ཐེན་ཨན་མིན་ཐང་ཆེན་དུ་དམངས་གཙོ་དོན་གཉེར་གྱི་སློབ་ཕྲུག་དམར་གསོད་བྱས་ནས་ལོ་ ༢༠ འཁོར་གྲབས་ཡོད། ལོ་ངོ་འདི་དག་གི་རིང་འགྲོ་བ་མིའི་ཐོབ་ཐང་གི་གོད་ཆག་རིམ་པར་བྱུང་ཞིང་། འགོག་རྒོལ་དང་འཐབ་རྩོད་ཀྱི་མནར་གཅོད་ཡུན་རིང་མྱངས་མཐར། རྒྱ་ནག་གི་མི་སེར་རྣམས་ཀྱི་གོ་རྟོགས་ནི་སྔར་ལྷག་གིས་གོང་མཐོར་འགྲོ་གིན་ཡོད་ལ། རང་དབང་དང་འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་བཅས་ནི་འགྲོ་བ་མིའི་རིགས་ཐུན་མོང་གིས་སྤྱོད་བཞིན་པའི་ཡོངས་ཁྱབ་ཀྱི་རིན་ཐང་ཡིན་པ་དང་། དམངས་གཙོ་དང་རྩ་ཁྲིམས་གཞིར་བཞག་གི་སྲིད་གཞུང་ནི་འདི་དག་སྲུང་སྐྱོབ་ཀྱི་གཞི་རྩའི་སྒྲོམ་གཞི་ཡིན་པ་ངོས་འཛིན་གསལ་བོ་བྱུང་ཡོད།
རིན་ཐང་འདི་དག་དང་ཆབ་སྲིད་ཀྱི་གཞི་རྩའི་སྒྲོམ་གཞི་འདི་ལ་ཁ་བྲལ་དུ་གྱུར་ཚེ་རྒྱ་ནག་འདི་དེང་རབས་ཅན་དུ་ཁ་ཕྱོགས་པ་ནི་གོད་ཆག་ཡིན་པ་ར་འཕྲོད་བྱུང་ཡོད། དེས་མི་རྣམས་ཐོབ་ཐང་ལས་གཅེར་བུར་ཕུད་པ་དང་། མཚན་མཐོང་ལ་གཏོར་བཤིག རྒྱུན་ལྡན་གྱི་འབྲེལ་ལམ་ལྐོག་བཅོམ་བྱེད་གིན་ཡོད། དེ་བས་ང་ཚོས་འདྲི་རྒྱུར། དུས་རབས་ཉེར་གཅིག་པའི་ནང་དུ་རྒྱ་ནག་གང་དུ་འགྲོ་གི་ཡོད་པ་རེད། སྲིད་དབང་སྒེར་གཅོད་རིང་ལུགས་པའི་འོག་ནས་མུ་མཐུད་དུ་དེང་རབས་ཅན་དུ་འགྲོ་གི་ཡིན་ནམ། ཡང་ན། ཡོངས་ཁྱབ་འགྲོ་བ་མིའི་རིན་ཐང་ལ་གཙིགས་འཛིན་དང་། དཔལ་ཡོན་ལྡན་པའི་རྒྱལ་ཁབ་དག་གི་ཁྲོད་ཞུགས་ཏེ། དམངས་གཙོའི་ལམ་ལུགས་ཤིག་སྐྲུན་གི་ཡིན། དྲི་བ་འདི་དག་ལ་གཡོལ་ཐབས་མེད་པ་ཆགས་ཡོད།
དུས་རབས་བཅུ་དགུ་བའི་ནང་རྒྱ་ནག་ལ་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཚད་ལས་འདས་པ་ཞིག་བྱུང་བ་དེས། སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་རྨང་བཏིངས་པ་དང་། ནམ་རྒྱུན་གྱི་བཤད་སྲོལ་ལ། མི་ལོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་རླབས་ཆེའི་འགྱུར་ལྡོག་ཅེས་པ་དེའི་མགོ་བཙུགས་པ་རེད། ཕྱི་ལོ་ ༼༡༨༦༡ ནས་ ༡༨༩༩༤༽བར་རང་སྟོབས་རང་སྤེལ་གྱི་ལས་འགུལ་ཞེས་པ་མགོ་བརྩམས་ཏེ་རྒྱ་ནག་གི་ལག་རྩལ་གོང་མཐོར་གཏོང་ཐབས་བྱས་པ་རེད། ༡༨༩༤ ལོ་ནས་ ༡༨༩༥ ལོའི་བར་གྱི་དམག་འཁྲུག་དང་པོའི་སྐབས་ཉི་ཧོང་གི་ལག་ནས་ཕམ་པ་དེས་རྒྱ་ནག་སྲིད་གཞུང་གི་ལམ་ལུགས་རྙིང་བ་དེ་སྔར་ལས་ལྷག་པའི་ཐེར་འདོན་བྱས་པ་རེད། དེང་རབས་ཆབ་སྲིད་ལམ་ལུགས་ལ་བཅོས་བསྒྱུར་བྱེད་པའི་གོམ་སྟབས་ཐོག་མ་ནི་ ༡༨༩༨ ལོའི་དབྱར་ཁའི་བཅོས་བསྒྱུར་ཞེས་པ་དང་མཉམ་དུ་ཡོང་ཡོད་ནའང་། སྐབས་དེའི་གོང་མའི་སྲིད་གཞུང་གི་ཡ་ང་མེད་པའི་མནར་གཅོད་ཀྱི་འོག་ནས་ཕམ་པར་གྱུར་བ་རེད། ༡༩༡༡ ལོའི་ཞིན་ཧྭེ་གསར་བརྗེ་སྟེ། ཨེ་ཤ་ཡའི་སྤྱི་མཐུན་སྲིད་གཞུང་ཐོག་མ་དབུ་བརྙེས་པ་དེས་ལོ་ངོ་ ༢༠༠༠ རིང་གི་གོང་མའི་དབང་བསྒྱུར་ལམ་ལུགས་དེ་མགོ་རྟིང་སློག་པ་རེད། ཡིན་ནའང་ནང་ཁུལ་གྱི་རྩོད་རྙོག་དང་ཕྱིའི་བཙན་རྒོལ་སོགས་ལོ་རྒྱུས་རང་བཞིན་གྱི་དོན་རྐྱེན་དག་གིས་ཚད་བཀག་ཐེབས་ཏེ། སྤྱི་མཐུན་སྲིད་གཞུང་གི་ལམ་ལུགས་དེ་ཡུན་རིང་མ་འགོར་བར་སླར་ཡང་འགྱེལ་བ་རེད།
རང་སྟོབས་རང་སྤེལ་གྱི་ལས་འགུལ་དང་ཆབ་སྲིད་ལམ་ལུགས་གསར་བརྗེའི་ལས་དོན་གཉིས་ཀ་ལམ་ལྷོང་མ་བྱུང་བ་དེས་རྒྱ་ནག་མི་དམངས་ལ་རྒྱལ་ཁབ་འདིའི་རིག་གཞུང་གི་འགལ་བ་གཏིང་ཟབ་མོ་ཞིག་གི་ཤུགས་རྐྱེན་མེད་དམ་སྙམ་པའི་བསམ་ཚུལ་སྤྲད། འདིའི་ཉེར་ལེན་ལ་བརྟེན་དམངས་གཙོ་དང་ཚན་རིག་ཅེས་པའི་འཕྲེད་དར་འོག་ལྔ་བཞིའི་ལས་འགུལ་མགོ་ཚུགས། རྟག་ཏུ་ནང་འཁྲུག་དང་ཕྱིའི་དགྲ་བོའི་བཅན་འཛུལ་རིམ་པར་བྱུང་བར་བརྟེན། རྒྱ་ནག་གི་ཆབ་སྲིད་དམངས་གཙོ་ཅན་དུ་འགྱུར་བའི་བརྒྱུད་རིམ་དེ་འགག་པར་གྱུར། ༡༩༣༧ ལོ་ནས་ ༡༩༤༥ ལོའི་བར་གྱི་ཉི་ཧོང་འགོག་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྗེས་ནས་རྩ་ཁྲིམས་ཅན་གྱི་སྲིད་གཞུང་འཛུགས་པའི་མགོ་བསྐྱར་དུ་བརྩམས། ཡིན་ཡང་གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་བར་བྱུང་བའི་ནང་འཁྲུག་ལ་བརྟེན་རྒྱ་ནག་འདི་དེང་རབས་གཅིག་སྡུད་ལམ་ལུགས་ཀྱི་གཏིང་དུ་བྱིངས་པར་གྱུར། ༡༩༤༩ ལོར་བཙུགས་པའི་༼རྒྱ་ནག་གསར་པ་༽དེ་ནི་མིང་ཙམ་གྱི་ཐོག་ནས་༼མི་དམངས་སྤྱི་མཐུན་༽ཡིན། དོན་དངོས་ཐོག་འདི་ནི་༼ཏང་གི་དབང་འཛིན་༽འོག་ཡོད། དབང་སྒྱུར་ཚོགས་པ་དེས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐོན་ཁུངས་མཐའ་དག་དབང་སྡུད་བྱས་ཡོད་པ་དང་། དེས་གཡས་ཕྱོགས་ལ་རྒོལ་བའི་ལས་འགུལ་དང་། མཆོངས་སྐྱོད་ཆེན་མོ། རིག་ནས་གསར་བརྗེ་ཆེན་མོ། དྲུག་བཞི། གཞུང་འབྲེལ་མིན་པའི་ཆོས་ལུགས་བྱ་འགུལ་དང་དེ་དག་གི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་ལ་འགོག་རྒོལ་བྱས་ཏེ། མི་ས་ཡ་བཅུ་གྲངས་ཤིག་རྐྱེན་ལམ་དུ་བཏང་བ་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ཐོག་བློ་ཡུལ་ལ་མི་ཤོངས་པ་དང་གསབ་ཐབས་མེད་པའི་གོད་ཆག་སྤྲད།
དུས་རབས་ཉི་ཤུའི་དུས་མཇུག་གི་༼བཅོས་སྒྱུར་སྒོ་འབྱེད་༽ཀྱིས་རྒྱ་ནག་དེ་མའོ་ཙེ་ཏུང་དུས་སྐབས་ཀྱི་དབང་ཆ་གཅིག་སྡུད་དང་དབུལ་ཕོངས་ཀྱི་གནས་བབ་ལས་ཐར་ཙམ་བྱུང་། མང་ཚོགས་ཀྱི་འཚོ་བའི་ཚད་གཞི་དང་མི་སྒེར་གྱི་འབྱོར་བ་མངོན་གསལ་དོད་པོས་ཇེ་རྒྱས་སུ་ཕྱིན། མི་སྒེར་གྱི་དཔལ་འབྱོར་རང་དབང་དང་སྤྱི་ཚོགས་ཀྱི་ཁེ་དབང་འོས་འཚམ་གྱིས་བསྐྱར་གསོ་བྱས་ཤིང་། དཔལ་ཡོན་གྱི་སྤྱི་ཚོགས་ཤིག་དར་མགོ་བཙུགས་ལ། མང་ཚོགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་རང་དབང་གི་འབོད་སྒྲ་ཉིན་རེ་བཞིན་ཇེ་མང་དུ་གྱུར། དབང་ལྡན་མི་སྣ་དག་གིས་ཀྱང་དཔལ་འབྱོར་བཅོས་བསྒྱུར་དེ་ཁྲོམ་ར་ཅན་དང་སྒེར་བདག་ཅན་དུ་བསྒྱུར་བར་དམིགས་བཞིན། འགྲོ་བ་མིའི་ཐོབ་ཐང་ལ་ངོས་ལེན་མེད་པ་ནས་རིམ་བཞིན་དེ་ལ་ངོས་འཛིན་ཡོད་པའི་ལངས་ཕྱོགས་སུ་སྤོ་མགོ་བརྩམས། ༡༩༩༧ ལོ་དང་ ༡༩༩༨ ལོར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་དོན་གལ་ཆེན་གཉིས་ལ་མཚན་རྟགས་བཀོད། ༢༠༠༤ ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་༼འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་སྲུང་སྐྱོབ་༽སོགས་སྐད་ཡིག་གིས་མཚོན་པའི་རྩ་ཁྲིམས་བསྐྱར་བཅོས་བྱས། ལོ་འདིར་སྲིད་གཞུང་གིས་༼རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལས་དོན་འཆར་འགོད་༽ཅིག་བཟོ་འགོད་ལག་བསྟར་བྱེད་པའི་ཁས་ལེན་བྱས། དེ་ལྟར་ཡང་། སྲིད་དོན་གྱི་ཡར་རྒྱས་འདི་དག་ཤོག་ཐོག་གི་རིམ་པ་ནས་བསྡད་ཡོད། ཁྲིམས་ཡོད་ཀྱང་ཁྲིམས་ཀྱི་དབང་བསྒྱུར་མེད། རྩ་ཁྲིམས་ཡོད་ཀྱང་རྩ་ཁྲིམས་གཞིར་བཟུང་གི་སྲིད་གཞུང་མེད། ཆབ་སྲིད་ཀྱི་དངོས་ཡོད་འདི་དག་ནི་ཚང་མར་མངོན་སུམ་དུ་གྱུར་ཡོད། དབང་སྒྱུར་ཕྱོགས་ཁག་གིས་མུ་མཐུད་ནས་སྲིད་དབང་སྒེར་འཛིན་བྱེད་པར་མཐར་སྐྱེད་དང་ཆབ་སྲིད་བཅོས་བསྒྱུར་ལ་ངོས་ལེན་བྱེད་གི་མེད། འདི་ལ་བརྟེན་ནས་གཞུང་གི་ལྐོག་ཟ་རུང་སུངས་སླེབས་པ་དང་། ཁྲིམས་ཀྱི་དབང་སྒྱུར་ལ་དོ་ཕོག འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་མེད་པ། ཀུན་སྤྱོད་བརླག་པ། སྤྱི་ཚོགས་རྨང་གཞི་འཐོར་བ། དཔལ་འབྱོར་འཛུགས་སྐྲུན་ལ་ཡོ་འཁྱོམ་བྱུང་བ། མི་དང་རང་བྱུང་ཁམས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་པ། བདེ་སྐྱིད་འཚོལ་སྙེག་དང་རྒྱུ་དངོས་ཀྱི་ཐོབ་ཐང་ལ་སྒྲིག་འཛུགས་རང་བཞིན་གྱི་སྲུང་སྐྱོབ་མེད་པ། སྤྱི་ཚོགས་ཀྱི་རྩོད་རྙོག་རྒྱུན་ཆད་མེད་པར་བྱུང་བ་དང་། ཁོང་ཁྲོའི་རྣམ་པ་མུ་མཐུད་ནས་ཇེ་ཆེར་འགྲོ་གི་ཡོད། ལྷག་པར་དུ། མི་དམངས་དཀྱུས་མ་དང་གཞུང་གི་ལས་བྱེད་མི་སྣའི་བར་གྱི་རྣོ་ངར་ཆེ་བའི་འགལ་ཟླ་ཇེ་ཆེ་དང་། མང་ཚོགས་ཀྱི་གྱོད་དོན་ཇེ་མང་དུ་གྱུར་བ་དེས་སྟངས་འཛིན་ལས་ཤོར་བའི་གོད་ཆག་ཆེན་པོ་ཞིག་གི་ཁ་ཕྱེ་གི་ཡོད། འདི་ལྟར་ད་ལྟའི་ལམ་ལུགས་འདི་ཉམས་རྒུད་དུ་གྱུར་ཏེ་འགྱུར་བ་ལས་གཡོལ་ས་མེད་པའི་ཁ་མཚམས་ཤིག་ལ་སླེབས་ཡོད།
གཉིས། ང་ཚོའི་གཞི་རྩའི་ལྟ་ཚུལ།
རྒྱ་ནག་གི་མ་འོངས་པའི་ལས་དབང་གི་ལོ་རྒྱུས་རང་བཞིན་གྱི་དཀྱོགས་མཚམས་འདི་ནས། ང་ཚོས་འདས་པའི་ལོ་ ༡༠༠ རིང་དེང་རབས་ཀྱི་ཆབ་སྲིད་ལམ་ལུགས་ལ་བསྐྱོད་པའི་བརྒྱུད་རིམ་ལ་བསྐྱར་ཞིབ་ཀྱིས་གཤམ་གསལ་རྩ་དོན་ཁག་བསྐྱར་དུ་བསྒྲག་དགོས།
རང་དབང་། རང་དབང་ནི་ཡོངས་ཁྱབ་རིན་ཐང་མཐའ་དག་གི་ལྟེ་བ་དེ་ཡིན། སྨྲ་བརྗོད་རང་དབང་དང་། དཔེ་སྐྲུན། དད་འདུན། འདུ་འཛོམས། ཚོགས་འཛུགས། འགྲུལ་སྐྱོད། རྔམ་སྟོན་ཁྲོམ་སྐོར་སོགས་ནི་རང་དབང་གི་ངོས་འཛིན་ཡང་དག་ཡིན། རང་དབང་མེད་ཚེ། རྒྱ་ནག་ནི་དེང་རབས་དཔལ་ཡོན་གྱི་ཕུགས་བསམ་ལ་ནམ་ཡང་རྒྱང་ཐག་རིང་།
འགྲོ་བ་མིའི་ཐོབ་ཐང་། འགྲོ་བ་མིའི་ཐོབ་ཐང་ནི་སྲིད་གཞུང་གི་ལེགས་སྐྱེས་མིན་པར། མི་རྣམས་ཀྱི་ལྷན་སྐྱེས་ཀྱི་ཐོབ་ཐང་དང་ལོངས་སྤྱོད་ཡིན། འགྲོ་བ་མིའི་ཐོབ་ཐང་ལ་ཁག་ཐེག་བྱེད་པ་ནི་སྲིད་གཞུང་དང་ཁྲིམས་མཐུན་སྤྱི་ཚོགས་ཀྱི་དབང་ལྡན་མི་སྣའི་གཞི་རྩའི་སྒྲུབ་བྱ་ཐོག་མ་ཡིན་དགོས་ལ། ༼མི་དམངས་དང་པོར་འཇོག་པའི་༽དགོས་འདུན་གྱི་གཞི་རྩའང་ཡིན། རྒྱ་ནག་གི་འདས་ཟིན་པའི་ཆབ་སྲིད་ཀྱི་གོད་ཆག་རྣམས་ནི་དབང་སྒྱུར་མི་སྣ་དག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་མ་བྱས་པའི་གནད་དོན་ལ་དམ་དུ་འབྲེ་ཡོད།
འདྲ་མཉམ། སྤྱི་ཚོགས་ཀྱི་གནས་བབ་དང་ལས་གནས། ཕོ་མོ། དཔལ་འབྱོར་གྱི་གནས་སྟངས། མི་རིགས། ཤ་མདོག ཆོས་ལུགས། ཡང་ན་ཆབ་སྲིད་ཀྱི་ལྟ་བ་མཐུན་མིན་ལ་མ་ལྟོས་པར། སྐྱེ་བོ་ཚང་མ་འགྲོ་བ་མིའི་རང་དབང་དང་ཆེ་མཐོང་གི་ཕྱོགས་ནས་འདྲ་མཉམ་ཡིན། དཔལ་འབྱོར་དང་རིག་གཞུང་། ཆབ་སྲིད་རང་དབང་བཅས་ཀྱི་འདྲ་མཉམ་གྱི་རྩ་དོན་ནི་མི་སེར་སྤྱི་ཚོགས་དང་ཁྲིམས་ཀྱི་མདུན་ནས་ངེས་པར་དུ་ལག་བསྟར་ལ་གནས་དགོས།
སྤྱི་མཐུན། སྤྱི་མཐུན་ནི་རྒྱལ་ཁབ་ཀྱི་སྲིད་གཞུང་མཉམ་དུ་སྐྱོང་བ་དང་། ཞི་བདེའི་འཚོ་བར་མཉམ་དུ་རོལ་བ་དེ་ཡིན། དེའི་དོན་ནི་དབང་ཆ་དབུས་སུ་གཅིག་སྡུད་མི་བྱེད་པ་དང་། འདོད་འདུན་དོ་མཉམ་སྟེ། མཉམ་ཞུགས་ཡོད་པ་དང་། ཞི་བདེའི་འགྲན་རྩོད། མང་ཚོགས་ཀྱི་བགྲོ་གླེང་། སྤྱི་ཚོགས་ཀྱི་ལས་དོན་ཞི་བའི་སྒོ་ནས་སྒྲུབ་པ་སོགས་རྨང་གཞིར་བྱས་པའི་འདོད་འདུན་སྣ་ཚོགས་དང་། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་བ། རིག་གཞུང་སྣ་མང་དང་ཆོས་ལུགས་དད་མོས་རང་དབང་སོགས་ལས་གྲུབ་ཡོད།
དམངས་གཙོ། འདིའི་གཞི་རྩའི་གོ་དོན་ནི་བདག་དབང་མི་དམངས་ལ་ཡོད་པ་དང་། མི་དམངས་ཀྱིས་གཞུང་འདེམ་པ་དེ་ཡིན། དམངས་གཙོ་ལ་གཤམ་གྱི་གཞི་རྩའི་ཁྱད་ཆོས་དག་ཡོད། ༡། སྲིད་གཞུང་གི་ཁྲིམས་མཐུན་ངོ་བོ་མི་དམངས་ནས་སླེབས་ལ། སྲིད་གཞུང་གི་དབང་ཆའི་འབྱུང་ཁུངས་མི་དམངས་ཡིན། ༢། སྲིད་གཞུང་ནི་ངེས་པར་དུ་མི་དམངས་ཀྱིས་འདེམ་དགོས། ༣། མི་སེར་རྣམས་ཀྱིས་འོས་འཕེན་གྱི་ཐོབ་ཐང་ལོངས་སུ་སྤྱོད་དགོས་ལ། རིམ་པ་ཐམས་ཅད་ཀྱི་ལས་བྱེད་དང་སྤྱི་དམངས་ཀྱི་ལས་གནས་གལ་ཆེན་དག་ནི་དུས་ཚོད་རྒྱས་བཅད་ཀྱི་འོས་བསྡུའི་ལམ་ནས་ཡོང་དགོས། ༤། ཉུང་ཕྱོགས་ཀྱི་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་པའི་ཐོག་ནས་མང་མོས་ཀྱི་ཐག་གཅོད་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས། ཚིག་གཅིག་གིས་སྡོམ་བརྒྱབས་ན། དམངས་གཙོ་ནི་༼མི་དམངས་ཀྱི་ཆེད་དུ། མི་དམངས་ཀྱིས་བཙུགས་པའི། མི་དམངས་ཀྱི་གཞུང་༽ཞིག་འགྲུབ་པར་བྱེད་པའི་དེང་རབས་ཀྱི་ཐབས་ལམ་་དེ་ཡིན།
རྩ་ཁྲིམས་ཀྱི་སྲིད་གཞུང་། རྩ་ཁྲིམས་ཀྱི་སྲིད་གཞུང་་ནི་མི་སེར་རྣམས་ལ་རྩ་ཁྲིམས་ཀྱི་ནང་དུ་ཁག་ཐེག་བྱས་ཡོད་པའི་གཞི་རྩའི་ཐོབ་ཐང་དང་རང་དབང་རྣམས་ཁྲིམས་ལུགས་དང་ཁྲིམས་ཀྱི་དབང་སྒྱུར་འོག་ནས་སྲུང་སྐྱོབ་བྱེད་པ་དང་། སྲིད་གཞུང་གི་དབང་ཚད་དང་ཐག་གཅོད་ལ་ས་མཚམས་འཛིན་པ། ཁྲིམས་སྒྲིག་ལམ་ལུགས་ཀྱི་ནུས་པ་མཁོ་འདོན་བྱེད་རྒྱུ།
རྒྱ་ནག་དུ་གོང་མའི་རྒྱལ་བརྒྱུད་ལམ་ལུགས་དེ་སྔ་མོ་ནས་རྫོགས་ཤིང་ཕྱིར་ལོག་མེད་པར་གྱུར་ཡོད། འཛམ་གླིང་ནང་། དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་ཚེ་་མཇུག་དེ་དགོང་ཁའི་གྲིབ་སོ་ལྟ་བུར་སླེབས་ཡོད། ད་ཆ་རྒྱ་ནག་ལ་གཞི་རྩའི་ཐར་ལམ་གཅིག་ཡོད་པ་ནི་མི་སེར་རྣམས་རང་གི་རྒྱལ་ཁབ་ཀྱི་བདག་པོ་ངོ་མར་འགྱུར་རྒྱུ་དང། ལྷག་བསམ་དང་ཤེས་རབ་ལྡན་པའི་ལས་བྱེད་ཅིག་ལ་བློས་འགེལ་བྱེད་པའི་འདུ་ཤེས་སྤངས་ཏེ། མང་ཚོགས་ཀྱི་བསམ་བློའི་ནང་ཁྲིམས་ལ་བརྩི་བཀུར་དང་། རང་དབང་དང་དམངས་གཙོའི་སྦྱོང་བརྡར། སྤྱི་དོན་ལ་ཁུར་མཉམ་ལེན་གྱི་འགན་དང་ཐོབ་ཐང་ཡོད་པའི་འདུ་ཤེས་སྐྲུན་རྒྱུ་དེ་ཡིན།
གསུམ་པ། ང་ཚོའི་གཞི་རྩའི་ལངས་ཕྱོགས།
སྤྱི་ཚོགས་འཛུགས་སྐྲུན་གྱི་ཕྱོགས་སྣ་ཚོགས་དང་སྤྱི་དམངས་ཀྱི་ཐོབ་ཐང་། མི་སེར་རྣམས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ལ་འཛིན་པའི་བསམ་བློ་དེ་འགན་ཁུར་ཡོད་པ་དང་མཐུན་འགྱུར་གྱི་རྣམ་པར་འཕེལ་ཐབས་བཅས་བང་སྒྲིག་སྟེ། ང་ཚོས་གཤམ་གྱི་དམིགས་བཀར་ལྟ་ཚུལ་དག་འདོན་གི་ཡོད།
༡། རྩ་ཁྲིམས་བསྐྱར་བཅོས། གོང་དུ་བཤད་པའི་རིན་ཐང་དང་འདུ་ཤེས་དག་ལ་གཞི་བཟུང་སྟེ་རྩ་ཁྲིམས་བསྐྱར་བཅོས་ཀྱིས། བདག་དབང་ནི་མི་དམངས་ཀྱི་ལག་ཏུ་ཡོད་པའི་རྩ་འཛིན་ལ་རྒྱབ་འགལ་དུ་གྱུར་བའི་ད་ཡོད་རྩ་ཁྲིམས་ནང་གི་ཁྲིམས་སྲོལ་རྣམས་གཏོར་དགོས། དེ་ལྟར་བྱས་ན་རྩ་ཁྲིམས་འདི་འགྲོ་བ་མིའི་ཐོབ་ཐང་དང་མི་དམངས་ཀྱི་དབང་ཆ་ཐལ་སྤྱོད་མི་ཡོང་བར་ཁག་ཐེག་བྱེད་པའི་ཡིག་ཆ་ངོ་མ་ཞིག་ལ་འགྱུར་ཐུབ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་ཚོགས་པ་དང་ཤོག་ཁག མི་སྒེར་བཅས་སུས་ཀྱང་རང་འདོད་ཀྱིས་བརྡལ་བཤིག་བྱེད་མི་ཐུབ་པའི་བླ་ན་མེད་པའི་ཁྲིམས་ཡིག་དང་། རྒྱ་ནག་གི་དམངས་གཙོའི་ཁྲིམས་སྲོལ་གྱི་རྨང་གཞི་དེ་ཡིན་དགོས།
༢། དབང་ཆ་མཉམ་བགོ་དང་དབྱེ་བཀར། ང་ཚོས་དབང་ཆ་དབྱེ་བཀར་གྱི་དེང་རབས་སྲིད་གཞུང་སྟེ། ཕན་ཚུན་ལ་འགན་འཁུར་དང་འདྲ་མཉམ་ཡོད་པའི་འཛིན་སྐྱོང་དང་ཁྲིམས་ཁང་། ཁྲིམས་བཟོ་ལྷན་ཁང་བཅས་དབྱེ་བཀར་བྱེད་དགོས་ལ། སྲིད་གཞུང་གི་འགན་གྱི་ཁྱབ་ཚད་དང་འཛིན་སྐྱོང་གིས་དབང་ཆ་ཐལ་སྤྱོད་མི་བྱེད་པའི་ཆེད་དུ་ཁྲིམས་ཡིག་གཏན་འབེབས་བྱེད་དགོས་པ་དང་། སྲིད་གཞུང་གིས་ཁྲལ་སྟེར་མཁན་དག་ལ་འགན་འཁྱེར་དགོས། དབུས་གཞུང་དང་མངའ་སྡེ་རིམ་པའི་དབྱེ་བ་ཕྱེ་སྐབས། དབུས་གཞུང་གི་འགན་ཡོད་མི་སྣ་ནི་རྩ་ཁྲིམས་ཀྱི་ནང་བཀོད་པའི་ཆ་རྐྱེན་ལྟར་གཏན་འབེབས་དང་བསྐོ་འཇོག་བྱེད་དགོས་ལ། ས་གནས་སྲིད་གཞུང་ཁག་ནི་རང་སྐྱོང་ཡིན་དགོས།
༣། ཁྲིམས་བཟོ་ལྷན་ཁང་དམངས་གཙོ་ཅན་དུ་བསྒྱུར་བ། རིམ་པ་མི་འདྲ་བའི་གྲོས་ཚོགས་སམ་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་རྣམས་ཐད་ཀར་དུ་འོས་འདེམས་བྱེད་དགོས། ཁྲིམས་བཟོ་སྐབས་དྲང་པོ་དང་བདེན་པའི་རྩ་འཛིན་རྒྱུན་འཁྱོངས་བྱེད་དགོས་ལ། ཁྲིམས་བཟོའི་ལས་རིམ་ཁག་དམངས་གཙོ་ཅན་དུ་བསྒྱུར་དགོས།
༤། རང་དབང་གི་ཁྲིམས་ཁང་། ཁྲིམས་ཁང་ནི་ཕྱོགས་སུ་མ་ལྷུང་བ་དང་གཞན་གྱི་ཐེ་བྱུས་མེད་པ་ཞིག་ཡིན་དགོས། ཁྲིམས་ཁང་གི་སྒེར་ཚུགས་དང་ཁྲིམས་ཁང་གི་དྲང་བདེན་ལ་ཁག་ཐེག་ཡོད་དགོས། ང་ཚོས་རྩ་ཁྲིམས་གཞིར་བཟུང་གི་ཆེས་མཐོའི་ཁྲིམས་ཁང་དང་། ཁྲིམས་ལུགས་བསྐྱར་ཞིབ་ཀྱི་ལམ་ལུགས་འཛུགས་དགོས་ལ། རྒྱལ་ཁབ་ཀྱི་ཁྲིམས་ཀྱི་དབང་སྒྱུར་ལ་ཧ་ཅང་ཉེན་ཁ་ཆེ་བའི་རིམ་པ་ཁག་གི་ཏང་གི་ཆབ་སྲིད་དང་ཁྲིམས་ལུགས་ལས་དོན་གྱི་ཚོགས་ཆུང་མཐའ་དག་རྩ་མེད་བཟོ་དགོས་ཤིང་། སྤྱི་དངོས་སྒེར་སྤྱོད་དུ་མི་འགྲོ་བ་བྱེད་དགོས།
༥། སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཁག་ནི་སྤྱི་ཚོགས་ཀྱི་ཆེད་དུ་སྤྱོད་དགོས། རྒྱལ་ཁབ་ཀྱི་དམག་དཔུང་ནི་གཞུང་ལ་དབང་དགོས་ལ། དམག་མི་རྣམས་ནི་རྒྱལ་ཁབ་དང་རྩ་ཁྲིམས་ལ་བློ་དཀར་དགོས། དམག་དཔུང་ནང་གི་ཆབ་སྲིད་ཚོགས་པའི་སྒྲིག་འཛུགས་ཁག་ཕྱིར་འཐེན་བྱེད་དགོས་ཤིང་། དམག་དོན་ཆེད་ལས་ཀྱི་རིམ་པ་སྔར་ལས་གོང་སྤེལ་བྱེད་དགོས། ཉེན་རྟོག་པ་ཚུད་པའི་སྤྱི་ཚོགས་ཞབས་ཞུའི་ལས་གནས་མཐའ་དག་ནི་སྲིད་དོན་གྱི་ཕྱོགས་ནས་བཏང་སྙོམས་ཡིན་དགོས། ཚོགས་པའི་ཕྱོགས་ཁག་བཟུང་སྟེ་སྤྱི་ཚོགས་ཞབས་ཞུའི་ལས་བྱེད་ལ་ཁྱད་གསོད་བྱེད་མི་ཆོག་པ་དང་། ཚོགས་པའི་འཐེན་འཁྱེར་དོར་ཏེལས་འཚོལ་འདྲ་མཉམ་གྱི་རྩ་འཛིན་ལག་བསྟར་བྱེད་དགོས།
༦། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ནི་ལག་བསྟར་རྩ་འཛིན་བྱེད་དགོས་ལ། འགྲོ་བ་མིའི་ཆེ་མཐོང་ལ་སྲུང་སྐྱོབ་བྱེད་དགོས། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤིག་ཆེད་འཛུགས་ཀྱིས་མང་ཚོགས་ཀྱི་བསམ་བློའི་འཐུས་ཚབ་མཐོ་ཤོས་ཀྱི་འགན་འཁྱེར་དགོས་པ་མ་ཟད། སྲིད་གཞུང་གི་དབང་ཆ་ཐལ་སྤྱོད་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་སྔོན་འགོག་དང་། ལྷག་པར་དུ་མི་སེར་སྒེར་གྱི་རང་དབང་ལ་སྲུང་སྐྱོབ་བྱེད་དགོས། སྐྱེ་བོ་སུ་ལ་ཡང་ཁྲིམས་མཐུན་མིན་པའི་འཛིན་བཟུང་དང་བཀག་ཉར། སྐོང་འགུག འདྲི་རྩད། ཉེས་ཆད་སོགས་གཏོང་མི་ཆོག ངལ་རྩོལ་བསྒྱུར་བཀོལ་གྱི་སློབ་གསོ་ཟེར་བ་མེད་པ་བཟོ་དགོས།
༧། གཞུང་ཞབས་ལས་བྱེད་འོས་འདེམ། མི་གཅིག་ལ་འོས་ཤོག་གཅིག་གི་ཐོབ་ཐང་འདྲ་མཉམ་དུ་ཡོད་པའི་ངོས་འཛིན་ཐོག དམངས་གཙོའི་འོས་བསྡུའི་ལམ་ལུགས་དེ་འཐུས་ཚང་གིས་རྩ་འཛིན་བྱེད་དགོས། རིམ་པ་ཁག་གི་འཛིན་སྐྱོང་གི་འགན་ཡོད་མི་སྣ་དག་ཐད་ཀར་འོས་འདེམས་བརྒྱུད་བསྐོ་དགོས། འོས་ཞུགས་འགྲན་རྩོད་ཀྱི་རང་དབང་ནི་དུས་བཅད་གཞིར་བཟུང་ཡོད་དགོས་ལ། གཞུང་ཞབས་ལས་བྱེད་ཀྱི་འོས་འདེམས་ཁྲོད་མང་ཚོགས་ཀྱི་མཉམ་ཞུགས་ནི་འགྲོ་བ་མིའི་ཐོབ་ཐང་ལ་ཁ་བྲལ་ཐབས་མེད་པ་ཞིག་ཡིན།
༨། གྲོང་ཁྱེར་དང་གྲོང་གསེབ་འདྲ་མཉམ། ད་ཡོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཁྱིམ་ཚང་གི་ཐེམ་ཐོའི་ལམ་ལུགས་དེ་བསྐྱར་བཟོ་བྱེད་དགོས། རྩ་ཁྲིམས་ཀྱིས་མི་སེར་སྤྱི་ལ་འདྲ་མཉམ་གྱི་ཐོབ་ཐང་ཁག་ཐེག་བྱས་པ་ནི་ལག་བསྟར་ལ་གནས་དགོས་ཤིང་། མི་སེར་རྣམས་ཀྱི་འགྲོ་སྡོད་ཀྱི་རང་དབང་ལ་སྲུང་སྐྱོབ་བྱེད་དགོས།
༩། ཚོགས་འཛུགས་རང་དབང་། མི་སེར་རྣམས་ཀྱི་ཚོགས་འཛུགས་ཀྱི་རང་དབང་ལ་སྲུང་སྐྱོབ་བྱེད་དགོས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེབ་སྐྱེལ་བྱེད་པར་ཞིབ་འཇུག་བརྒྱུད་ཆོག་མཆན་སྤྲོད་པའི་ད་ཡོད་ལམ་ལུགས་དེར་བསྒྱུར་བཅོས་བཏང་སྟེ། ཁྲིམས་སྒྲིག་ཞིག་གི་འོག་ནས་ཚོགས་པ་སོ་སོ་དེབ་སྐྱེལ་བྱེད་ཐུབ་པ་ཞིག་བཟོ་དགོས་ཀྱི་འདུག རང་དབང་གི་ཆབ་སྲིད་ཚོགས་པ་འཛུགས་པར་འགོག་སྡོམ་ཡོད་པ་དེ་ཕྱིར་བསྡུ་བྱེད་དགོས། ཆབ་སྲིད་ཚོགས་པ་ཁག་གི་ལས་འགུལ་མཐའ་དག་ནི་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་འོག་ནས་འགྲོ་དགོས། འདིའི་དོན་ནི་ང་ཚོས་ཚོགས་པ་གཅིག་ཁོ་ནར་དབང་སྒྱུར་གྱི་ཁེ་དབང་ཡོད་པའི་ལམ་ལུགས་དེ་རྩ་གཏོར་བྱས་ཏེ། ཆབ་སྲིད་ཚོགས་པ་ཁག་གི་ལས་འགུལ་གྱི་རང་དབང་དང་དྲང་བདེན་གྱི་འགྲན་རྩོད་ལམ་ལུགས་གསར་སྐྲུན་བྱེད་དགོས།
༡༠། འདུ་འཛོམས་རང་དབང་། ཞི་བདེའི་འདུ་འཛོམས་དང་། ངོ་རྒོལ། རྔམ་སྟོན་ཁྲོམ་སྐོར། སྨྲ་བརྗོད་རང་དབང་བཅས་ནི་རྩ་ཁྲིམས་ཀྱིས་ཁག་ཐེག་བྱས་པའི་གཞི་རྩའི་ཐོབ་ཐང་ཁག་ཡིན། སྲིད་གཞུང་དང་དབང་སྒྱུར་ཚོགས་པས་འདི་དག་ལ་ཁྲིམས་མཐུན་མིན་པའི་ཐེ་བྱུས་དང་རྩ་ཁྲིམས་ལ་འགལ་བའི་འགོག་སྡོམ་བྱེད་མི་ཆོག
༡༡། སྨྲ་བརྗོད་རང་དབང་། སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། ཆེད་ལས་རང་དབང་བཅས་ལག་བསྟར་བྱེད་དགོས། མི་སེར་གྱི་གནས་ཚུལ་ཤེས་རྟོགས་ཀྱི་རང་དབང་དང་ཆབ་སྲིད་སྟངས་འཛིན་གྱི་རང་དབང་ལ་སྲུང་སྐྱོབ་བྱེད་དགོས། གསར་འགོད་དང་དཔར་སྐྲུན་ཁྲིམས་ཡིག་གསར་བཟོ་བྱེད་དགོས་ལ། རང་དབང་གི་གསར་ཤོག་དཔར་སྐྲུན་འགོག་སྡོམ་གྱི་ཁྲིམས་ཕྱིར་འཐེན་བྱེད་དགོས། ད་ཡོད་ཉེས་ཁྲིམས་རྩ་འཛིན་གྱི་ནང་ཡོད་པའི་༼རྒྱལ་ཁབ་མགོ་རྟིང་སློག་པའི་ནག་ཉེས་༽ཞེས་པ་དེ་ཕྱིར་འཐེན་བྱེད་པ་དང་། སྨྲ་བརྗོད་ཀྱི་ནག་ཉེས་ཁྲིམས་ཆད་རིགས་མེད་པ་བཟོ་དགོས།
༡༢། ཆོས་དད་རང་དབང་། ཆོས་ལུགས་ཀྱི་རང་དབང་དང་དད་མོས་ཀྱི་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་ལ། ཆོས་སྲིད་གཉིས་ཁ་ཁར་ཕྱེ་དགོས། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་སྲིད་གཞུང་གིས་ཐེ་བྱུས་མེད་པ་བྱེད་དགོས། མི་སེར་གྱི་ཆོས་ལུགས་དད་མོས་ཐད་བཞག་པའི་འཛིན་སྐྱོང་གི་ཁྲིམས་དང་སྒྲིག་གཞི། ས་གནས་ཀྱི་ཁྲིམས་དང་སྒྲིག་སྲོལ་ཁག་མཐའ་དག་ལ་བསྐྱར་ཞིབ་མེད་པར་བཟོ་དགོས། ང་ཚོས་ཆོས་ལུགས་ཀྱི་ཚོགས་སྡེ་ཁག་ལ་གཞུང་གི་ཆོག་མཆན་དགོས་པའི་ད་ཡོད་ལམ་ལུགས་གཏོར་ཏེ། དེའི་ཚབ་དུ་སྒྲིག་གཞིའི་འོག་དེབ་སྐྱེལ་གྱི་གདམ་ཀ་ཡོད་པ་དང་། དེབ་སྐྱེལ་བྱེད་པར་བདམས་པ་ཡིན་ན་རང་བཞིན་གྱིས་དེབ་སྐྱེལ་བྱེད་ཐུབ་པའི་ལམ་ལུགས་ཤིག་བཟོ་དགོས་ཀྱི་འདུག
༡༣། མི་སེར་གྱི་སློབ་གསོ། སློབ་གྲྭའི་ནང་ཆབ་སྲིད་སློབ་གསོ་སྤེལ་བ་དང་གཞུང་གི་ལྟ་གྲུབ་ལ་སློབ་སྦྱོང་དང་ཚོགས་པ་གཅིག་ལ་ཞབས་ཞུ་སྒྲུབ་པར་དམིགས་པའི་ཡིག་རྒྱུགས་ཀྱི་ལམ་སྲོལ་དེ་མེད་པ་བཟོ་དགོས། དེའི་ཚབ་ཏུ་ང་ཚོས་ཡོངས་ཁྱབ་རིན་ཐང་དང་སྤྱི་དམངས་ཀྱི་ཐོབ་ཐང་སྐོར་གྱི་ཤེས་ཡོན་སྤྲོད་པ་དང་། སྤྱི་དམངས་ཀྱི་འདུ་ཤེས་སྐྲུན་པ། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པར་སྤྱི་དམངས་ཀྱི་བཟང་སྤྱོད་གོང་མཐོར་གཏོང་དགོས།
༡༤། རྒྱུ་དངོས་སྲུང་སྐྱོབ། ང་ཚོས་སྒེར་གྱི་རྒྱུ་དངོས་ཐོབ་ཐང་ལ་ཁག་ཐེག་དང་དེར་སྲུང་སྐྱོབ། རང་དབང་དང་དྲང་བདེན་གྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་གོང་སྤེལ་བྱེད་དགོས། གཞུང་གིས་གཉེར་བའི་ཚོང་ལས་དང་བཟོ་ལས་རྣམས་སྒོ་བརྒྱབས་ཏེ། ཁེ་ལས་གསར་པ་མགོ་འཛུགས་པའི་རང་དབང་ལ་ཁག་ཐེག་བྱེད་དགོས། གཞུང་གཉེར་ཁེ་ལས་ལ་འགན་འཁུར་མཁན་གྱི་ཚོགས་ཆུང་ཞིག་བཙུགས་ཏེ། ཚོགས་ཆུང་དེས་གྲོས་ཚོགས་ལ་སྙན་ཐོ་འབུལ་དགོས་པ་དང་། གཞུང་གི་ཁེ་ལས་སྒེར་བདག་ལ་སྒྱུར་སྐབས་དྲང་བདེན་དང་། འགྲན་རྩོད། ལུགས་མཐུན་ཆགས་མིན་ལ་ལྟ་རྟོག་བྱེད་དགོས། ས་ཞིང་བཅོས་སྒྱུར་གྱི་ཁྲིམས་གཞི་བཙུགས་ཏེ་སྒེར་གྱི་ས་ཞིང་བདག་གཉེར་གོང་སྤེལ་དང་། ས་ཞིང་ཉོ་ཚོང་གི་ཐོབ་ཐང་ལ་ཁག་ཐེག་བྱས་ཏེ། སྒེར་གྱི་རྒྱུ་དངོས་ཀྱི་རིན་ཐང་ངོ་མ་དེ་ཁྲོམ་ར་ནས་མཐོང་ཐུབ་པ་བྱེད་དགོས།
༡༥། ཁྲལ་དང་དངུལ་རྩིས་བཅོས་སྒྱུར། ནོར་སྲིད་ལམ་ལུགས་དམངས་གཙོ་ཅན་དུ་སྒྱུར་རྒྱུ་དང་ཁྲལ་འབུལ་མཁན་གྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས། དབུས་དང་མངའ་སྡེ། ས་གནས་བཅས་ཀྱི་གཞུང་གི་རིམ་པ་ངེས་ཅན་ཞིག་ལ་དབང་བའི་དམངས་ཚོགས་ཀྱི་ཡོང་སྒོ་ནི་རིམ་པ་དེ་ནས་སྟངས་འཛིན་བྱེད་པའི་ནོར་སྲིད་ལམ་ལུགས་སྐྲུན་དགོས་ཀྱི་འདུག དཔྱ་ཁྲལ་བཅོས་བསྒྱུར་བྱས་ཏེ་ལུགས་མཐུན་མིན་པའི་དཔྱ་ཁྲལ་རིགས་རྩ་མེད་དང་། ཁྲལ་བསྡུའི་ལམ་ལུགས་སྟབས་བདེ་བཟོ་བ། དཔྱ་ཁྲལ་ལུགས་མཐུན་དུ་སྒྱུར་དགོས། སྤྱི་ཚོགས་ཀྱི་འདོད་མོས་དང་འོས་འདེམ་བརྒྱུད་སླེབས་པའི་ཁྲིམས་བཟོ་ལྷན་ཁང་གི་བཀའ་འཁྲོལ་མེད་པར་གཞུང་གི་ལས་བྱེད་ཀྱིས་དཔྱ་ཁྲལ་སྤར་མི་ཆོག་པ་དང་། ཁྲལ་གསར་བ་བསྡུ་མི་ཆོག གཞི་རྒྱ་ཆེ་བའི་ཁྲོམ་ར་སྣ་ཚོགས་སུ་འགྲན་ཞུགས་ཡོང་ཆེད་སྒེར་བདག་གི་ཐོབ་ཐང་སྐོར་གྱི་ལམ་ལུགས་ལ་བཅོས་བསྒྱུར་བྱེད་དགོས།
༡༦། སྤྱི་ཚོགས་བདེ་འཇགས། མི་སེར་ཚང་མར་ཁྱབ་ཐུབ་པའི་སྤྱི་ཚོགས་བདེ་འཇགས་ཀྱི་ལམ་ལུགས་ཤིག་བཟོས་ཏེ། ཁོང་ཚོའི་སློབ་གསོ་དང་འཕྲོད་བསྟེན། རྒན་པར་བདག་སྐྱོང་དང་ལས་ཀ་བཅས་ལ་གཞི་རྩའི་སྲུང་སྐྱོབ་སྐྲུན་དགོས།
༡༧། ཁོར་ཡུག་སྲུང་སྐྱོབ། སྐྱེས་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་རྒྱུན་གནས་ཐུབ་པའི་འཛུགས་སྐྲུན་གོང་མཐོར་སྤེལ་ཞིང་། མ་འོངས་པའི་མི་རབས་དང་མིའི་རིགས་ལ་འགན་ལེན་བྱེད་དགོས། རྒྱལ་ཁབ་དང་གཞུང་རིམ་པའི་ལས་བྱེད་རྣམས་ལ་འདིའི་ཐད་ཀྱི་འབྲེལ་ཡོད་ཀྱི་འོས་འགན་ཁག་བགོ་དང་། སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཁག་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཐད་ལྟ་རྟོག་དང་མཉམ་ཞུགས་བྱེད་པའི་ནུས་པ་འདོན་དུ་འཇུག་དགོས།
༡༨། རྒྱལ་ཕྲན་མཉམ་འབྲེལ། འདྲ་མཉམ་དང་དྲང་བདེན་གྱི་ལྟ་ཚུལ་ཐོག་ནས་ཨེ་ཤ་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་ཡར་རྒྱས་དང་ཞི་བདེའི་ཐད་འགན་མཉམ་ལེན་བྱེད་དགོས་པ་དང་། ཧོང་ཀོང་དང་ཨོ་མིན་གྱི་ད་ཡོད་རང་དབང་གི་ལམ་ལུགས་ལ་སྲུང་སྐྱོབ་བྱེད་དགོས། དམངས་གཙོ་དང་རང་དབང་གི་སྔོན་འགྲོའི་ཆ་རྐྱེན་འོག་ནས་ཐའེ་ཝན་མཚོ་འགག་གི་གནད་དོན་ཐག་གཅོད་ཡོང་ཐབས་སུ། ཕན་ཚུན་འདྲ་མཉམ་གྱི་སྟེང་ནས་ཞི་མོལ་དང་མཉམ་ལས་བྱེད་དགོས། ང་ཚོས་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་དཀའ་རྙོག་ལ་བསམ་བློ་གུ་ཡངས་པའི་སྒོ་ནས་བལྟ་བ་དང་། མི་རིགས་དང་ཆོས་ལུགས་ཀྱི་སྤྱི་ཚོགས་ཁག་འདྲ་མཉམ་གྱིས་ཡར་རྒྱས་ཡོང་བར་ཕན་ཐོགས་ཡོད་པའི་སྒྲོམ་གཞི་ཞིག་འཚོལ་དགོས་པ་རེད། ང་ཚོས་དམངས་གཙོ་དང་སྲིད་ཁྲིམས་ཀྱི་གྲུབ་ཆའི་འོག་ནས་རྒྱ་ནག་གི་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་འཛུགས་པར་དམིགས་དགོས།
༡༩། དྲང་བདེན་གྱི་འདུམ་འགྲིག འདས་པའི་ཆབ་སྲིད་ཀྱི་ལས་འགུལ་སྐབས་རང་གི་སྨྲ་བརྗོད་དང་བསམ་ཚུལ། ཡིད་ཆེས་བཅས་ཀྱི་དབང་གིས་ནག་ཉེས་ཕོག་མཁན་གྱི་མི་དང་ཁོང་ཚོའི་ཁྱིམ་མི་བཅས་ཀྱི་སྙན་གྲགས་གསོ་དགོས་པ་མ་ཟད། གཞུང་གིས་ཁོང་ཚོར་གུན་གསབ་སྤྲོད་དགོས། ཆབ་སྲིད་བཙོན་པ་དང་ལྟ་བའི་དབང་གིས་བཙོན་དུ་ཚུད་པ་ཡོངས་རྫོགས་གློད་དགོས་ལ། བདེན་དོན་རྟོག་ཞིབ་ཀྱི་ཚོགས་ཆུང་ཞིག་བཙུགས་ཏེ་ལོ་རྒྱུས་ཀྱི་དོན་དངོས་བསྐྱར་གསོ་བྱེད་པ་དང་། ཁག་འཁུར་འཚོལ་བ། དྲང་བདེན་མངོན་འགྱུར་ཡོང་བར་བྱེད་དགོས་ལ། རྨང་གཞི་འདིའི་སྟེང་དུ་སྤྱི་ཚོགས་འདུམ་འགྲིག་གི་རྩ་བ་ཚུགས་པར་བྱེད་དགོས།
བཞི། མཇུག་སྡོམ།
རྒྱ་ནག་ནི་འཛམ་གླིང་གི་རླབས་ཆེ་བའི་རྒྱལ་ཁབ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ ༥ གྲས་ཀྱི་གཅིག་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འཐུས་མི་བཅས་ཡིན་སྟབས། འགྲོ་བ་མིའི་རིགས་ཀྱི་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་ལ་ལེགས་སྐྱེས་འབུལ་དགོས། ཡིན་ཡང་། མི་དམངས་ཀྱི་བློ་འགྱོད་ཆེ་ཤོས་ཤིག་ལ། འཛམ་གླིང་གི་རླབས་ཆེ་བའི་རྒྱལ་ཁབ་དག་གི་ཁྲོད། རྒྱ་ནག་གཅིག་པུས་མུ་མཐུད་ནས་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པར་བརྟེན། སྤྱི་ཚོགས་ཀྱི་དཀའ་རྙོག་དང་འགྲོ་བ་མིའི་ཐོབ་ཐང་གི་གོད་ཆག་རྒྱུན་མ་ཆད་པར་སླེབས་ཡོད་ལ། རྒྱ་ནག་མི་དམངས་ཀྱི་ཡར་རྒྱས་ལ་བཀག་འགོག་བྱས་པ་ཙམ་མིན་པར། འགྲོ་བ་མིའི་དཔལ་ཡོན་གྱི་འཕེལ་རྒྱས་ལ་ཚད་འཛིན་བྱས་ཡོད། འདི་ངེས་པར་དུ་བསྒྱུར་དགོས་ལ། ཆབ་སྲིད་དམངས་གཙོ་ཅན་དུ་བཅོས་བསྒྱུར་བྱེད་པར་མུ་མཐུད་ནས་ངང་སྒུག་བྱེད་ཐབས་མེད།
འདི་ལ་བརྟེན། ང་ཚོས་རྩ་ཁྲིམས་ཨང་ ༠༨ པ་ཁྱབ་བསྒྲགས་བྱས་ཏེ། མི་དམངས་ཀྱི་བསམ་ཚུལ་ལག་ལེན་ལ་འདེབས་པའི་ཆེད་དུ་བློ་སྟོབས་སྐྱེད་པ་ཡིན། ང་ཚོའི་རེ་བ་ལ་དཀའ་རྙོག་དང་འགན་ཁུར། ལས་དོན་འདི་དག་ཚོར་མཁན་རྒྱ་ནག་གི་མི་སེར་ཐམས་ཆད་ཀྱིས་གཞུང་དང་སྒེར་གྱི་དབྱེ་མཚམས་མེད་པར། སྤྱི་ཚོགས་ཀྱི་གནས་བབ་ལ་ཁྱད་པར་མེད་པར། ང་ཚོའི་མི་མཐུན་པའི་ཕྱོགས་རྗེས་ལ་འཐེན་ཏེ་ཐུན་མོང་གི་ས་ཁོད་ཅིག་འཚོལ་དགོས་ལ། མི་སེར་གྱི་ལས་འགུལ་འདིའི་ནང་ནུས་པ་ཡོད་པའི་ཐོག་ནས་མཉམ་ཞུགས་བྱས་ཏེ། རྒྱ་ནག་སྤྱི་ཚོགས་ཀྱི་འགྱུར་རིམ་ཆེན་པོ་འདི་མཉམ་རུབ་ཀྱིས་གོང་སྤེལ་བྱེད་དགོས། དེ་ལྟར་ང་ཚོས་མི་འགྱངས་པར་རང་དབང་དང་དམངས་གཙོ། སྲིད་ཁྲིམས་རང་བཞིན་གྱི་རྒྱལ་ཁབ་ཅིག་འཛུགས་ཐུབ་ལ། ལོ་ངོ་བརྒྱ་ཕྲག་གི་རིང་ང་ཚོའི་མི་དམངས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་འཚོལ་སྙེག་བྱས་པའི་རྨི་ལམ་དེ་མངོན་འགྱུར་བྱེད་ཐུབ།
སྒྱུར་མཁན་གྱི་མཆན།
གོང་གསལ་ཡིག་ཆ་འདི་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་བའི་འགྱུར་ རྩ་ཁྲིམས་ ༠༨ ། དང་། ཁ་ལེ་ཧྥོར་ནེ་ཡའི་གཙུག་ལག་སློབ་གྲྭའི་རྒྱ་ནག་གི་དེང་རབས་ཆབ་སྲིད་རྩོམ་རིག་གི་སློབ་དཔོན་ པེ་རེ་ལིན་ཁུ་ ལགས་ཀྱིས་དབྱིན་སྒྱུར་བྱས་པ་ རྩ་ཁྲིམས་ ༠༨ ། གཉིས་གཞིར་བཟུང་ནས་བསྒྱུར་བ་ཡིན། དབྱིན་ཡིག་གི་འགྱུར་འདི་གཉིས་ཀར་སོ་སོའི་བསྒྱུར་ཐབས་དང་ཁྱད་ཆོས་མི་འདྲ་བ་འདུག་སྟབས། རབ་ཡིན་ན་ཀློག་མཁན་རྣམས་ཀྱིས་རྒྱ་ཡིག་གི་མ་རྩོམ་ལ་གཤིབ་བསྡུར་གྱིས་ཀློག་ཐུབ་ན་དགེ་ཕན་ཆེ་བར་འདོད་ཡོད། དེ་བཞིན་གོང་གི་འགྱུར་འདི་ལའང་མ་དག་པ་དང་མ་གསལ་བའི་རིགས་ཡོད་ཚེ་མཆན་ནང་གི་དྲ་ཐག་སྟེང་སྣུན་ཏེ་དཔྱད་ཞིབ་གནང་རོགས་ཞུ།
Thank u Lungrik Gyal la.
ཐོག་མར་ཚང་མར་དགོངས་འགལ་མེད་པ་ཞིག་ལ། ཡིག་ཆ་འདི་བསྒྱུར་རྗེས་བསྐྱར་དུ་ཞིབ་ཚགས་ཤིག་བསྡུར་རྒྱུ་བྱུང་མ་སོང་། དེའི་ཁར་རྩ་ཁྲིམས་ ༠༨ ཞེས་པའི་མིང་འདོགས་སྟངས་ཐད། སོ་སོར་བློ་དོགས་བྱུང་བ་ལྟར་གྲོགས་པོ་ཚོས་ཀྱང་བསམ་ཚུལ་བཏོན་སོང་། དཔེར་ན། རྩ་འཛིན་ ༠༨ དང་བཅའ་ཡིག་ ༠༨། ཡིག་ཆ་ ༠༨ སོགས་བྱུང་། འོན་ཀྱང་མཐའ་མ་དེར་ང་རང་གི་སེམས་ལ་ཐོག་མར་གང་འཁོར་བ་དང་། ཡིག་ཆ་འདིའི་མཐའ་མའི་དམིགས་ཡུལ་གང་ཡིན་པར་འདོད་པའི་བསམ་ཚུལ་ལ་གཞི་བཅོལ་ཏེ། རྩ་ཁྲིམས་ ༠༨ ཞེས་བཏགས་ཡོད།
ཡིག་ཆ་འདི་དང་འབྲེལ་བའི་གནད་དོན་རིགས་ཛ་དྲག་ཇེ་ཆེ་རེད་སྙམ། ངས་ཡིག་ཆ་འདི་བསྒྱུར་ཚར་སྐབས་ཡུ་རོབ་མཐུན་ཚོགས་ཀྱིས་ཡིག་ཆ་འདི་ལ་མཚན་རྟགས་འགོད་མཁན་གྱི་མི་རྣམས་འཛིན་བཟུང་བྱེད་བཞིན་པའི་གནས་སྟངས་ཐད་བློ་འཚབ་ཡོད་སྐོར་ཧྥ་རན་སིའི་སྲིད་འཛིན་གྱིས་བཤད་འདུག དེ་བཞིན་ངས་ལན་འདི་འབྲི་སྐབས་སུ་ཡིག་ཆ་འདིའི་མ་དཔེ་ལྟ་བུ་ རྩ་ཁྲིམས་ ༧༧ ལ་མཚན་རྟགས་འགོད་མཁན་ཏེ། ཉིན་ཤས་སྔོན་༧གོང་ས་མཆོག་གི་མགྲོན་གཉེར་གནང་མཁན་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ Vaclav Havel མཆོག་གིས་ཐུགས་འཚབ་དང་བཅས། རྒྱ་ནག་ནང་ག་ཁྲིམས་ཀྱི་དབང་སྒྱུར་དང་། འགྲོ་བ་མིའི་ཐོབ་ཐང་གི་ཐད་འབོད་སྐུལ་ཞུས་འདུག རྒྱ་ནག་གིས་ལོ་ཤས་རིང་ནས་བོད་ལི་ཐང་ས་ཁུལ་དང་དེ་བཞིན་མདོ་དབུས་ཁམས་གསུམ་ནས་བོད་པ་ཚོ་འཛིན་བཟུང་བྱས་པ་ལྟར། ད་ཆར་རྒྱ་ནག་གི་དམངས་གཙོའི་མེ་རླབས་གསར་པ་ཞིག་འཕྱུར་སྐབས་འདིའི་མགོ་ཁྲིད་རྣམས་རེ་རེ་བཞིན་འཛིན་གྱི་ཡོད་པ་རེད། གནས་སྟངས་འདི་དག་ནི་བོད་མི་ཚོས་མ་ཤེས་ཐབས་མེད་དུ་གྱུར་འདུག་སྟབས་ཡིག་སྒྱུར་གྱི་ངལ་བ་དང་དུ་བླངས་པ་ཡིན།
ཐུགས་རྗེ་ཆེ་ཞུ།