ཉེ་ཆར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རིག་གཅིག་རྐང་འཛིན་དང་བཙན་བྱོལ་བོད་མིའི་ཤེས་ཡོན་སྐོར་ལ་ཛ་དྲག་གི་ཚོགས་འདུ་བསྐོང་བའི་ཐོག དྲུང་འཕར་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་འབྱུང་འགྱུར་བཙན་བྱོལ་བོད་མའི་ཤེས་ཡོན་སྐོར་ལ་བསྒྲགས་བཏམ་སྤེལ་བའི་ནང་དོན་གནད་བསྡུས། ཤེས་ཡོན་སྲིད་བྱུས་སྐོར་ལ་ང་རང་གིས་སྔོན་མ་ནས་ཁ་ཕྱོགས་བཞི་དང་ལྷུ་ལག་བཞི། རྩ་དོན་གཅིག་ཟེར་བ་ཞིག་བཤད་པ་ཡིན། རྒྱལ་ཁབ་དང་མི་རིགས་ཤིག་གི་ཤེས་ཡོན་སྲིད་བྱུས་ནང་དེ་དག་ཚང་དགོས་པ་རེད། གཞི་རིམ་ཤེས་ཡོན་སྲིད་བྱུས་ཁོ་ནས་བོད་བཙན་བྱོལ་གཞུང་གི་ཤེས་ཡོན་སྲིད་བྱུས་ཀྱི་ཚབ་བྱེད་མི་ཐུབ། ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་པར་ངེས་པར་དུ་ཁ་ཕྱོགས་བཞི་དང་ལྷུ་ལག་བཞི། རྩ་དོན་གཅིག་བཅས་ཚང་དགོས་པ་རེད། ཁ་ཕྱོགས་བཞི་ལས་དང་པོ་བཙན་བྱོལ་སྤྱི་ཚོགས་ལ་ཁ་ཕྱོགས་པ། གཉིས་པ་བོད་ནང་ལ་ཁ་ཕྱོགས་པ། གསུམ་པ་གདན་ས་ཁག་གི་བཤད་གྲྭར་ཁ་ཕྱོགས་པ། བཞི་བ་ཧི་མ་ལ་ཡའི་རི་རྒྱུད་ལ་ཁ་ཕྱོགས་པ་བཅས་རེད། ལྷུ་ལག་བཞི་ནི། གཞི་རིམ་ཤེས་ཡོན་སྲིད་བྱུས། མཐོ་རིམ་ཤེས་ཡོན་སྲིད་བྱུས། ཆེད་ལས་ཤེས་ཡོན་སྲིད་བྱུས། སློབ་གྲྭ་སྤྱིའི་ཤེས་ཡོན་སྲིད་བྱུས་བཅས་རེད། རྩ་དོན་གཅིག་ནི། ཤེས་ཡོན་སྲིད་བྱུས་གསར་བའི་ནང་སྲོལ་རྒྱུན་རྐྱང་རྐྱང་ལས། དེང་རབས་ལ་དམའ་འབེབས་ཤུགས་ཆེན་བྱས་ཡོད། དེ་ནི་༧གོང་ས་མཆོག་གིས་དྲུག་ཅུ་རེ་གྲངས་ནས་གསུངས་པའི་སྲོལ་རྒྱུན་ཤེས་ཡོན་གྱི་རྨང་གཞིའི་སྟེང༌། དེང་དུས་ཀྱི་ཤེས་ཡོན་ལ་ཧུར་བརྩོན་བྱས་ཏེ། འདབ་ཆགས་གཤོག་པ་ཟུང་ལྡན་ཡོང་དགོས་གསུངས་པའི་ནང་དོན་དེར་ཅུང་མི་མཐུན་སྟབས། ང་ཚོས་སྲོལ་རྒྱུན་ཤེས་ཡོན་ཐོག་ལ། དེང་གི་རིག་གསར་སྦྱངས་ཏེ་འདབ་ཆགས་གཤོག་པ་ཟུང་ལྡན་ལ་བརྩོན་རྒྱུ་ཡིན་ནམ། རིག་གསར་ལ་དགག་པ་བརྒྱབས་ཏེ་སྲོལ་རྒྱུན་ཁོ་ན་མཁྲེགས་འཛིན་བྱ་རྒྱུ་ཡིན། དེ་རྩ་དོན་ཡིན་ལ་དྲི་བའང་ཡིན། ཞེས་གསུངས་བྱུང༌།
ཁོང་གིས་མུ་མཐུད་དུ་སློབ་གྲྭའི་དགེ་རྒན་དང་སློབ་ཕྲུག་གི་ཕ་མ་ཚོའི་སྐོར་གསུངས་དོན། དགེ་རྒན་མང་པོ་ཞིག་གིས་བྱིས་པའི་ཕ་མ་འགྲིག་གིན་མི་འདུག སྤྱི་ཚོགས་ཀྱིས་འགྲིག་གིན་མི་འདུག ཅེས་རང་སྐྱོན་གཞན་མགོར་གཡོག་གིན་འདུག དེ་འགན་མ་འཁུར་བའི་སྐད་ཆ་རེད། བྱིས་པ་ཚོས་ཉི་མ་སུམ་བརྒྱ་དྲུག་ཅུ་ཕལ་ཆེ་བ་གཏན་འཇགས་སློབ་གྲྭ་ཁག་ནང་སྐྱེལ་བཞིན་ཡོད། ངྷ་སྟེང་བོད་ཁྱིམ་དང་གྷོ་པ་པུར། དཔེ་སྟོན་སློབ་གྲྭ་བཅས་ཀྱི་ཕ་མའི་ཚོགས་འདུའི་སྟེང། བྱིས་པའི་ཕ་མ་ཚོར་ཡང་བྱིས་པ་ལྟར་སློབ་གསོ་རྒྱག་གིན་འདུག བསམ་ཚུལ་བསྡུ་བཞིན་འདུག་ཀྱང༌། ལག་ལེན་བསྟར་གྱིན་ཡོད་པའི་རྣམ་པ་མི་འདུག སྤྱིར་སློབ་མ་ཞིག་ལ་མཚོན་ན་དགེ་རྒན་དང་འཛིན་སྐྱོང༌། ཕ་མ་གསུམ་དེ་གལ་ཆེ་ཤོས་ཆགས་ཡོད་པ་བདེན་པ་རེད། གལ་སྲིད་ཕ་མའི་ནུས་པ་བྱིས་པའི་སྟེང་ལ་འཐོན་དགོས་ན། དཔེ་སྟོན་སློབ་གྲྭ་ནས་མགོ་བཙུགས་ཏེ་ཕ་མའི་ཚོགས་ཆུང་ཟུར་དུ་བཙུགས་ཏེ། ཤེས་རིག་འོག་གི་སློབ་གྲྭ་ཁག་ཚང་མར་ལག་ལེན་བསྟར་དགོས། ཕ་མའི་ཚོགས་ཆུང་དེའི་ནང་ཤེས་རིག་གི་སྐུ་ཚབ་དང༌། སྤྱི་ཚོགས་སྟེང་གི་ཤེས་ལྡན་མི་སྣ་བཅས་ཚུད་དགོས། དེ་ལ་དབང་ཚད་དང་ལས་འགན་གང་འཚམ་ཡོད་པ། དཔེར་ན། ཕ་མའི་ཚོགས་ཆུང་གི་བཀའ་འཁྲོལ་མེད་པར་སློབ་སྤྱི་དང་དགེ་ལས་སུ་ཞིག་གིས་ཀྱང༌། གནད་དོན་ཆེ་ཁག་བསྒྲུབ་མི་ཆོག་པ་ཞིག་བྱུང་ན། ད་གཟོད་ཕ་མའི་ནུས་པ་བྱིས་པའི་སྟེང་སླེབས་གི་རེད། ཅེས་གསུངས་སོང༌།
ཕྱི་ཚེས་ ༡༤ ཉིན་འདི་གའི་གསར་འགོད་པ་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཀརྨ་སྨོན་ལམ་ལགས་ཀྱི་གམ་དུ་བཅར་ཏེ། ཉེ་ཆར་གྱི་ཤེས་ཡོན་ཚོགས་འདུའི་ཐོག་དགོངས་ཚུལ་གང་གསུངས་བཅར་འདྲི་ཞུས་པར་ཁོང་གིས། ངས་གནད་དོན་གཉིས་ཀྱི་སྟེང་ལ་བཤད་ཡོད། དང་པོ། སྒྲིག་འཛུགས་ཀྱི་སྐོར་ཡིན། ཤེས་རིག་ལས་ཁུངས་དེ་བློན་ཆེན་ལས་ཁུངས་རེད། བོད་ཁྱིམ་དང་མཱ་སི་རི་བོད་ཁྱིམ། སམ་བྷོ་ཊ་སོགས་སློབ་གྲྭ་ཚང་མར་ལམ་སྟོན་དང་སྲིད་བྱུས་གཏན་འབེབས་སོགས་དབུས་ཤེས་རིག་བློན་ཆེན་ལས་ཁུངས་ནས་བྱ་དགོས། ཤེས་རིག་ལས་ཁུངས་དེ་ཉི་གདུགས་ལྟར་ཡིན་དགོས། སློབ་གྲྭ་ཁག་ཚང་མ་ཉི་གདུགས་དེའི་འོག་གཅིག་གྱུར་ཡིན་དགོས། ད་ལྟའི་ཆར་ཤེས་རིག་ལས་ཁུངས་ཀྱི་ཕྱག་ལས་གནང་སྟངས་མི་འགྲིག་ས་ཁ་ཤས་འདུག དེར་རྐྱེན་བྱས་ཏེ་ཤེས་རིག་ལས་ཁུངས་དང་བོད་ཁྱིམ་གཉིས་ལ་མཐོ་དམན་མེད་པའི་བཟོ་འདྲ་བོ་ཡོང་གིན་འདུག དེར་བརྟེན། བོད་ཁྱིམ་དང་སམ་བྷོ་ཊ་སོགས་ཀྱི་འདུ་ཤེས་འཛིན་སྟངས་ཐོག་ཁ་གསལ་མེད་པར་དཀའ་ངལ་ཅུང་རེ་འཕྲད་ཀྱིན་འདུག ཅེས་ཞུས་ཡོད་ཟེར།
ཡང་ཁོང་གིས་རིགས་གཅིག་རྐང་འཛིན་སྐོར་གསུངས་དོན། རིགས་གཅིག་རྐང་འཛིན་ཟེར་བ་དེ་༧གོང་ས་མཆོག་གིས་ལོ་མང་སྔོན་ནས་གསུངས་ཡོད་ལ། ལྷག་པར་དུ་ཉེ་ཆར་ཤུགས་ཆེན་པོས་གསུངས་ཡོད། ང་རང་གི་བསམ་པར་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་སྦྱོང་བརྩོན་བྱས་ན་ཡག་པོ་རེད། འོན་ཀྱང༌། འཛམ་གླིང་གི་རྒྱལ་ཁབ་ཁག་ཚན་རིག་དང་འཕྲུལ་རིག་ཐོག་ཡར་རྒྱས་ཤུགས་ཆེན་སོང་འདུག ང་ཚོར་ཡང་དེ་དག་ཆ་ཚང་དགོས་ཀྱིན་འདུག་ཟེར་ན་དག་དག་བསྡད་ཨེ་ཡོད་དྲན་གྱིན་ཡོད། ང་རང་གི་བསམ་པར་དུས་རབས་ཉེར་གཅིག་པ་འདིའི་ནང༌། བོད་ཀྱི་རིག་གཞུང་དང་ནང་ཆོས་ཀྱི་ཤེས་ཡོན་ཡག་པོ་ཡོད་མཁན་ཚོས། འཛམ་གླིང་ལ་ལམ་སྟོན་དང་སྣེ་ཁྲིད་བྱ་ཆོག་པ་རེད་སྙམ། དེའི་རྒྱུ་ཆ་ང་ཚོར་ཡོད། བརྒྱ་ཆ་ ༧༥ ཙམ་བོད་རང་གི་རིག་གཞུང་དང་ནང་ཆོས། རྒྱལ་རབས་ཆོས་འབྱུང་སོགས་བོད་རིག་པའི་ནང་ཚན་བྱེ་བྲག་པའི་སྟེང་ལ་རིགས་གཅིག་རྐང་འཛིན་བྱ་དགོས། གཞོན་སྐྱེས་ཚོར་བོད་ཀྱི་གནད་དོན་དང་བོད་ཀྱི་རིག་གཞུང་འདི་དང་འདིའི་ཐོག་ལ་དོ་སྣང་དང་ཉམས་ཞིབ་བྱ་དགོས། ཞེས་ལམ་སྟོན་དགོས་པ་རེད། གནད་དོན་དེའི་ཐད་ང་རང་གིས་ལོ་ཁ་ཤས་སྔོན་ནས་བསམ་བློ་བཏང་བ་ལྟར་ན། སྨན་དང་རྩིས། མཛོད་དང་དབུ་མ། ལྷག་པར་དུ་མཛོད་ཀྱི་ནང་དུ་འཇིག་རྟེན་ཆགས་ཚུལ་སོགས་བཤད་ཡོད། དེ་དང་དེང་གི་ཚན་རིག་པའི་བཤད་སྟངས་གཉིས་ལ་འབྲེལ་བ་དང་འགལ་བ་གང་འདུག དེ་དག་གི་ནང་གསེས་བྱེ་བྲག་པ་ངོས་འཛིན་བྱས་ཏེ་རིགས་གཅིག་རྐང་འཛིན་བྱ་ཆོག ད་དུང༌། ང་ཚོའི་བོད་དུ་ལུང་ཚན་རེ་རེར་སྐད་རིགས་ཐ་དད་པ་རེ་ཡོད། ལུང་པ་ཕན་ཚུན་གྱིས་མི་གོ་བའི་ལོག་སྐད་ཡོད། དེ་དག་རེར་འགྲོ་སྟངས་དང་གོ་དོན་རེ་ཡོད་ལ། རྒྱབ་ལྗོངས་སུ་གནས་ལུགས་རྒྱུ་མཚན་མང་པོ་ཞིག་ཡོད། དེ་དག་ཡིག་ཐོག་ཏུ་མ་བཀོད་པའི་བོད་སྐད་རེད། དེ་ཚོ་ཡིག་ཐོག་ལ་འགོད་དགོས། ཡིག་ཐོག་ལ་འགོད་སྐབས་ཡི་གེ་དག་ཆ་ཇི་ལྟར་གཏན་འབེབས་བྱ་རྒྱུ་ཡིན། དེ་ཚོར་ཡང་ཁྱད་ལས་བ་དང་རིགས་གཅིག་རྐང་འཛིན་པ་འཐོན་ཆོག དེ་ལྟར་རིག་གནས་བྱེ་བྲག་པའི་སྟེང་ལ་རིགས་གཅིག་རྐང་འཛིན་ཞིབ་ཚགས་དང་སྤུས་གཙང་བྱུང་ན། དེང་སྐབས་ནང་ཆོས་དང་བོད་རིག་པའི་སྟེང་ལ་དོ་སྣང་དང་ཉམས་ཞིབ་བྱ་མཁན་ཁེངས་བསྡད་ཡོད། བོད་མི་ས་ཡ་དྲུག་གིས་དགེ་རྒན་བྱས་ཀྱང་མ་འདང་བའི་གནས་སྟངས་ཆགས་ཡོད། ཅེས་གསུངས་བྱུང༌།
བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་བུ་མོ་ཚེ་རིང་ལགས་སུ་ཉེ་ཆར་ཤེས་རིག་གིས་བསྡུ་སྐོང་བྱས་པའི་ཛ་དྲག་གི་ལྷན་ཚོགས་དང་འབྲེལ་བའི་སྐོར་བཅར་དྲི་ཞུས་པར་ཁོ་མོས། ཤེས་རིག་ཡིན་ན་འདྲ་ལ། བོད་ཁྱིམ་གཉིས་ཡིན་ནའང་འདྲ། སློབ་མར་སློབ་ཡོན་གནང་སྟེ་ཕྱི་རྒྱལ་དུ་གཏོང་གིན་ཡོད་ཀྱང༌། བདག་སྐྱོང་སྟངས་འཛིན་རྒྱུན་འཁྱོངས་བྱེད་ཀྱིན་མི་འདུག ངས་ཤེས་གསལ་ལྟར་ན། ཕྱི་རྒྱལ་ཁག་ཏུ་བོད་རིགས་ཤེས་ཚད་ཅན་དང་ཕྱག་ལས་གལ་ཆེན་གནང་མཁན་གང་འཚམ་འདུག སྔོན་མ་ཨ་རིར་རྒྱལ་སྤྱིའི་ཤེས་ཡོན་ལྷན་ཚོགས་ཤིག་ལ་ང་རང་བཅར་བ་ཡིན། སྐབས་དེར་ཤེས་རིག་ལས་ཁུངས་ཀྱི་བཀྲ་ཤིས་ནོར་བུ་ལགས་ཀྱང་ཕེབས་འདུག བྷི་རི་ཡ་མཐོ་སློབ་ནང་གི་བོད་པའི་སློབ་མ་ཁག་ཅིག་ལ་ཐུག་རྒྱུ་བྱུང༌། སྐབས་དེར་ཁོང་ཚོས་ཐད་ཀར་བཀྲ་ཤིས་ནོར་བུ་ལགས་སུ། ཤེས་རིག་གིས་ང་ཚོར་ལམ་སྟོན་དང་བདག་སྐྱོང་གང་ཡང་མི་འདུག ཤེས་རིག་གིས་ང་ཚོར་འབྲེལ་བ་བྱ་རོགས། ཞེས་རེ་འདུན་བཏོན་སོང༌། སྤྱི་ཚོགས་ནང་གི་སློབ་སྦྱོང་རྩེ་འཕུལ་དག་ལ་༧གོང་ས་མཆོག་གི་སྐུ་དྲིན་འོག གོ་སྐབས་རག་ཡོད་ཀྱང༌། ཤེས་རིག་ལས་ཁུངས་ཀྱིས་སྐུལ་ལྕགས་དང་མཇུག་སྐྱོང་མ་བྱས་པར་ཆུད་ཟོས་སུ་བཏང་བ་ཕངས་པོ་ཞེ་དྲག་རེད་ཟེར།
ཁོ་མོས་མུ་མཐུད་དུ་ཤེས་ཡོན་སྲིད་བྱུས་གསར་བའི་སྐོར་གསུངས་དོན། ཤེས་རིག་ལྷན་ཁང་གིས་བློན་ཆེན་ལས་ཁུངས་ཀྱི་སྤོབས་པ་འཁྱེར་བར་བློན་ཆེན་ལས་ཁུངས་ཀྱི་ནུས་འཇོན་དགོས་པ་རེད། ཤེས་ཡོན་སྲིད་བྱུས་ཁ་ནས་བཤད་མཁན་མང་ཡང༌། སོ་སོས་ལག་བསྟར་བྱེད་མཁན་དཀོན། ང་རང་གིས་ཤེས་རིག་ནང་ལས་ཀ་བྱས་མྱོང་ལ། ཤེས་ཡོན་སྲིད་བྱུས་གསར་བའི་ཚོགས་ཆུང་ནང་དུའང་ཡོད། མང་པོ་ཞིག་གིས་གཙོ་བོ་དགེ་རྒན་ལ་རག་ལས་ཡོད་ཟེར། དགེ་རྒན་གསོ་སྐྱོང་བྱེད་ཕྱོགས་ཤེས་ཡོན་སྲིད་བྱུས་ནང་གསལ་ཡོད། དེ་ལ་གོམ་པ་རྒྱག་མི་ཐུབ་དོན་ཅི་ཡིན། དགེ་རྒན་མང་པོ་ཞིག་གིས། སྔོན་མ་ནས་འཛིན་གྲྭ་བཅུ་བའི་གྲུབ་འབྲས་སྐྱོ་བོ་ཡིན་སྟབས། འཛིན་གྲྭ་ལྔ་བའི་བར་སློབ་ཚན་ཡོངས་བོད་ཡིག་ནང་བསླབ་ན་སྔར་ལས་སྐྱོ་རུ་འགྲོ་གི་རེད་སྙམ་པའི་སེམས་འཚབ་འདུག ང་རང་གིས་ཉམས་ཞིབ་བྱས་དོན་ལྟར་ན། འཛིན་གྲྭ་ལྔ་བའི་བར་བོད་ཡིག་རྐྱང་པ་བསླབས་པ་དག་འཛིན་གྲྭ་བཅུ་བའི་སྐབས་ཡིག་རྩལ་སྐྱོ་བོ་མིན་པ་མ་ཟད། གཞན་ལས་ཅུང་བཟང་བའི་སྣང་ཚུལ་འདུག དགེ་རྒན་ཚོས་ཁ་ནས་བོད་ཡིག་སློབ་དགོས་ཚུལ་བཤད་ཀྱིན་འདུག་ཀྱང༌། སོ་སོའི་བུ་ཕྲུག་དབྱིན་ཡིག་སློབ་གྲྭར་འཇོག་གིན་ཡོད། དགེ་རྒན་ཤེས་ཡོན་སྲིད་བྱུས་ལ་ཡིད་ཆེས་མེད་མཁན་ཞིག་གིས་སློབ་མར་གདེང་ཚོད་དང་ཡིད་ཆེས་ཇི་ལྟར་བསྐྲུན། འཛིན་སྐྱོང་གིས་སྔོན་ལ་དགེ་རྒན་ཚོར་ཟབ་སྦྱོང་སྤྲད་དེ་སྤོབས་པ་དང་གདེང་ཚོད་བསྐྲུན་དགོས། མང་པོ་ཞིག་གིས་སློབ་ཚན་བོད་ཡིག་ནང་སྒྱུར་དོན། ང་ཚོ་བོད་པ་རེད། བོད་ཡིག་ཉམ་ཆག་ལ་འགྲོ་བཞིན་ཡོད་སྟབས་སྲུང་སྐྱོབ་ཀྱི་འགན་འཁྲི་ཡོད་ཟེར། དེ་གཅིག་པུ་མ་རེད། ལོ་མང་པོའི་གོང་ནས་རྒྱལ་སྤྱིའི་ཉམས་ཞིབ་ཁུངས་བསྐྱལ་བྱུང་སྟེ། སྔོན་འགྲོའི་སློབ་གྲྭའི་ནང་མི་རིགས་སོ་སོའི་མ་སྐད་ནང་སློབ་སྦྱོང་སྤྲད་ན་ཡར་རྒྱས་ཆེ་ཞིང༌། མ་སྐད་ལ་ཤེས་ཚད་གཏིང་ཟབ་ཡོད་ན། སྐད་ཡིག་གཞན་སྦྱང་བདེ་ཞིང་དོན་གོ་བསླ་བའི་དགེ་མཚན་ཡོད་པ་ངེས་ཤེས་བྱུང་ཡོད་ལ། སྤྱི་ལ་ ༡༩༥༡ ལོར་ཡོངས་ཁྱབ་ཀྱིས་རྒྱལ་སྤྱིའི་ཁྲིམས་ཐོག་ནས་གཏན་འབེབས་བཟོས་ཡོད། ཅེས་གསུངས་བྱུང༌།
ཚེས་ ༡༨ ཉིན་གསར་འགོད་པ་ངྷ་སྟེང་བོད་ཁྱིམ་དུ་སྐྱོད་དེ་བོད་ཁྱིམ་ཤེས་ཡོན་འགན་འཛིན་བསྟན་འཛིན་བཟང་པོ་ལགས་སུ། བོད་གཞུང་གིས་གཏན་འབེབ་གནང་བའི་ཤེས་ཡོན་སྲིད་བྱིས་གསར་བ་བོད་ཁྱིམ་ངོས་ནས་ལག་བསྟར་བྱ་འདོད་མེད་ཚུལ་བརྗོད་པ་བདེན་པ་ཡིན་མིན་དང༌། རིགས་གཅིག་རྐང་འཛིན་སྐོར་ལ་དགོངས་གཞི་གང་ཡོད་བཅར་འདྲི་ཞུས་པར་ཁོང་གིས། ཤེས་ཡོན་སྲིད་བྱུས་གསར་བའི་ཐོག་ལ་ང་ཚོས་བསམ་བློ་མང་པོ་བཏང་སྟེ་གྲོས་བསྡུར་རིམ་པར་ཞུས་ཡོད། སྔོན་མ་ང་ཚོས་འཛིན་གྲྭ་དང་པོ་ནས་ལྔ་བའི་བར་སློབ་ཚན་ཁག་མ་སྐད་ནང་འགྲོ་རྒྱུའི་ཐབས་ཤེས་བྱས་པ་ཡིན། སློབ་དེབ་དང་དགེ་རྒན་སོགས་ཀྱི་མཐུན་རྐྱེན་ཐད་ཧ་ཅང་ཁག་པོ་འདུག འོན་ཀྱང༌། ༡༩༨༦ ཡས་མས་ནས་མ་སྐད་ཐོག་ལག་ལེན་བསྟར་ཏེ། འཛིན་གྲྭ་བཅུ་བའི་ཡིག་རྩལ་གྲུབ་འབྲས་ལ་སྐྱོན་མེད་པ་བྱུང་ཡོད། ཤེས་རིག་ལྷན་ཁང་སོགས་ནས་ཡག་པོར་མཐོང་སྟེ། སློབ་གྲྭ་ཁག་ཚང་མའི་གཞི་རིམ་འོག་མ་བོད་ཡིག་ཐོག་འགྲོ་རྒྱུའི་ལམ་སྲོལ་བཙུགས་པ་རེད། འོན་ཀྱང༌། འཛིན་གྲྭ་བདུན་པ་བརྒྱད་པར་ཁག་པོ་ཆགས་ཀྱིན་འདུག ལོ་སྔོན་མར་ང་ཚོ་ཚོགས་འདུ་འཚོགས་ཏེ་འཛིན་གྲྭ་དྲུག་པ་བདུན་པ་བརྒྱད་པའི་རྒྱལ་རབས་ལོ་རྒྱུས་ཆ་ཚང་བོད་སྐད་ནང་སློབ་རྒྱུར་གོམ་པ་གཉིས་པ་བརྒྱབས་ཚར་ཡོད། འཛིན་གྲྭ་དང་པོ་ནས་བརྒྱད་པའི་བར་བོད་སྐད་ནང་འབད་བརྩོན་བྱས་ཡོད། འཛིན་གྲྭ་བརྒྱད་པ་ཡན་ནས་གཞན་དབང་སྟབས་བསྟུན་རེད། རང་དབང་ཡོད་པ་མ་ར
ཁོང་གིས་མུ་མཐུད་དུ་གསུངས་དོན། རིགས་གཅིག་རྐང་འཛིན་ཐད། ང་ཚོས་གཞི་རིམ་འོག་མ་བོད་སྐད་སྟེང་བཟོས་ཏེ་གོམ་པ་གཅིག་བརྒྱབས་ཡོད་ཀྱང༌། ཧ་ཅང་ཁག་པོ་རེད། འདོད་པ་ཁེངས་པ་ཞིག་ཡོང་གིན་མི་འདུག ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་རྒྱུར་དགེ་རྒན་དང་འཕྲུལ་ཆས་ཁོར་ཡུག་སོགས་ཚང་མ་འགྱུར་བ་གཏོང་དགོས་སྟབས། གློ་བུར་དུ་དེ་འདྲའི་འགྱུར་བ་ཆེན་པོ་བཏང་ན་བརྡབ་གསིག་ཐེབས་གི་རེད། ཤེས་ཡོན་སྲིད་བྱུས་ནང་སློབ་ཚན་ཚང་མ་བོད་ཡིག་ཡིན་དགོས་པ་མ་ཟད། སྐད་ཡིག་གཞན་བེད་སྤྱོད་མི་ཆོག་ལ། ཐ་ན་གཞས་ཀྱང་བཏང་མི་ཆོག གློ་བུར་དུ་དེ་འདྲའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཁག་པོ་ཡོད་སྟབས། ད་ལོ་ང་ཚོ་ལ་དྭགས་ཁུལ་དུ་གཟིགས་སྐོར་དུ་ཕྱིན་ཏེ། སྤྱི་ཟླ་ ༤ བ་ནས་ལ་དྭགས་བྱང་ཐང་ཁུལ་གྱི་སློབ་གྲྭ་ ༣ གྱི་སྔོན་འགྲོ་དང་པོར་ཤེས་ཡོན་སྲིད་བྱུས་གསར་བ་ལག་བསྟར་བྱས་ཡོད། འཛིན་གྲྭ་ལྔ་བའི་བར་འཛིན་གྲྭ་འཕར་བའི་གོ་རིམ་བཞིན་དབྱིན་ཡིག་མེད་པ་བཟོ་རྒྱུ་ཐག་གཅོད་བྱས་ཡོད། འཛིན་གྲྭ་དྲུག་པའི་སྐབས་གང་འདྲ་ཆགས་ཡོད་མེད་ལ་ཞིབ་འཇུག་བྱས་ཏེ། ཕན་ཐོགས་དང་ཡར་རྒྱས་ཡོད་ན། སློབ་གྲྭ་གཞན་ལ་དཔེར་སྟོན་དང་སྦྱོང་བརྡར་བྱ་འཆར་ཡོད། སྲིད་ཇུས་ཤིག་ལག་བསྟར་བྱེད་པར་དུས་ཡུན་གང་འཚམ་འགོར་གྱིན་ཡོད། ལ་དྭགས་བྱང་ཐང་གཅིག་པུར་ལོ་དྲུག་འགོར་གྱིན་འདུག དགེ་རྒན་མང་པོ་ཞིག་མེད་པ་བཟོ་རྒྱུ་དང་སྦྱོང་བསྡར་སྤྲོད་རྒྱུ་སོགས་དུས་ཚོད་གང་འཚམ་དགོས་པ་རེད། འོན་ཀྱང༌། རིམ་གྱིས་བོད་ཁྱིམ་སློབ་གྲྭ་ཡོངས་ལ་ལག་བསྟར་བྱ་རྒྱུ་ཐག་གཅོད་རེད། ཐེངས་གཅིག་ང་ཚོ་ཤེས་རིག་ལ་བཅར་ཏེ་ཐུགས་རྗེ་གཟིགས་སློབ་གཞི་བཟོས་ཟིན་འདུག དེ་བཞིན་དུ་སློབ་དེབ་ཡང་བཟོ་རོགས། ཞེས་འབོད་སྐུལ་ཞུས་ཀྱང༌། གནས་སྐབས་གཞུང་ལ་སློབ་དེབ་བཟོ་རྒྱུའི་མཐུན་རྐྱེན་མེད། སློབ་དེབ་ལས་སློབ་གཞི་གལ་ཆེན་ཡིན། སློབ་གཞི་དེར་སློབ་དེབ་སུས་བཟོས་ཀྱང་འགྲིག་གི་ཡོད་གསུངས་སོང༌། ཞེས་གསུངས་བྱུང༌།
གསར་འགོད་པ་བཞུགས་སྒར་མཚན་ཉིད་རིག་ལམ་སློབ་གཉེར་ཁང་གི་ཤེས་ཡོན་འགན་འཛིན་དགེ་བཤེས་དགྲ་འདུད་ལགས་ཀྱི་གམ་དུ་བཅར་ཏེ། ཤེས་ཡོན་ཉམས་ཆག་དང་རིགས་གཅིག་རྐང་འཛིན་ཐད། དགོན་སྡེ་ཁག་ལའང་འགན་འཁྲི་ཡོད་སྟབས། ལས་འཆར་དང་དགོངས་གཞི་ཅི་ཡོད་བཅར་འདྲི་ཞུས་པའི་ལན་དུ་ཁོང་གིས། སློབ་གྲྭ་ཁག་གི་ཤེས་ཡོན་ཉམ་ཆག་ལ་ཕྱིན་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང༌། ལོ་ངོ་སུམ་ཅུའི་བརྒྱུད་རིམ་ཁྲོད་ཉམ་ཆགས་སུ་ཕྱིན་པ་ཞིག་ཡིན་སྟབས། རྒྱུ་འདི་རེད་དང་རྐྱེན་དེ་རེད་ཟེར་ནས། ཕར་ཚུར་ཁག་གཡོག་བྱེད་ས་ཡོད་པ་མ་རེད། ཁོར་ཡུག་དང་གནས་སྟངས། ཕ་མ་དང་ཆ་རྐྱེན། སློབ་ཚན། དགེ་རྒན། འཛིན་སྐྱོང་སོགས་གནས་སྟངས་མང་པོ་ཞིག་གི་འོག་ནས་འཐུས་ཤོར་ལ་ཕྱིན་ཡོད། ད་བར་གཟེངས་སུ་ཐོན་པ་འདི་ཡིན་ཟེར་ས་གཅིག་ཀྱང་སྟོན་རྒྱུ་ཡོད་པ་མ་རེད། ཤེས་རིག་གི་ཤེས་ཡོན་སློབ་སྟོན་ཚོགས་ཆུང་ནང་ང་རང་གིས་ལོ་འགའ་ལ་ཞབས་ཞུ་བསྒྲུབས་པ་ཡིན། ཐབས་ཤེས་ཡོད་དགུ་བཏོན་ཏེ་ཧུར་ཐག་གནང་གིན་འདུག དམའ་རིམ་དང་གཞི་རིམ་གྱི་དགེ་རྒན་འོས་སྦྱོང་ཐེངས་མང་གནང་ཡོད། འོན་ཀྱང༌། ལས་དོན་མང་པོ་ཞིག་གནད་དུ་མ་འཁེལ་བ་དང་མཐའ་མ་འཁྱོངས་པ་དེ་འདྲ་ཡོང་གིན་འདུག ད་ནི་ཇི་ལྟར་ཉམས་པ་སླར་གསོ་བྱ་དགོས་པའི་ཐད། ཡང་བསྐྱར་འབྲེལ་ཡོད་ཚང་མས་གོ་བསྡུར་དང་བསྐྱར་ཞིབ་ལྷུག་པོར་བྱས་ཏེ། འཆར་གཞི་དང་ལས་རིམ་བསྐྱར་དུ་བསྒྲིག་དགོས་ཀྱིན་འདུག་སྙམ། རྩ་བའི་བསྐྱར་བཅོས་དང་སྔོག་འདོན་ཞིག་མ་བྱས་པ་ཡིན་ན་རང་འཇགས་དཀའ་ངལ་འཕྲད་གི་རེད། ཅེས་དང༌། རིགས་གཅིག་རྐང་འཛིན་ཐད། བོད་པའི་རིག་གཞུང་དང་ནང་ཆོས་ཀྱི་ནང་ཚན་བྱེ་བྲག་པའི་ཐོག་ལ་རིགས་གཅིག་རྐང་འཛིན་བྱ་ཡུལ་མང་པོ་ཡོད། དཔེར་ན། དེ་རིང་ང་ལ་དཔེ་དེབ་ཅིག་འབྱོར་སོང༌། དེ་ནི་ང་ཚོ་མཚན་ཉིད་སློབ་གྲྭའི་སློབ་མ་ཟུར་བ་ཐུབ་བསྟན་ཀུན་དགའ་ཞུ་བ་ཞིག་གིས་ནོར་ཝེ་གཙུག་ལག་སློབ་གཉེར་ཁང་ནས་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་ཐོག་ལ་ (PHD) གནང་འདུག དེ་ལྟ་བུ་རེད། ཅེས་གསུངས་བྱུང༌།
ཁོང་གིས་མུ་མཐུད་དུ་སློབ་གྲྭ་ཁག་གི་སློབ་དེབ་ཐད་དགོངས་འཆར་གསུངས་དོ། སློབ་གྲྭ་ཁག་གི་སློབ་དེབ་ལ་འགྱུར་བ་ཞིག་གཏོང་དགོས་ཀྱིན་འདུག་སྙམ། སྔོན་མ་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་ལོ་ཚད་ཅུང་ཆེན་པོ་རེད། ཡི་གེ་མི་ཤེས་རུང་ཁ་སྐད་དང་བསམ་བློའི་གནས་ཚུལ་མཐོན་པོར་སླེབས་ཡོད། ད་ཆར་འཛིན་གྲྭ་དང་པོའི་སློབ་ཕྲུག་ལོ་ཧ་ཅང་ཆུང་ཆུང་ཡིན་ལ། སློབ་ལོ་སོན་མེད་པ་ཡང་མང་དག་ཅིག་ཡོང་གིན་ཡོད། དེ་ཚོར་སློབ་དེབ་འདི་ཕྲན་བུ་ཚད་མཐོ་དྲགས་ཡོད། གཉིས་པ། སློབ་ཚན་མང་དྲགས་འདུག ཚན་རིག་སློབ་དེབ་མང་པོ་དང༌། དེའི་སྟེང་ལ་གློག་ཀླད་ཡོད། གནས་སྟངས་དེ་དག་གི་དབང་གིས་བོད་ཡིག་སྦྱོང་རྒྱུའི་དུས་ཚོད་མེད་པ་ཆགས་ཡོད། ཅེས་དང༌། ང་ཚོའི་དགོན་པ་ལྟ་བུར་མཚོན་ན། སྦྱང་གཞི་ཕར་ཕྱིན་དང་དབུ་མ་རབ་འབྱམས་པ་སོགས་འཐོན་ཆོག་གི་ཡོད་སྟབས། དེ་དག་རིགས་གཅིག་རྐང་འཛིན་ལྟ་བུ་ཆགས་ཡོད། དེ་མ་ཡིན་པའི་ཨ་རིའི་ཧམ་ཤེལ་མཐོ་སློབ་དང་ཨེ་མོ་རེའི་གཙུག་ལག་སློབ་གྲྭ་སོགས་སུ་སློབ་ཕྲུག་གང་འཚམ་བཏང་ཡོད་ལ། ང་ཚོའི་ཁྱབ་ཁོངས་འོག་ས་རཱ་མཐོ་སློབ་ཡོད། མཐོ་སློབ་དེར་རིམ་པའི་ཆེས་མཐོའི་རིགས་གཅིག་རྐང་འཛིན་ཐོག་འགྲོ་རྒྱུར་ལོ་སྔོན་མ་ནས་འཆར་གཞི་འདིང་གིན་ཡོད་ལ། སློབ་ཚན་ཡང་གང་འཚམ་གྲ་སྒྲིག་བྱས་ཡོད། ༢༠༠༩ ཙམ་ནས་ལས་གཞི་ལག་བསྟར་གྱི་འཆར་གཞི་ཡོད། ཅེས་གསུངས་བྱུང༌།
བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་གོ་ཤེས་ཡོན་འགན་འཛིན་བསྟན་འཛིན་ཆོས་བཟང་ལགས་སུ། འདི་གའི་གྲྭ་ཚང་ཧ་ཅང་གནད་འགག་ཆགས་ཡོད་སྟབས། བཙན་བྱོལ་བོད་མིའི་ཤེས་ཡོན་དང་རིགས་གཅིག་རྐང་འཛིན་ཐད། ལས་འཆར་དང་དགོངས་བཞེས་ཅི་ཡོད་བཅར་འདྲི་ཞུས་པའི་ལན་དུ་ཁོང་གིས། ང་ལ་མཚོན་ན་དགོན་པ་གྲྭ་ཚང་དག་ལ་དེང་དུས་ཀྱི་ཤེས་ཡོན་གལ་ཆེན་དུ་མཐོང་མཁན་གྲས་ཡིན། རྣམ་རྒྱལ་གྲྭ་ཚང་སྔོན་མ་བོད་དུ་ཡོད་སྐབས་སྔགས་ཙམ་ལས་མཚན་ཉིད་ལ་སློབ་སྦྱོང་བྱེད་སྲོལ་མི་འདུག རྗེས་སུ་རྒྱ་གར་ནང་ཕེབས་རྗེས་སྐུ་མདུན་གྱིས་དགོངས་པ་ཆེ་བཞེས་གནང་སྟེ། མཚན་ཉིད་གསར་འཛུགས་གནང་བ་རེད། ད་ཆར་ནང་ཆོས་ལས་གཞན་པའི་རིག་གནས་དང་དབྱིན་ཡིག་འཛིན་གྲྭ་སོགས་ཀྱང་ཡོད་ལ། ༧གོང་ས་མཆོག་གིས་གནང་བསྡད་པའི་ཡི་དམ་ཐུན་མོང་མ་ཡིན་པ་དུས་ཀྱི་འཁོར་ལོའི་བྱེད་སྒོ་རྣམ་བཞག་དེ། གྲྭ་ཚང་འདི་གའི་རིགས་གཅིག་རྐང་འཛིན་ཆགས་ཡོད་ཟེར་ན་མི་ཆོག་པ་མེད། མ་འོངས་པར་གྲྭ་ཚང་འདིའི་སློབ་ཕྲུག་ཚོ་རིགས་གཅིག་རྐང་འཛིན་ཐོག་ལ་འགྲོ་རྒྱུར་འཆར་གཞི་དང་དགོངས་པ་བཞེས་བཞིན་པ་ཡིན། ༧སྐུ་མདུན་གྱིས་གྲྭ་བ་མང་པོ་ཞིག་གིས་ཆོས་ཕྱོགས་ཀྱི་སློབ་གཉེར་ཁོ་ན་ལས་དེང་དུས་ཀྱི་ཤེས་ཡོན་མེད་ན་མ་འོངས་པར་དཀའ་ངལ་འཕྲད་གི་རེད། ཅེས་བཀའ་གནང་བ་བཞིན། བོད་ཁྱིམ་སློབ་གྲྭའི་ནང་ང་ཚོའི་གྲྭ་ཚང་གི་ཁང་ཚན་ཞིག་ཟུར་དུ་བཙུགས་ཏེ། ད་ཆར་སློབ་ཕྲུག་ ༢༥ ཙམ་ཡོད། ཁོང་ཚོ་འཛིན་གྲྭ་བཅུ་བ་དང་བཅུ་གཉིས་ཐོན་རྗེས་གྲྭ་ཚང་ནང་ཕྱིར་ཡོང་སྟེ། ནང་ཆོས་ལ་སློབ་གཉེར་བྱ་འཆར་ཡིན། ང་ཚོའི་བོད་པའི་ཤེས་རིག་དག་ལས་ཐུན་མོང་མ་ཡིན་པ་དེ་ནང་ཆོས་རེད། ༧གོང་ས་མཆོག་སློབ་གྲྭ་ཁག་གང་ཞིག་ཏུ་ཕེབས་ཀྱང༌། ནང་ཆོས་ལས་བདེན་པ་གཉིས་དང་བདེན་པ་བཞི། གཞི་ལམ་འབྲས་གསུམ་སོགས་གལ་ཆེན་དུ་རྩི་བཞིན་ཡོད། སློབ་ཕྲུག་ཚོས་དེའི་སྐོར་ལ་འབད་བརྩོན་གནང་རྒྱུ་གལ་ཆེན་རེད་ཟེར།
ཁོང་གིས་མུ་མཐུད་དུ་བོད་མིའི་ཤེས་ཡོན་འཐུས་ཤོར་དུ་ཕྱིན་པའི་སྐོར་གསུངས་རྒྱུར། འཐུས་ཤོར་འགྲོ་དོན་གཙོ་བོ་ཡུལ་དུས་ཆ་རྐྱེན་དང༌། སྤྱི་ཚོགས་ཁྱོན་ཡོངས་ནས་འཁྲུག་ཆ་དོད་དུ་སོང་བས་རེད། དེའི་ཁར་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་ཡིན་ན་འདྲ་ལ། སློབ་གྲྭ་ཁག་གི་སློབ་མ་ཡིན་ནའང་འདྲ། ཕྱི་རྒྱལ་དུ་འགྲོ་རྒྱུའི་གོ་སྐབས་དང་མཐུན་རྐྱེན་ལ་སེམས་འཁོར་ཏེ་བློ་རྩེ་གཉིས་ཆགས་ཡོད། རྒྱུ་མཚན་དེའི་དབང་གིས་ལས་དོན་འཐུས་ཤོར་དུ་འགྲོ་བཞིན་ཡོད། དེ་འགོག་ཐབས་ཡང་ཁག་པོ་རེད། རྒྱལ་ཁབ་དང་སྤྱི་ཚོགས་གང་ཞིག་ཏུ་སླེབས་ཀྱང༌། གང་ཟག་སོ་སོས་བསམ་བློ་གཏོང་དགོས་པ་རེད། བོད་བཙན་བྱོལ་སྤྱི་ཚོགས་ནང་སྔོན་མ་དང་བསྡུར་ན། དེང་དུས་ཀྱི་ཤེས་ཡོན་ཡར་རྒྱས་གང་འཚམ་སོང་ཡོད། དེ་དང་མཉམ་དུ་ནང་ཆོས་ཀྱི་ཤེས་ཚད་ཡར་རྒྱས་སུ་གཏོང་ཐུབ་པ་ཡིན་ན། ལྷག་བསམ་དང་སྙིང་སྟོབས་འཕེལ་བའི་ཆ་རྐྱེན་རེད། དེང་དུས་ཀྱི་གཞུང་ཞབས་ལས་བྱེད་དང༌། ལས་རིགས་ཁག་གི་མི་སྣ་དེ་ཚོར་སྔོན་མ་སྤྱི་ཚོགས་རྙིང་བ་དང་མི་འདྲ་བར་དེང་དུས་ཀྱི་ཤེས་ཡོན་གང་འཚམ་ཡོད་ཀྱང༌། སྤྱི་ཚོགས་རྙིང་བའི་མི་ལྟ་བུའི་ལྷག་བསམ་དང་སེམས་ཤུགས་མེད། དེ་ཚོ་ཡུལ་དུས་ཁོར་ཡུག་གི་དབང་གིས་ཡོང་གིན་ཡོད། དཀའ་ངལ་དེ་རིགས་སེལ་ཐབས་སུ་ནང་པའི་ལྟ་གྲུབ་ལ་སློབ་གཉེར་གནང་སྟེ། བསམ་བློ་གཏོང་ཤེས་བ་བྱུང་ན། ལྷག་བསམ་དང་སྙིང་སྟོབས་འཕེལ་བ་དང༌། མ་འོངས་པར་བོད་དེ་ཅི་ཙམ་གྱིས་གལ་ཆེན་ཡིན་པར་ངེས་ཤེས་རྙེད་གི་རེད། ཅེས་གསུངས་བྱུང༌།
རྐུབ་སྟེགས་སྟེང་ནས་མར་བཀའ་སློབ་གནང་ན་མཁས་པོ་ཡོད་ཀྱང་། དོན་དངོས་ཀྱི་ལག་ལེན་སྒང་ནས་སྤྱི་དོན་ཁ་ལ་ཁྱེར་ནས་རང་དོན་སྒྲུབ་ནས་ཚོགས་པ་དང་ཤེས་ཡོན་འཐུས་ཤོར་དང་སྒྲིག་གཞི་གཏོར་མཁན་ཡང་ཁོ་ཚོ་ཡིན། འོག་གི་མི་མང་ཉམ་ཐག་ཚོ་མིག་གིས་མཐོང་མི་ཐུབ་ལ་ཉེན་ཁའི་གནས་བབ་ཀྱང་མི་མཐོང༌། སྐྱོན་འདོན་སྐབས་གཞན་གྱི་སྐྱོན་འདོན་མཁས་ལ། སོ་སོ་རུལ་བ་ཚོར་གྱི་མེད་པས་དེ་དག་ལ་རྟོག་ཞིབ་ཀྱིས་སྤྱི་ཚོགས་སྟེང་ཐེར་འདོན་བྱེད་དགོས་པ་ནི་སྤྱི་ཚོགས་ལེགས་བཅོས་དང་སྐུལ་སྤེལ་གྱི་ལས་འགུལ་གལ་ཆེན་ཞིག་རེད་སྙམ།
ལོ་ངོ་སུམ་ཅུའི་ཤེས་ཡོན་འཐུས་ཤོར་སླར་གསོ་བྱ་དགོས་ཟེར་ན་དེ་ནི་ཧ་ཅང་གི་གནད་འགག་ཅན་གྱི་དྲི་བ་ཞིག་ཡིན་ཡང་དེ་སླར་གསོ་བྱེད་རྒྱུ་་ཕར་ཞོག་ད་དུང་དེ་ལས་སྡུག་རུ་མ་སོང་ན་འོ་ཙམ་རེད། དེ་ལ་ཚང་མས་ཤུགས་རྒྱག་དགོས་པ་རེད། ཡིན་ནའང་ཁ་བཤད་ལས་ལག་ལེན་བསྟར་བ་གལ་ཆེན་པོ་རེད། གོང་གི་རྣམ་པ་ཚོས་སྐད་ཆ་རྫིག་པོ་གསུང་གིན་་འདུག དེ་ལས་སོ་སོའི་ལས་ཀ་དེ་འཐུས་ཤོར་ལ་མ་འགྲོ་བར་ཧུར་ཐག་བྱེད་དགོས་ཞེས་ནས་འབོད་སྐུལ་ཞིག་བྱེད་འདོད་བྱུང་སོང༌། ང་ཚོ་ལ་སྐད་ཆ་དེ་འདྲ་གསུང་ཉན་མེད་སོང་བ་མ་རེད་ང་ཚོར་ལག་ལེན་བསྟར་མཁན་མེད་སོང་བ་རེད། དེ་ཚང་མས་ཤེས་བར་གྱིས།