ཀུན་ཐར་དོན་གྲུབ།
གླེང་གཞི།
བོད་གཞིས་བྱེས་མི་དམངས་རྣམས་ཀྱིས་བོད་མི་རིགས་ཀྱི་མངོན་འདོད་བསྒྲུབ་ཐབས་སུ་ལམ་ཁ་ཡང་དག་ཅིག་འདེམས་གལ་ཆེ་ཞིང༌། ལྷག་པར་དུ་བཙན་བྱོལ་བོད་མི་རྣམས་ལ་མཚོན་ན། རྒྱ་གར་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་གང་ས་ནས་ཞི་བའི་སྐད་འབོད་ཀྱིས་བོད་མིའི་བསམ་འདུན་ཕྱིར་མངོན་བྱེད་ཐབས་དེ་ནི་འོས་ཤིང་འཚམ་པའི་ལམ་ཁ་ཞིག་དང༌། བཙན་བྱོལ་གྱི་གནས་བབ་དང་ཡོངས་སུ་མཐུན་པའི་གདམ་ཀ་དང་བོད་མིའི་བསམ་འདུན་གཅིག་སྒྲིལ་སྒོས་ལས་འགུལ་གྱི་ནུས་པ་སྟོན་ཐུབ་པའི་ཐབས་ལམ་ཡག་ཤོས་ཤིག་ཡིན་པ་སྨོས་མེད་རེད། འོན་ཀྱང༌། བོད་ནང་ཡོད་པའི་རྒྱ་ཆེའི་བོད་མི་མང་ཚོགས་ལ་མཚོན་ན། འདི་ལྟ་བུའི་སྐད་འབོད་ཙམ་གྱིས་ཐད་ཀར་གཅེས་སྲོག་དང་མི་ཚེའི་མདུན་ལམ། ཐ་ན་ཉིན་རེའི་འཚོ་བ་ལའང་འཇིགས་སྐྲག་དང་ཉེན་ཁ་སླེབས་བཞིན་པའི་སྐབས་འདིར། ང་ཚོས་ལས་འགུལ་གང་ཞིག་སྤེལ་ཡང་ཐོག་མར་དགོངས་པ་བཞེས་དགོས་པ་ཞིག་ནི། བོད་ནང་ཤུགས་རྐྱེན་ཐེབས་ཕྱོགས་ཆ་ནས་ངེས་པར་ཚེ་སྲོག་གི་འགྲོ་གྲོན་དང་རྒྱུ་འབྱོར་གྱི་གྱོང་གུད་ཆེས་ཉུང་ཤོས་ཐེབས་ཐབས་དང་དགེ་ཕན་གང་ཆེར་ཡོང་ཐབས་ཤིག་གི་བྱ་ཐབས་དང་ལམ་ཁ་འཚོལ་སྒྲུབ་བྱེད་གལ་ཆེ། གང་ཡིན་ཞེ་ན། ང་ཚོས་བོད་ནང་མི་དམངས་ཀྱིས་ལས་འགུལ་གང་སྤེལ་ལ་ཕྱིར་བལྟ་ཞིག་བྱས་ན། ལོ་རབས་༥༠ ཡས་མས་ནས་ཁམས་དང་ཨ་མདོ་ཁུལ་དུ་རྒྱ་དམར་གྱི་དྲག་པོའི་བཙན་འཛུལ་ལ་དྲག་པོས་ཁ་གཏད་བྱས་པ་དེ་དང༌། དེ་ནས་༥༩ ལོའི་ལྷ་སའི་ངོ་རྒོལ་ཆེན་པོ་དང༌། དེ་ནས་༨༧། ༨༨། ༨༩ བཅས་ལོ་གསུམ་ནང་བྱུང་བའི་ལྷ་སའི་ཞི་བའི་ངོ་རྒོལ་ནས་ད་ལོ་ལྷ་ས་གཙོས་པའི་བོད་ཆོལ་གསུམ་གང་སར་སྤེལ་བའི་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་སོགས་ནས་མཐོང་ཐུབ་པ་ནི། ལོ་རྒྱུས་རིག་པའི་ལོ་གྲངས་བརྩི་སྟངས་ལྟར་བྱས་ན། ལས་འགུལ་གཅིག་ནས་ལས་འགུལ་ཐེངས་རྗེས་མའི་བར་ཧ་ལམ་མི་རབས་གཅིག་གི་དུས་ཡུན་འགོར་ཡོད། རྒྱུ་མཚན་ནི། ལས་འགུལ་རེ་རེའི་ཁྲོད་ནས་བོད་མི་རིགས་ཀྱི་མཆོག་ཏུ་གྱུར་བའི་རྒྱལ་གཅེས་ལྷག་བསམ་དང་སྙིང་སྟོབས་ཟུང་ལྡན་གྱི་འགོ་འཁྲིད་བྱེད་མཁན་དང་ལས་འགུལ་ཁྲོད་དངོས་ཞུགས་གནང་བའི་དཔའ་བོ་དཔའ་མོ་མང་བོའི་གཅེས་སྲོག་ཤོར་ཡོད་པ་དང་བཙོན་འཇུག་སོགས་སྡུག་སྦྱང་ཚད་མེད་མྱངས་ཞིང༌། དུས་ཡུན་ཐུང་ཐུང་ཞིག་ནང་ལས་འགུལ་སླར་གསོ་མཇུག་སྐྱོང་དང་བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་བྱེད་ཐབས་ལའང་བར་ཆད་ཆེན་པོ་བྱུང་ཡོད། ད་ལྟའི་གནས་བབ་ཆ་ནས་ང་ཚོའི་མི་རིགས་ལ་མཚོན་ན། དེ་འདྲ་བའི་གྱོང་གུད་ཀྱིས་བོད་ནང་གི་འཐབ་རྩོད་སྟོབས་ཤུགས་ལ་གསབ་ཐབས་མེད་པའི་རྨ་ཁ་ཆེན་པོ་ཞིག་བཟོས་ཤིང༌། ལྷག་པར་དུ་ལས་འགུལ་གང་ཞིག་སྤེལ་སྐབས་སུ་སེར་མོ་བས་འགོ་འཁྲིད་དེ་མང་ཚོགས་དཀྱུས་མ་མང་བོ་རྗེས་འབྲང་བྱས་ཡོད་ཀྱང༌། རྒྱ་གཞུང་གི་ལས་ཁུངས་ཁག་ཏུ་ལས་དོན་གཉེར་བཞིན་པའི་བོད་རིགས་ལས་བྱེད་དང་ཤེས་ཡོན་པ་ལས་འགུལ་ཁྲོད་ཞུགས་ཐབས་བྱུང་མེད་ལ། ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པའི་རྩོམ་ཡིག་སྤེལ་མཁན་ཡང་རེ་ཟུང་ལས་བྱུང་མེད། དེའི་ཐོག་ནས་ང་ཚོས་མཐོང་ཐུབ་པ་ནི། བོད་ཀྱི་དེང་རབས་ཤེས་ཡོན་པ་དང་སེར་སྐྱ་མང་ཚོགས་བར་ན་གཅིག་རྒྱབ་གཅིག་གྲོགས་བྱེད་མི་ཐུབ་པའི་བར་སྟོང་ཆེན་པོ་ཞིག་ཡོད་པ་དེ་རེད། ཡིན་ནའང་ལས་བྱེད་དེ་དག་དང་ཤེས་ཡོན་ཅན་དེ་ཚོར་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་མེད་ཅེས་སུ་ཞིག་གིས་བརྗོད་ནུས། དོན་དངོས་ཐོག ལས་འགུལ་ཞིག་སྤེལ་བ་ལ་བརྟེན་ནས་གཅེས་སྲོག་ཤོར་བ་དང༌། ཡང་ན་བཙོན་འཇུག་ཐེབས་པ། ཡང་ན་ལས་ཁུངས་ནས་ཕྱིར་འབུད་བཏང་བ་གང་ཡིན་ཡང༌། ཐད་ཀར་མི་ཞིག་གི་ཉིན་རྒྱུན་འཚོ་བ་དང་མི་ཚེའི་མདུན་ལམ། ཚེ་སྲོག་སོགས་ལ་གྱོང་གུད་ཚད་མེད་ཐེབས་ཀྱིན་ཡོད་ལ། དེ་འདྲ་བའི་ལས་འགུལ་གང་ཞིག་ལ་འབྲེལ་བ་ཡོད་པ་ཙམ་གྱིས་ཀྱང༌། རྒྱ་དམར་གྱི་མནར་གཅོད་ཚད་མེད་ལ་གདོང་ལེན་བྱེད་དགོས་ཆགས་ཡོད། དེ་ལྟ་བུའི་གནས་སྟངས་འོག ང་ཚོས་ངེས་པར་དུ་བོད་ནང་མི་དམངས་ཀྱི་དངོས་ཡོད་གནས་སྟངས་དང་དཀའ་ངལ་ལ་གཞིགས་ཏེ། དེ་དང་མཐུན་པའི་བསྟུན་ཤེས་ཀྱི་ཐབས་ལམ་གང་མང་འཚོལ་སྒྲུབ་དང་ངོ་སྤྲོད་བྱེད་རྒྱུ་དེའང་ང་ཚོའི་བཙན་བྱོལ་གཞུང་དམངས་ཀྱི་གཡོལ་དུ་མེད་པའི་འོས་འགན་ཞིག་ཡིན་པར་འདོད་ལ། ལས་འགུལ་རེ་རེའི་ཁྲོད་ཀྱི་ཉམས་མྱོང་བསྡུ་ལེན་དང་མཇུག་བསྡོམས་ཀྱིས། བོད་ཕྱི་ནང་གི་དངོས་ཡོད་གནས་སྟངས་ལ་བསམ་ཞིབ་ངོས་འཛིན་ནན་མོ་དང་ཕྱིས་འགྱངས་ལ་འདང་ངེས་ཀྱི་ཚོད་འཛིན་བྱེད་གལ་ཡང་ཤིན་ཏུ་ཆེ་བར་འདོད།
ལྷག་པར་དུ་བོད་ནང་གི་ཤེས་ལྡན་མི་སྣ་མང་པོ་ཐད་ཀར་དུ་ལས་འགུལ་ཁྲོད་དངོས་སུ་ཞུགས་མེད་ཀྱང༌། རྒྱ་དམར་གྱི་ཁྲིམས་དང་བསྟུན་ཤེས་ཐབས་མཁས་སྒོས་བོད་མི་རིགས་ཀྱི་ལེགས་བྱང་རྒྱུན་འཛིན་དང་མི་རབས་གསར་བ་གསོ་སྐྱོང་གི་ཁུར་འགན་དང་དུ་བླངས་དང་ལེན་མུས་སུ་བོད་མི་རིགས་ཀྱི་ལ་ཞེན་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད། འོན་ཀྱང༌། ལས་འགུལ་རེ་རེའི་ཁྲོད་ནས་ང་ཚོ་ལ་འདི་འདྲ་བའི་ཕམ་ཁ་ཆེན་པོ་བྱུང་དོན་ནི། བོད་མི་རིགས་ཀྱི་ད་ལྟའི་གནས་སྟངས་ཆ་ནས་བརྗོད་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ནུས་ཤུགས་ཀྱིས་ད་དུང་འདང་མེད་པ་མ་ཟད། བོད་ཕྱི་ནང་མི་དམངས་ཀྱི་ཆབ་སྲིད་བསམ་འདུན་དང་གོ་རྟོགས་ཀྱིས་ཀྱང་ད་དུང་འདང་ངེས་མེད་པས་རེད། ལྷག་པར་དུ་བོད་མི་རིགས་ཀྱི་མངོན་འདོད་བསྒྲུབ་ཐབས་སུ་བོད་ནང་མི་དམངས་དང་འབྲེལ་མཐུད་བར་མ་ཆད་པ་ཞིག་བྱས་ཏེ་རྒྱལ་སྤྱིའི་ཆབ་སྲིད་ཁོར་ཡུག་དང་བྱེ་བྲག་བོད་ཕྱི་ནང་མི་དམངས་ཀྱི་ཆབ་སྲིད་གོ་རྟོགས་ཚད་གང་ལེགས་ཞིག་དང༌། དེ་མཚུངས་སུ་རྒྱ་གཞུང་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་བོད་ཕྱི་ནང་ཀུན་ནས་གནོན་ཤུགས་ངེས་ཅན་ཞིག་མ་སླེབས་བར་དུ་བོད་མི་རིགས་ཀྱི་མངོན་འདོད་འགྲུབ་ཐབས་མེད་ལ། རང་ཉིད་ཀྱི་ཁེ་ཕན་ཡང་དེ་ལས་ཀྱང་སྲུང་ཐབས་མེད། གནས་སྟངས་དེ་འདྲ་ཞིག་གི་ཆ་ནས་བརྗོད་ན།
ད་ལྟའི་བོད་ནང་དུ་རྒྱ་དམར་གྱིས་གྲངས་ཉུང་མི་རིགས་ཞེས་པར་དམིགས་ཏེ་གཏན་འབེབས་བྱས་ཡོད་པའི་༼མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་༽ཞེས་པ་དེ་ལ་མཚོན་ན། ངོ་བོའི་ཆ་ནས་རྒྱ་དམར་གྱིས་གྲངས་ཉུང་མི་རིགས་སུ་འབོད་པའི་བོད་མི་རིགས་དང་བཅས་པར་དབང་སྒྱུར་གཉའ་གནོན་བྱེད་པའི་ལག་ཆ་དང་མི་སེར་སྤེལ་བྱེད་ཀྱི་སྲིད་ཇུས་ཤིག་ཡིན་པ་ངེས་གཏན་ཡང༌། ལྷག་པར་དུ་བོད་ནང་ཤེས་ཡོན་པ་གཙོས་པའི་རྒྱ་ཆེའི་མི་དམངས་ལ་མཚོན་ན། ཆབ་སྲིད་ཀྱི་གནས་བབ་ཁོར་ཡུག་གི་ཆ་ནས་གདམ་ཀ་དེ་ལྟ་བུ་ཞིག་མ་གཏོགས་ལམ་ཁ་གཞན་མེད་སྟབས། རྒྱ་གཞུང་གི་ད་ཡོད་སྲིད་ཇུས་ནང་རང་ཉིད་ལ་ཐོབ་ཐང་གང་ཡོད་པ་དེ་ཐབས་མཁས་བསྟུན་ཤེས་ཀྱིས་བེད་སྤྱོད་དང་རྩོད་ལེན་བྱེད་ཐུབ་མིན་དེའང་ཐད་ཀར་དུ་གཞིས་ལུས་བོད་མིའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་དང་ཆབ་སྲིད་ཀྱི་ཐོབ་དབང་རྩོད་ལེན་བྱེད་ཐུབ་མིན་གྱི་གནད་འགག་ཞིག་ཏུ་གྱུར་ཡོད་པ་མ་ཟད། མ་འོངས་པར་ཁྲིམས་མཐུན་སྒོས་བོད་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་རྩོད་ལེན་བྱེད་ཕྱོགས་ཀྱི་ཁ་ཕྱོགས་དང་བྱེད་ཐབས་ཀྱི་སྔོན་འགྲོ་ལྟ་བུ་ཡང་ཆགས་ཡོད། སྔོན་འགྲོ་དེ་ལྟ་བུར་གོམས་པ་ཡིན་ན། ད་གཟོད་བོད་མི་དམངས་རྣམས་ཁྲིམས་མཐུན་གྱི་ལས་འགུལ་སྤེལ་སྟངས་ལ་གོམས་གཤིས་དང་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་བརྟན་པོ་ཞིག་སླེབས་ཐུབ་ངེས་ལ། རྒྱ་དམར་ལའང་ཐད་ཀར་གང་འདོད་དུ་མངོན་གསལ་དོད་པས་དྲག་གནོན་ལ་ཁ་གཡར་ས་དང་ལག་འཆང་ས་མེད་ལ། མ་མཐར་ཡང་རྒྱ་གཞུང་གིས་ཆེས་གདུག་རྩུབ་ཀྱི་དྲག་གནོན་ལས་ཅུང་ཙམ་གཡོལ་ཐུབ་བྱུང་ཡང་མ་འོངས་བོད་ཀྱི་གསོན་རྩ་དང་ཆ་རྐྱེན་དུ་འགྱུར་ངེས་ཡིན་ན། བོད་ནང་མི་དམངས་ཀྱི་ད་ལྟའི་ཐོབ་ཐང་༼མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་༽ཞེས་པའི་ནང་གསལ་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་དང་བཅས་པ་རྒྱུན་འཛིན་དང་གོང་སྤེལ་གྱིས་ཐོབ་དབང་དང་ཆབ་སྲིད་ཀྱི་ཁེ་ཕན་རྩོད་ལེན་བྱེད་རྒྱུ་ནས་འགོ་རྩོམ་ཐུབ་ཚེ། ཕྱི་ནང་མི་དམངས་ཀྱི་དམིགས་འདུན་གཞི་གཅིག་ཏུ་བསྒྲིལ་ཐབས་ཀྱི་ལམ་ཁ་ཡག་ཤོས་ཤིག་ཡིན་ལ་དེང་སང་བོད་མི་རིགས་ཀྱི་ཕྱི་ནང་གནས་བབ་ཆ་ནས་ཀྱང་དགེ་མཚན་ཆེན་པོ་ཡོད་པར་སྣང༌། ཀུན་སློང་དེ་འདྲ་ཞིག་ལ་གཞི་བཅོལ་ཏེ་བརྗོད་ན། ང་ཚོ་བཙན་བྱོལ་གཞུང་དམངས་ཀྱིས་ཀྱང་༼མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་༽ཞེས་པའི་བྱུང་རྐྱེན་རྒྱབ་ལྗོངས་དང་བཅས་པར་རྒྱུས་ལོན་བྱེད་རྒྱུ་དེའང་རང་བཞིན་གྱིས་གནད་འགག་ཞིག་ཏུ་ཆགས་ཡོད།
འོན་ཀྱང༌། ང་ཚོས་རྒྱ་ནག་དམར་ཤོག་གིས་༼མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་༽ཞེས་པ་དེ་གཏན་འབེབས་མ་བྱས་སྔོན་གྱི་མི་རིགས་སྲིད་ཇུས་འཛིན་སྟངས་ཐད་ནས་བརྗོད་ན། ཕྱི་ལོ་༡༩༤༩ ཡར་སྔོན་དུ་མི་རིགས་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང༌། ༤༩ ལོ་མཇུག་ནས་བཟུང༌། མི་རིགས་སྲིད་ཇུས་ལ་འཕོ་འགྱུར་ཆེན་པོ་བྱུང་སྟཻ། དེ་སྔ་རང་ཐག་རང་གཅོད་ཀྱི་གནས་བབ་ཐོག་ནས་མི་རིགས་ས་ཁོངས་རང་སྐྱོང་ཞེས་པར་གྱུར་ཡོད། འཕོ་འགྱུར་དེ་དག་གི་ཁྲོད་ནས་ང་ཚོས་ཐོག་མར་སྲོལ་རྒྱུན་གྱི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་མི་རིགས་སྲིད་ཇུས་སུ་༼མི་རིགས་རང་ཐག་རང་གཅོད་༽ལ་འགྲེལ་བརྗོད་བྱེད་སྟངས་ནས་དེང་སང་རྒྱ་ནག་གིས་༼མི་རིགས་ཀྱི་རང་ཐག་རང་གཅོད་༽ལ་འགྲེལ་བརྗོད་བྱེད་སྟངས་བར་གྱི་རྒྱུད་རིམ་དང་ཁྱད་པར་གང་ཡོད་ཤེས་དགོས་པ་མ་ཟད། མི་རིགས་རང་ཐག་རང་གཅོད་ནས་མི་རིགས་ས་ཁོངས་རང་སྐྱོང་ཞེས་པར་འགྱུར་དགོས་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཀྱང་ངེས་པར་དུ་རྟོགས་དགོས། དེ་མིན་ང་ཚོས་ནམ་རྒྱུན་རྗོད་བཞིན་པའི་༼རང་སྐྱོང་༽ཞེས་པ་དང་༼མི་རིགས་རང་སྐྱོང་༽ དེ་ནས་༼ས་ཁོངས་རང་སྐྱོང་༽ དེ་ནས་༼མི་རིགས་ས་ཁོངས་རང་སྐྱོང་༽ཞེས་པའི་ཐ་སྙད་ལ་འགྲེལ་བརྗོད་བྱེད་སྟངས་གཉིས་བར་གྱི་ཁྱད་པར་སོགས་ལའང་ངེས་པར་དོ་སྣང་བྱེད་དགོས།
ད་ལྟ་ང་ཚོས་རྗོད་བཞིན་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཞེས་པ་དེ་ནི་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་༽གཞིར་བཞག་གིས་གཏན་འབེབས་བྱས་པ་ཞིག་ཡིན་ལ། དེ་གཉིས་ཀྱི་འབྲེལ་བའི་ཆ་ནས་བརྗོད་ན། ༼རྩ་ཁྲིམས༽ཞེས་པ་དེ་ནི་མ་ཁྲིམས་དང༌། ༼བཅའ་ཁྲིམས་༽ཞེས་པ་དེ་ནི་རྩ་ཁྲིམས་དེའི་ཁྱབ་ཁོངས་ཀྱི་བུ་ཁྲིམས་ལྟ་བུ་ཡིན། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཞེས་པ་འདི་ཕྱི་ལོ་༡༩༨༤ ལོའི་ཟླ་༥ ཚེས་༣༡ ཉིན་རྒྱ་དམར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་ཞེས་པའི་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་སྟེ། ༡༩༨༤ ལོའི་ཟླ་ ༥ ཚེས་ ༣༡ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་ཨང་ ༡༣ པའི་ཐོག་ཁྱབ་བསྒྲགས་བྱས་ཏེ་ལག་བསྟར་བྱས་པར་བརྗོད་འདུག་ལ། དེ་ལ་གླེང་གཞི་དང་ཞར་བྱུང་རྩིས་པའི་ལེའུ་བདུན་ཅན། ནང་གསེས་དོན་ཚན་༦༧ བཅས་ཀྱི་གྲུབ་འདུག བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་ངོ་༡༦ སོང་བའི་རྗེས། ཕྱི་ལོ་༢༠༠༠ ལོའི་ཟླ༡༠ ཚེས་༢༣ ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཐོག ༼མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དག་བཅོས་བྱ་རྒྱུའི་གྲོས་གཞི་༼མ་ཟིན་༽སྐོར་གྱི་གསལ་བཤད་ཞེས་པ་དེ་གཞི་བྱས་ཏེ། ཕྱི་ལོ་༢༠༠༡ ལོའི་ཟླ་༢ ཚེས་༢༨ ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་ཞེས་པའི་ཐོག་བཞག་པའི་༼མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་༽ལྟར་བཅའ་ཁྲིམས་དེ་ཉིད་ལ་བཟོ་བཅོས་བརྒྱབ་ཡོད་ལ་དེ་ལ་གླེང་གཞི་གཅིག་དང་ཞར་བྱུང་བཅས་ལེའུ་ཁག་བདུན་ཅན། ནང་གསེས་དོན་ཚན་༧༤ བཅས་ཡོད། རྗེས་མཐུད་ལག་བསྟར་བྱེད་ཕྱོགས་ཐད་ནས་ཕྱི་ལོ་༢༠༠༥ ཟླ་༥ ཚེས་༣༡ ཉིན་ཞིབ་ཕྲའི་ཁྲིམས་ཡིག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་ཕྱོགས་ཐད་ཀྱི་ཆོད་དོན་ཁ་ཤས་༽ཞེས་པ་ཞིག་གཏན་འབེབས་ཀྱིས་དངོས་སུ་ལག་ལེན་བསྟར་མུས་ཡིན་པར་བརྗོད། ད་ལྟ་ང་ཚོས་གླེང་བཞིན་པའི་བཅའ་ཁྲིམས་ཞེས་པ་འདི་ནི་མཐའ་མའི་གཏན་འབེབས་དེ་ཉིད་རེད། དངོས་སུ་བཅའ་ཁྲིམས་དེ་མ་གླེང་སྔོན་དུ་ང་ཚོས་ཐོག་མར་དོ་སྣང་བྱེད་དགོས་པ་ཞིག་ནི། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཞེས་པ་དེ་ཉིད་ཀྱི་གཞི་བཅོལ་སའི་མི་རིགས་སྲིད་ཇུས་ཀྱི་རྒྱབ་ལྗོངས་དང་བྱུང་རྐྱེན། དམིགས་ཡུལ་དང་རང་བཞིན་སོགས་ལ་ངོས་འཛིན་གསལ་བོར་ཞིག་བྱེད་དགོས་པ་དེ་རེད། དེ་ལྟར་བྱེད་ན་གཞི་ནས་བཅའ་ཁྲིམས་ཞེས་པ་དེ་གསལ་བོ་ཞིག་ངོ་འཕྲོད་ཐུབ་པའི་རེ་བ་ཡོད།
དམར་ཤོག་རྒྱལ་ཁབ་སྲོལ་འབྱེད་མཁན་ལེ་ཉིན་གྱིས་དམར་ཤོག་རིགས་པའི་ལྟ་བ་ལ་དྲག་ཆས་ཀྱིས་རྒྱབ་དཔུང་བྱས་ཏེ་ཨུ་རུ་སུ་དམར་བོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་ཁབ་ཐོག་མ་བཙུགས་པའི་ཤུགས་རྐྱེན་འོག རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་དང་འཚར་ལོངས་བྱུང་སྟེ། ལྷག་པར་དུ་རྒྱ་དམར་གྱིས་མི་རིགས་ཐོག་ལྟ་བ་འཁྱེར་ཕྱོགས་ཀྱི་ཆ་ནས་ཀྱང༌། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱིས་མི་རིགས་ཐོག་ཟིན་པའི་ལྟ་བ་ལ་གཞི་བཅོལ་ཏེ་གཏན་འབེབས་བྱས་པ་ཡིན་ཞེས་རྒྱ་དམར་རང་ཉིད་ཀྱིས་བརྗོད་དོན་ལྟར།
ཐོག་མར་དམར་ཤོག་པ་དེ་ཚོའི་མི་རིགས་ཐོག་ཟིན་པའི་སྲིད་ཇུས་ཀྱི་རྒྱབ་ལྗོངས་དང་ཐོག་མའི་ལྟ་བ་སོགས་དཔེ་མཚོན་དུ་དྲངས་ཏེ་ཅུང་ཙམ་གསལ་བརྗོད་བྱེད་ཐུབ་པར་འབད་བརྩོན་བྱེད་རྒྱུ་ཡིན།
བཅའ་ཁྲིམས་དེ་ཉིད་ཀྱི་གླེང་གཞིའི་འགོ་ན་ཁ་གསལ་སྒོས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཐུན་མོང་ནས་གསར་དུ་གཏོད་ཀྱང་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཡིན་ཞིང༌། མི་རིགས་ཀྱིས་ས་ཁོངས་རང་སྐྱོང་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་ལ་བརྟེན་ནས་རང་རྒྱལ་གྱི་མི་རིགས་སྐོར་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན་ལ་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན་༽ཞེས་བྲིས་ཡོད་པ་གཞིར་བཞག་གིས་ཐོག་མར་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཐོག་སྲིད་ཇུས་འཛིན་སྟངས་ཅུང་ཙམ་བརྗོད་ན།
ཐོག་མར་མི་རིགས་སུ་ཞིག་ཡིན་ཡང་༼རང་ཐག་རང་གཅོད་༽ཀྱི་ཐོབ་ཐང་ཡོད་པར་བརྗོད་དོན་ལ། མིའི་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང༌། གལ་སྲིད་ཕན་ཚུན་བར་ངོས་ལེན་ཡོད་པའི་ཐུན་མོང་གི་རིག་གནས་ཁྱད་ཆོས་དང་རང་ངོས་ནས་ཀྱང་མི་རིགས་གཅིག་ཡིན་པར་འདོད་ཀྱིན་ཡོད་ན། སྔ་མོ་ནས་རང་ཉིད་གཞི་བཅའ་སའྀ་ས་ཁོངས་ཐོག་རང་སྐྱོང་བྱེད་རྒྱུའི་ཐོབ་ཐང་ཡོད་པ་མ་ཟད། དེ་དང་མཉམ་དུ། མང་མོས་འོས་བསྡུ་ལ་བརྟེན་ཏེ་ས་ཁོངས་དེར་ཆབ་སྲིད་ཀྱི་བདག་དབང་ཡོད་པའི་རང་བཙན་རྒྱལ་ཁབ་འཛུགས་དགོས་མིན་གྱི་ཐོབ་ཐང་ཡང་ཡོད་༽པར་བརྗོད་ཡོད། ལྷག་པར་དུ་མི་རིགས་བར་གྱི་སྟོབས་ཤུགས་དྲག་ཞན་དང་ས་ཁྱོན་མི་གྲངས་ཀྱི་ཆེ་ཆུང་གི་ཁྱད་པར་གྱི་ཆ་ནས་༼གྲལ་རིམ་གྱི་སྤྱི་ཚོགས་ཁྲོད་དུ། མི་རིགས་ལ་མཚོན་ན། གཉའ་གནོན་བྱེད་མཁན་གྱི་མི་རིགས་དང་གཉའ་གཉོན་བྱེད་ཡུལ་གྱི་མི་རིགས་གཉིས་ཀྱི་གྲུབ་ཡོད་ཀྱང༌། གྲལ་རིམ་ལ་མཚོན་ནའང་དེ་མཚུངས་བཞིན། བཤུ་གཞོག་གྲལ་རིམ་དང་བཤུ་གཞོག་བྱེད་ཡུལ་བཅས་རིགས་གཉིས་སུ་དབྱེ་ཆོག དེ་དག་ལས་ལྟ་བ་དང་ལངས་ཕྱོགས་འཛིན་སྟངས་ཐད་ནས་ངེས་པར་དུ་གཉའ་གཉོན་བྱེད་ཡུལ་གྱི་མི་རིགས་དང་བཤུ་གཞོག་བྱེད་ཡུལ་གྱི་གྲལ་རིམ་གཉིས་ཀྱི་ཕྱོགས་སུ་ལངས་ཏཻ་མི་རིགས་ཀྱི་འཐབ་རྩོད་དང་གྲལ་རིམ་གྱི་འཐབ་རྩོད་བྱེད་དགོས་ཞེས་གསལ་སྟོན་གནང་ཡོད།
ལྷག་པར་དུ་དམར་ཤོག་བསམ་བློ་བ་ལེ་ཉིན་གྱིས། ༼སུ་ཞིག་གིས་མི་རིགས་རང་ཐག་རང་གཅོད་ཁས་མི་ལེན་ན། ཁོ་སྤྱི་ཚོགས་རིང་ལུགས་པ་མ་ཡིན་པ་མ་ཟད། མང་གཙོ་རིང་ལུགས་པའང་མ་ཡིན།༽ཞེས་དང༌། ཁོང་གིས་༼མི་རིགས་རང་ཐག་རང་གཅོད་ནི་མ་རྩ་རིང་ལུགས་པའི་མང་གཙོ་རིང་ལུགས་པར་ཆ་བཞག་ན། དེའི་རྩ་དོན་མཐོ་ཤོས་ཡིན་ནའང༌། སྤྱི་ཚོགས་རིང་ལུགས་པའི་དམར་ཤོག་ཚོགས་པའི་མི་ལ་ཆ་བཞག་ན། ངེས་པར་དུ་བསྒྲུབ་དགོས་པའི་སྔོན་འགྲོའི་ཆ་རྐྱེན་དེ་ཡིན།༽ཞེས་དང༌། དེ་མིན་ཁོང་གིས་༼མི་རིགས་རང་ཐག་རང་གཅོད་སྐོར་གླེང་བ་༽ཞེས་པའི་གསུང་རྩོམ་སོགས་སུ་བརྗོད་པ་ལྟར། དམར་ཤོག་ཚོགས་མི་དང་སྤྱི་ཚོགས་རིང་ལུགས་པ་ཁོ་ཚོ་ནི་རྒྱལ་སྤྱི་རིང་ལུགས་པ་ཡིན་པ་ལས། མི་རིགས་རིང་ལུགས་པ་མིན། འོན་ཀྱང་མི་རིགས་རིང་ལུགས་ལ་མི་རིགས་ཆེན་པོའི་མི་རིགས་རིང་ལུགས་དང༌། མི་རིགས་ཆུང་ངུའི་མི་རིགས་རིང་ལུགས་བཅས་དབྱེ་བ་གཉིས་སུ་ཕྱེས་དགོས། མི་རིགས་ཆེན་པོའི་མི་རིགས་རིང་ལུགས་ནི་ཕར་རྒོལ་རང་བཞིན་ཅན་དང༌། བྲན་གཡོག་རང་བཞིན་ཅན་ཡིན་པའི་རྐྱེན་གྱིས། དེ་ནི་དྲང་བདེན་མིན་པའི་རང་བཞིན་དུ་གྱུར་ཡོད། མི་རིགས་ཆུང་ངུའི་མི་རིགས་རིང་ལུགས་ནི་དོན་དངོས་ཐོག་རང་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་སྔོན་འགོག་གི་རང་བཞིན་ཅན་ཡིན་སྟབས། དེ་ལ་དྲང་བདེན་གྱི་རང་བཞིན་ལྡན་པ་ཡིན། དེར་བརྟེན། དམར་ཤོག་ཚོགས་མི་དང་སྤྱི་ཚོགས་རིང་ལུགས་པ་རྣམས་མི་རིགས་ཀྱི་གནད་དོན་ཐོག་ངེས་པར་དུ་མི་རིགས་ཆུང་ངུའི་མི་རིགས་རིང་ལུགས་ཀྱི་རྒྱབ་རྩར་ལངས་དགོས་པ་ལས། དེ་ལས་ལྡོག་སྟེ་མི་རིགས་ཆེན་པོའི་མི་རིགས་རིང་ལུགས་ཀྱི་ཕྱོགས་སུ་ལངས་མི་རུང༌། ཁྱད་པར་འདི་འབྱེད་རྒྱུ་ནི། མར་ཁེ་སི་རིང་ལུགས་དེ་མི་རིགས་ཀྱི་གནད་དོན་ཐོག་ཡང་དག་པ་ཡིན་མིན་གྱི་རྩ་བའི་གནད་དོན་ཞིག་ཡིན་པར་བརྗོད་ཡོད། དེ་ལྟ་བུའི་དམར་བོའི་གཞུང་ལུགས་ལ་ཁུངས་གཏུགས་ཏེ། ཀྲུང་གོའི་དམར་ཤོག་རྒྱལ་ཁབ་སྲོལ་འབྱེད་མཁན་མའོ་ཙེ་ཏུང་གིས་ཕྱི་ལོ་༡༩༤༩ བར་དུ་མི་རིགས་ཀྱི་རང་ཐག་རང་གཅོད་ཁས་ལེན་བྱས་ཡོད་ལ། ལྷག་པར་དུ་ཕྱི་ལོ་༡༩༤༥ ལོར་བརྩམས་པའི་༼མཉམ་སྦྲེལ་སྲིད་གཞུང་གླེང་བ་༽ཞེས་པའི་སྙན་ཐོའི་ནང་༼བོད་ནས་མི་རིགས་རང་ཐག་རང་གཅོད་ལག་ལེན་བྱེད་དགོས་པ་ཞིག་རེད་༽ཞེས་གསལ་བརྗོད་གནང་ཡོད། ཕྱིས་སུ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཤུགས་རྐྱེན་འོག་ཕྱི་ལོ་༡༩༤༩ ཚུན་ནས་བརྗོད་སྟངས་ལ་འགྱུར་བ་ཐེབས་ཡོད། ཁོས་༼མི་དམངས་ནང་ཁུལ་གྱི་འགལ་བ་ཡང་དག་པར་སེལ་དགོས་༽ཞེས་པའི་རྩོམ་ཡིག་ནང་བསྟན་དོན། དེ་རིང༌། རྒྱ་རིགས་ཆེན་པོརིང་ལུགས་དང་ས་གནས་མི་རིགས་རིང་ལུགས་ཀྱི་བསམ་བློ་དེ་གཉིས་སྤྱི་ཚོགས་རྙིང་པ་ལས་ལྷག་ཡོད་པའི་བསམ་བློ་ཞིག་ཡིན། དེ་གཉིས་ཀ་མི་དམངས་ནང་ཁུལ་གྱི་འགལ་བའི་ཁོངས་སུ་གཏོགས། འོན་ཀྱང་བསམ་བློ་འདི་གཉིས་ངེས་པར་དུ་འགོག་ཐབས་བྱ་དགོས། དེ་ལྟར་མ་བྱས་ན། མི་རིགས་མཐུན་སྒྲིལ་དང༌། རྒྱལ་ཁབ་གཅིག་གྱུར་དང་བརྟན་ལྷིང་ལ་གནོད་པ་ཡིན། དེ་དག་ལས་གནད་འགག་ཆེ་ཤོས་ནི་རྒྱ་རིགས་ཆེན་པོའི་རིང་ལུགས་འགོག་ཐབས་བྱ་རྒྱུ་དེ་ཡིན་ཞེས་བརྗོད་ཡོད།
དེ་མིན་ཀྲུང་གོའི་དམར་ཤོག་རྒྱལ་ཁབ་སྲོལ་འབྱེད་ཀྱི་བྱེ་བྲག་པ་སྐབས་དེའི་ཀྲུང་གོ་རྒྱལ་ཁབ་ཀྱི་སྲིད་འཛིན་ལིའུ་ཧྲའོ་ཆི་ཡིས་༡༩༥༤ ལོའི་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཟིན་བྲིས་སྐོར་གྱི་སྙན་ཞུ་༽ཞེས་པའི་ནང་བརྗོད་དོན། འདས་པའི་དུས་སུ་ལོག་སྤྱོད་དབང་སྒྱུར་གྲལ་རིམ་གྱི་ཤུགས་རྐྱེན་འོག རྒྱ་རིགས་མི་དམངས་དང༌། ཐ་ན་རྒྱ་རིགས་ལས་བྱེད་པའི་ཁྲོད། ད་དུང་རྒྱ་རིགས་ཆེན་པོའི་བསམ་བློ་ཞིག་འདུག དཔེར་ན། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་མི་བྱ་བ། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེར་བརྩི་མཐོང་མི་བྱ་བ། གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་མི་བྱ་བ། གྲངས་ཉུང་མི་རིགས་ལ་རང་ཉིད་ནང་ཁུལ་གྱི་ལས་དོན་བཀོད་འདོམས་བྱ་བའི་ཐོབ་ཐང་ཡོད་པར་ཁས་ལེན་མི་བྱ་བ། གྲངས་ཉུང་མི་རིགས་ས་ཁུལ་དུ་ལས་དོན་བྱེད་མུས་ཡིན་ནའང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་བརྩི་འཇོག་མི་བྱ་བ། ཁོང་ཚོ་དང་ལྷན་དུ་བྱ་བ་སྒྲུབ་སྐབས་གྲོས་བསྡུར་མི་བྱ་བ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དངོས་ཡོད་ཀྱི་ལས་དོན་ཁྲོད་རང་ཉིད་ཀྱི་ལས་ཀའི་ནུས་རྩལ་གོང་མཐོར་གཏོང་བའི་ནུས་པ་ཡོད་པར་ཡིད་ཆེས་མི་བྱེད་པ་སོགས་ལྟ་བུ། འདི་ལྟ་བུའི་རྒྱ་རིགས་ཆེན་པོ་རིང་ལུགས་ཀྱི་བསམ་སྤྱོད་ཀྱིས། མི་རིགས་མཐུན་སྒྲིལ་ལ་གནོད་གཞིར་འགྲོ་བ་དང༌། རང་རེའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱབ་འགལ་དུ་གྱུར་ཡོད་པར་གདོན་མི་ཟ། དེར་བརྟེན། རྒྱ་རིགས་མི་དམངས་དང་རྒྱ་རིགས་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་རྒྱ་རིགས་ཆེན་པོ་རིང་ལུགས་ཀྱི་བསམ་བློ་འགོག་ཐབས་ལ་དོ་སྣང་ངེས་པར་དུ་བྱ་དགོས་པར་བརྗོད་ཡོད།
ཀྲུང་གོའི་སྲིད་བློན་ཀྲུའུ་ཨན་ལེ་སོགས་ཀྱིས་ཐེངས་མང་དུ་བརྗོད་དོན་ལ། རྒྱ་རིགས་དབང་སྒྱུར་པས་ལོ་རྒྱུས་ཐོག་གྲངས་ཉུང་མི་རིགས་ལ་གནོད་པའི་ལས་དོན་མང་བོ་བསྒྲུབས་མྱོང་ཡོད། ཁོང་ཚོ་ལ་བུ་ལོན་ཆད་ཡོད། ཁོང་ཚོ་རི་མཐོན་པོ་དང་མཐའ་མཚམས་སུ་བསྐྲད་ཡོད། དེ་རིང༌། ང་ཚོས་གྲངས་ཉུང་མི་རིགས་ཁག་ལ་བུ་ལོན་སྒྲུབ་འཇལ་དགོས་པའི་རྣམ་འགྱུར་གྱིས་ཁོང་ཚོར་འབྲེལ་ལམ་བྱ་དགོས་ཞེས་དང༌།
ཀྲུང་གོ་རྒྱལ་ཁབ་སྒོ་འབྱེད་དང་བསྒྱུར་བཅོས་བྱེད་མཁན་ཏིང་ཞོ་ཕིན་གྱིས་ལྷོ་ནུབ་ལས་དོན་གཙོ་སྐྱོང་བྱེད་སྐབས།༼ལྷོ་ནུབ་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་སྐོར་གྱི་སྙན་ཞུ་༽ཞེས་པར་བརྗོད་དོན། གལ་ཏེ་ང་ཚོས་ཐུན་མོང་གི་རྩ་དོན་གཞིར་བཟུང་བྱ་བ་སྒྲུབ་པ་དང༌། ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་བཅས་ཀྱི་ཐོག་ལྷག་བསམ་རྣམ་དག་གིས་ཁོ་ཚོར་རོགས་རམ་བྱེད་པ་དང༌། མི་རིགས་ཆེན་པོ་རིང་ལུགས་དོར་བ་ཡིན་ན། གྲངས་ཉུང་མི་རིགས་རྣམས་ཀྱིས་གུ་དོག་པའི་མི་རིགས་རིང་ལུགས་ཀྱི་ལྟ་བ་འདོར་ངེས་ཡིན། གུ་དོག་པའི་མི་རིགས་རིང་ལུགས་ནི། མི་རིགས་ཆེན་པོ་རིང་ལུགས་ལས་བྱུང་བ་ཞིག་ཡིན་ལ། མི་རིགས་ཆེན་པོ་རིང་ལུགས་ཐད་ཀར་དུ་ཚུར་སྣང་བྱུང་བ་ཞིག་ཀྱང་ཡིན། དེ་རིང༌། ང་ཚོས་གྲངས་ཉུང་མི་རིགས་ཁག་ལ་ཐོག་མར་ཁོ་རང་ཚོའི་གུ་དོག་པའི་མི་རིགས་རིང་ལུགས་འདོར་དགོས་པའི་རེ་འདུན་འདོན་མི་རུང༌། ང་ཚོས་དོ་དོ་ཏན་ཏན་གྱི་སྒོ་ནས་མི་རིགས་ཆེན་པོ་རིང་ལུགས་རྩ་མེད་བཟོ་དགོས། མི་རིགས་ཆེན་པོ་རིང་ལུགས་རྩ་མེད་བཟོས་འཕྲལ། གྲངས་ཉུང་མི་རིགས་ཀྱི་གུ་དོག་པའི་མི་རིགས་རིང་ལུགས་དེའང་རང་བཞིན་གྱིས་ཡལ་འགྲོ་བ་ཡིན་ཞེས་དང༌། དེ་མིན་ཁོང་གིས་ནམ་རྒྱུན་ཏུ་༼མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་གཞི་ལག་ལེན་བསྟར་དགོས།༽ཞེས་ཚོགས་འདུ་མང་པོའི་སྟེང་ནན་བརྗོད་བྱས་ཡོད་པ་སོགས་ནས་ཀྱང་དམར་བོའི་གཞུང་ལུགས་སུ་བརྗོད་པའི་མི་རིགས་སྲིད་ཇུས་དང་དངོས་ཡོད་གནས་སྟངས་ཁྲོད་དུ་གྲངས་ཉུང་མི་རིགས་ལ་མཐོང་ཆུང༌། དེ་མིན་ཡང་དག་པའི་མི་རིགས་སྲིད་ཇུས་ཤིག་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་ལག་ལེན་བསྟར་གྱིན་མེད་པ་མཐོང་ཐུབ་ལ་གཞུང་ལུགས་སུ་མུར་བརྗོད་བྱེད་བཞིན་པའི་རྒྱབ་ལྗོངས་དང་ད་ལྟའི་བོད་ཀྱི་དངོས་ཡོད་གནས་སྟངས་གཉིས་བར་ན་ཇི་འདྲའི་ཁྱད་པར་ཞིག་ཡོད་པའང་ངང་གིས་རྟོགས་ཐུབ།
རྒྱ་དམར་གྱིས་བོད་མི་རིགས་ལ་རང་ཐག་རང་གཅོད་ཀྱི་ཐོབ་དབང་ཡོད་པ་གཞིར་བཞག་གིས་སྔར་བཞག་གྲོས་ཆོད་སྣ་ཚོགས་ཀྱི་དཔེ་མཚོན་ངོ་སྤྲོད་བྱེད་པ།
ཕྱི་ལོ་༡༩༢༡ ལོར་ཀྲུང་གོ་གུང་ཁྲན་ཏང་གི་ཐེངས་དང་པོའི་ཚོགས་འདུའི་སྟེང་བསྒྲགས་གཏམ་སྤེལ་ཡོད་ལ། དེར་ན་བོད་དང་ཡུ་གུར། སོག་པོ་བཅས་གསུམ་ཀྲུང་གོའི་མངའ་ཁོངས་ནས་རང་བཙན་ངང་ཨུ་རུ་སི་རྒྱལ་ཁོངས་སུ་ཞུགས་ཆོག་པར་བརྗོད་ཡོད།
ཕྱི་ལོ་༡༩༢༢ ཟླ་༦ པར་རྒྱ་ནག་དམར་ཤོག་ཚོགས་ཆེན་སྐབས་གཉིས་པར་༼ཀྲུང་གོ་རང་ཉིད་དམག་ཤེད་ཅན་གྱི་བཅད་བཟུང་འོག་གནས་ཡོད་ལ། ད་ལྟ་ཀྲུང་གོ་རང་ཉིད་ཀྱིས་ས་ཁོངས་གཅིག་གྱུར་བྱེད་ཐབས་བྲལ། ཀྲུང་གོ་ཡོངས་རྫོགས་གཅིག་གྱུར་དེ་མངོན་དུ་འགྱུར་དགོས་ན། ཀྲུང་གོ་འདི་ཉིད་འཛམ་གླིང་བཙན་རྒྱལ་རིང་ལུགས་དང་ཁ་འབྲལ་རྒྱུ་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་དམག་ཤེད་ཅན་རྩ་མེད་བཟོས་ཏེ། དངོས་གནས་དྲང་གནས་ཀྱི་མང་གཙོ་རིང་ལུགས་རྒྱལ་ཁབ་འཛུགས་ཐུབ་པའི་སྐབས་སུ་ཡིན་ཞེས་དང༌། ཀྲུང་གོ་གུང་ཁྲན་ཏང་༼དམར་ཤོག་ཚོགས་པའི་མིང༌།༽ སྐབས་གཉིས་པའི་ཚོགས་ཆེན་གྱིས་འདོད་ཚུལ་དུ་ཉེ་ལམ་ཤེད་ཤུགས་ཡོད་ཚད་ཀྱིས་རེ་བ་འདོན་རྒྱུ་ནི། ༼༡། ནང་ཁུལ་གྱི་ཟིང་འཁྲུག་དང་དམག་ཤེད་ཅན་རྩ་མེད་བཟོས་ཏེ་རྒྱལ་ནང་གི་ཞི་བདེ་འཛུགས་སྐྲུན་བྱེད་རྒྱུ། ༼༢།རྒྱལ་སྤྱིའི་བཙན་རྒྱལ་རིང་ལུགས་གྱི་གཉའ་གནོན་རྩ་གཏོར་བཏང་སྟེ་ཀྲུང་ཧྭ་མི་རིགས་ཕྱོགས་ཐམས་ཅད་ནས་རང་བཙན་ཐོབ་ཐབས་བྱ་རྒྱུ། ༼༣། ཀྲུང་གོའི་ས་ཁོངས་གཅིག་གྱུར་བྱེད་རྒྱུ་དང་དེའི་ཁོངས་སུ་ཤར་ཕྱོགས་ཞིང་ཆེན་གསུམ་ཚུད་ཡོད། ༼༤། སོག་པོ་དང་བོད། ཡུ་གུར་བཅས་ཁག་གསུམ་དུ་རང་སྐྱོང་ལག་བསྟར་བྱས་ཏེ་མང་གཙོའི་རྒྱལ་ཕྲན་རང་སྐྱོང་བྱེད་རྒྱུ། ༼༥། རང་དབང་རྒྱལ་ཕྲན་མཉམ་འབྲེལ་གྱི་རྩ་དོན་ཐོག སོག་པོ་དང་བོད། ཡུ་གུར་བཅས་དང་མཉམ་འབྲེལ་སྒོས་ཀྲུང་ཧྭ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་འཛུགས་རྒྱུ།
༡༩༣༡ ལོའི་ཟླ་༡༡ ནང་རྒྱལ་ཡོངས་དམར་ཤོག་འཐུས་ཚོགས་ཐེངས་དང་པོའི་ཐོག་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པའི་བཅའ་ཁྲིམས་གནད་བསྡུས་དོན་ཚན་བཅུ་བཞི་པའི་བསྒྲགས་གཏམ་ནང་འཁོད་དོན། ཀྲུང་ཧྭ་དམར་ཤོག་སྲིད་དབང་གིས། རྒྱ་ནག་མངའ་ཁུལ་གྱི་གྲངས་ཉུང་མི་རིགས་ཚང་མར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་མ་ཟད། ཐ་ན་མི་རིགས་སོ་སོས་རྒྱ་ནག་དང་ཁ་བྲལ་ཏེ་རང་དབང་གི་རྒྱལ་ཁབ་གསར་འཛུགས་བྱ་རྒྱུའི་ཐོབ་ཐང་ཡོད་པར་ངོས་ལེན་བྱ་རྒྱུ། རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་སོག་པོ་དང༌། ཁ་ཆེ། བོད། མེའོ། ལི། ཀོ་ལི་སོགས་ཀྱིས་རྒྱ་ནག་གི་དམར་ཤོག་མཉམ་འབྲེལ་ཚོགས་པར་འཛུལ་ཞུགས་སམ། ཚོགས་པ་ནས་ཕྱིར་ཐོན། ཡང་ན་རང་རང་གི་གནས་ཁུལ་གསར་འཛུགས་བཅས་མི་རིགས་སོ་སོའི་འདོད་མོས་ལྟར་ཐག་གཅོད་བྱ་རྒྱུ། ་་་་་་་་་་་ ཞེས་དང༌།
དམར་དམག་རྒྱང་བསྐྱོད་སྐབས་སུ། རྒྱ་རོང་གི་བོད་མི་རྣམས་ལ་རྒྱབ་སྐྱོར་གྱིས་དེ་ཁུལ་ནས་ཕྱི་ལོ་༡༩༣༥ ལོར་དགེ་ལེགས་སྡེ་གསར་སྤྱི་མཐུན་རྒྱལ་ཁབ་འབོད་པའི་བོད་རང་ཉིད་ཀྱི་རང་ཐག་རང་གཅོད་ཀྱི་སྲིད་གཞུང་ཞིག་ཀྱང་བཙུགས་འདུག
དམར་དམག་རྒྱང་བསྐྱོད་ཞེས་པའི་སྐབས་སུ། ༡༩༣༥ ཟླ་༨ ཚེས་༥ ཉིན་མདོ་སྨད་མཛོད་དགེའི་ཚོགས་འདུའི་ཐོག དབུས་ཆབ་སྲིད་ཅུའུ་རྒྱུན་ལས་ལྷན་ཚོགས་ཐོག་གཏན་འབེབས་བྱས་པའི་གྲོས་ཆོད་ནང༌། རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་དམར་ཤོག་གཞུང་གཉིས་ཀྱི་གྲངས་ཉུང་མི་རིགས་ཐོག་རྩ་བའི་ལངས་ཕྱོགས་ནི། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཁོང་ཚོར་མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་ལེན་བྱ་རྒྱུ་སྟེ། ཆབ་སྲིད་ཐོག་འདོད་མོས་བཞིན་གཉའ་གནོན་བྱེད་པོའི་མི་རིགས་ཏེ། རྒྱ་མི་རིགས་དང་ཁ་བྲལ་ཏེ་རང་བཙན་བྱེད་པའི་ཐོབ་ཐང་ཡོད། རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་དམར་ཤོག་སྲིད་གཞུང་གཉིས་ཀྱིས་དོན་དངོས་ཐོག་ཁོང་ཚོའི་མི་རིགས་རང་བཙན་དང་བཅིངས་འགྲོལ་གྱི་ལས་འགུལ་ལ་རོགས་རམ་བྱེད་ཀྱིན་ཡོད། དེར་མ་ཟད། རྒྱ་ནག་གི་དམར་ཤོག་ཚོགས་མི་རྣམས་ཀྱིས་མར་ཁེ་སི་དང༌། ཨིན་ཁེ་སི། ལེ་ཉིན། སི་ཏ་ལིན་བཅས་ཀྱི་མི་རིགས་སྐོར་གྱི་གཞུང་ལུགས་ཁག་ལ་ངེས་པར་དུ་སློབ་སྦྱོང་བྱ་དགོས་པ་མ་ཟད། དམར་ཤོག་ཚོགས་པའི་མི་རིགས་སྐོར་གྱི་སྲིད་ཇུས་ངེས་པར་དུ་ལག་བསྟར་བྱ་དགོས་ཞེས་དང༌།
༡༩༣༥ལོའི་ཟླ་༨པར་དམར་དམག་རྒྱང་བསྐྱོད་ཞེས་པའི་དམག་དཔུང་ཁམས་ཀྱི་བྱང་ཁུལ་དཀར་མཛེས་ཁུལ་དུ་འབྱོར་སྐབས། དམར་ཤོག་ཚོགས་པའི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང༌། ཀྲུང་གོའི་དམག་དོན་ཨུ་ཡོན་ལྷན་ཁུངས་ཀྱི་དམག་སྤྱི་ཆེན་པོ་ཀྲུའུ་ཏེས་དབུ་འཁྲིད་འོག ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་པའི་སྲིད་གཞུང་ཞེས་གསར་འཛུགས་བྱས་ཡོད། ལོ་རྒྱུས་ཡིག་ཆའི་ནང་འཁོད་དོན་ལྟར་ན། བོད་པ་ཡི་སྡེ་པ་གཞུང་ཞེས་པའི་གསར་བརྗེའི་ཚོགས་པའི་རྩ་འཛིན་ཁྱོན་བསྡོམས་དོན་ཚན་བཅུ་ཡོད་པ་གཤམ་གསལ།
དང་པོ། རྒྱ་དཔོན་དང༌། དམག་ཤེད་ཅན། དབྱིན་ཇི་དང་འཇར་པན་བཙན་རྒྱལ་རིང་ལུགས་ཕམ་པར་བྱས་ཏེ། དེ་དག་གི་བཟོ་གྲྭ་དང༌། གཏེར་ཁ། ས་ཞིང༌། རྒྱུ་དངོས་གཞུང་བཞེས་ཀྱིས་བོད་པ་ཡི་སྡེ་པ་གཞུང་ལ་འབུལ་རྒྱུ།
གཉིས་པ། བོད་མི་རང་བཙན་གྱིས་བོད་པའི་སྡེ་པ་གཞུང་ཞེས་རང་བཙན་གྱི་སྲིད་གཞུང་གསར་འཛུགས་བྱས་ཏེ། བོད་པ་རང་ཡུལ་རང་བཙན་བྱ་རྒྱུ།
གསུམ་པ། བོད་པའི་རང་བཙན་དམག་དཔུང་གསར་འཛུགས་ཀྱིས། བོད་པའི་རང་བཙན་སྲུང་སྐྱོབ་བྱ་རྒྱུ།
བཞི་པ། ས་ཞིང་རྣམས་བོད་པའི་སྡེ་པར་བགོ་བ་དང༌། ས་ཞིང་འདེབས་མཁན་སུ་ཡིན་པ་དེ་ལ་བགོད་འགྲེམས་བྱ་རྒྱུ། ས་ཞིང་རང་དབང་གིས་ཉོ་ཚོང་དང་བོགས་མར་གཏོང་ཆོག ས་ཞིང་ལ་ཆུ་ཡུར་བཟོས་ཤིང་སྤྱོད་མཁན་ལ་གཟེངས་བསྟོད་བྱ་རྒྱུ།
ལྔ་པ། གྲལ་རིམ་ལམ་ལུགས་རྩིས་མེད་གཏོང་རྒྱུ། བོད་པའི་སྡེ་པ་གཞུང་མི་དམངས་ཡོངས་རྫོགས་འདྲ་མཉམ་ཡིན་ཞིང༌། བུད་མེད་དང་གཞོན་ནུ་ཚོར་དམིགས་བསལ་གྱིས་སྲུང་སྐྱོབ་བྱ་རྒྱུ།
དྲུག་པ། ཆོས་ལུགས་དད་མོས་རང་དབང་ཡིན་ལ། རབ་བྱུང་བ་ནས་སྐྱ་སར་ཕེབས་རྒྱུའང་རང་དབང་ཡིན། དགོན་པ་ཁག་གི་ས་ཞིང་གཞུང་བཞེས་གཏོང་རྒྱུ་མིན།
བདུན་པ། བྲན་གཡོག་རྣམས་བཅིངས་འགྲོལ་བཏང་སྟེ། བྲན་གཡོག་རྣམས་བཀོལ་སྤྱོད་གཏོང་བ་དང༌། ཁྲལ་དང་འབུལ་སྒོ་ཡོངས་རྫོགས་རྩིས་མེད་གཏོང་རྒྱུ།
བརྒྱད་པ། ཕྱུགས་ལས་ཡར་རྒྱས་གཏོང་རྒྱུ། ཕྱུགས་ར་དང་འབྲོག་ས་སྲུང་སྐྱོབ་དང༌། འབྲོག་པའི་འཚོ་བ་ཡར་རྒྱས་གཏོང་རྒྱུ།
དགུ་པ། འབྲུ་རིགས་ཀྱི་ཁྲལ་འབབ་ཆག་ཡང་གཏོང་རྒྱུ། ཚོང་ལས་ལ་གཟེངས་བསྐུལ་དང༌། བཟོ་པ་ལ་སྲུང་སྐྱོབ་བྱ་རྒྱུ།
བཅུ་པ། དམར་དམག་དང་བོད་པའི་སྡེ་པ་གཞུང་ལ་རྒྱབ་སྐྱོར་བྱེད་པའི་ཚོགས་པ་དང་མི་སྒེར་ཡོད་ཚད་ལ་མཉམ་འབྲེལ་བྱ་རྒྱུ།
ཕྱོགས་སོ་སོར་སྐུལ་སློང་དང་གྲོས་མོལ་བྱས་པ་བརྒྱུད། དཀར་མཛེས་དགོན་པའི་བསྐལ་བཟང་དགེ་འདུན་སྐུ་ཕྲེང་ལྔ་པ་དགེ་སྟག་སྤྲུལ་སྐུ་བོད་པ་སྲིད་གཞུང་གི་ཀྲུའུ་ཞིའི་གོ་གནས་སུ་ཕེབས་པ་དང༌། གཞན་ཡང་མཐོ་རིམ་མི་སྣ་དུ་མ་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགོ་འཁྲིད་དུ་བསྐོས། ཁམས་སྟོད་ཀྱི་ཞབས་དཀར་སྟོབས་ལྡན་གྱིས་ཕྱི་འབྲེལ་སྐོར་གྱི་འགན་ཁུར་ཞིང༌། ཁམས་སྨད་ཀྱི་སྤང་མདའ་རྡོ་རྗེ་ཡིས་ནོར་སྲིད། མགོན་པོ་ཚེ་རིང་ཧེ་ཀྲིང་ཐོ་དང་བཀྲ་ཤིས་དབང་ཕྱུག་སོགས་ཀྱིས་དམག་དོན་སོགས་ཀྱི་ལས་འགན་ཁུར།
བོད་པའི་ཐེངས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བསྒྲགས་གཏམ་སྤེལ་ཏེ་ ༼ང་ཚོས་འཛམ་གླིང་ཡོངས་དང་ཀྲུང་གོ་ཡོངས་ལ་གསལ་བསྒྲགས་བྱེད་རྒྱུ་ནི། བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་ཉིད་ཕྱི་ལོ་༡༩༣༦ ལོར་ཟླ་༥ ཚེས་༡ ཉིན་དངོས་སུ་དབུ་བརྙེས་པ་ཡིན། དབུས་དང་ཁམས། མཚོ་སྔོན་གྱི་ས་ཁོངས་ཡོད་ཚད་ངེས་པར་དུས་ནམ་ཡང་བོད་པ་རང་ཉིད་ཀྱིས་བདག་སྐྱོང་བྱེད་དབང་ཡོད་པ་༼འདིའི་དབར་གྱི་ནང་དོན་ཁ་ཤས་ཡིག་ཆར་འཁོད་མི་འདུག༽ ལོ་ངོ་སྟོང་ཕྲག་ཡར་སྔོན་དུ། ང་ཚོའི་བོད་ཀྱི་མེས་པོ་རྣམས་ཀྱིས་རླབས་ཆེ་བའི་བཙན་པོའི་རྒྱལ་ཁབ་བཙུགས་ཤིང༌། ཁམས་དང་དབུས། མཚོ་སྔོན་དང་སི་ཁྲོན། ཀན་སུའུ་དང་ཡུན་ནན་སོགས་ཀྱི་ཆ་ཤས་བཅས་ཚུད་ཡོད་ལ། བཙན་པོའི་རྒྱལ་ཁབ་དེ་ཉིད་ལོ་ངོ་༣༠༠ ལྷག་ལ་རང་བཙན་ངང་གནས་ཡོད་ཀྱང༌། ཕྱིས་སུ་རྒྱ་རིགས་ཀྱི་གོང་མས་ཐབས་བརྒྱ་ཇུས་སྟོང་གིས་དབང་དུ་བསྡུས་པ་རེད། མན་ཇུ་གོང་མའི་སྐབས་སུ། ཐེངས་གསུམ་ལ་བོད་དུ་དམག་དྲངས་ཤིང༌། ཀྲོ་ཨར་ཕིན་གྱིས་ཁམས་དར་མདོ་ཕྱོགས་སུ་བཙན་གྱིས་དམག་རྒྱབ་ཅིང༌། ཁྲིན་ཤ་ལིན་དང་༼ནང་དོན་འཁོད་མི་འདུག་༽ཀྲང་ཐོན་ཀྲང་༼ཐོན་ཀྲང་ཞེས་པ་དམག་དཔོན་གྱི་གོ་གནས་ཤིག་སྟེ་ཧ་ལམ་དམག་མི་ཉིས་སྟོང་ལྷག་ཡོད་ཚོད་འདུག༽ དེ་ཚོ་ལ་རྒྱ་རིགས་ཆེན་པོའི་རིང་ལུགས་དང་བོད་རྩ་མེད་དུ་གཏོང་འདོད་མེད་མཁན་སུ་ཞིག་ཡོད། ༼འདི་ནས་ཀྱང་ནང་དོན་ཆད་འདུག༽རྩ་མེད་དུ་ཆགས་འདོད་མེད་པའི་བོད་པའི་མི་དམངས་རྣམས། ཡར་ལོངས་ཤོག་ཡ་ཞེས་དང༌།
སྐབས་དེར་རྒྱ་དམར་གྱིས་ཨུ་རུ་སིའི་དམར་བོའི་མི་རིགས་སྲིད་ཇུས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་དབང་ཡོད་པའི་ལྟ་བ་གཞི་བྱས་ཏེ། ཨ་མདོ་དང་ཁམས་ཕྱོགས་གང་ས་ནས་རང་ཐག་རང་གཅོད་ཀྱི་སྲིད་གཞུང་འདྲ་མིན་འཛུགས་རོགས་བྱས་ཡོད་ལ། ཕྱོགས་གཅིག་ནས་སྐབས་དེའི་རྒྱ་དམར་གྱི་སྟོབས་ཞན་ཞིང༌། གཉིས་ནས་སྐབས་དེའི་རྒྱ་ནག་གི་རྒྱལ་ཁབ་གོ་མིན་ཏང་གིས་ཟིན་ཡོད་སྟབས་དགོས་དབང་གིས་མི་རིགས་གཞན་གྱི་རྒྱབ་སྐྱོར་ལ་བརྟེན་ཏེ་རང་ཉིད་ཀྱི་ཁེ་ཕན་བསྒྲུབས་ཐབས་ཤིག་ཀྱང་རེད་འདུག ཕྱིས་སུ་རིམ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་ཨུ་རུ་སིའི་རྒྱབ་སྐྱོར་ལ་བརྟེན་ཏེ་རྒྱ་དམར་གྱི་དཔུང་སྟོབས་རྒྱས་ཡོད་ཀྱང༌། རྒྱ་དམར་གྱི་དེ་སྔའི་ཡིག་ཆ་དག་ལ་ཞིབ་བསྡུར་བྱས་ན། ཉུང་མཐའ་ཡང་ཕྱི་ལོ་༡༩༤༥ བར་དུ་ བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ཁས་ལེན་བྱས་ཡོད་པར་གཞིགས་ན་བོད་འདི་དེ་སྔ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའང་ཤུགས་ནས་ཁས་ལེན་བྱས་ཡོད།
བོད་དང་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་ཆབ་སྲིད་ཕྱོགས་ཁག་ཆེན་པོ་གཉིས་བར་གྱི་འཐབ་རྩོད།
ཕྱི་ལོ་༡༩༤༩ ལོར་ཟླ་༡ ཚེས་༨ ཉིན། རྒྱ་གར་དུ་གནས་སྡོད་པ་ཨ་རིའི་གཞུང་ཚབ་ཆེན་མོས་Ambassador L Henderson) རྒྱ་ནག་གོ་མིན་ཏང་སྲིད་གཞུང་རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་དམར་གྱིས་ཕམ་པར་རྒྱབ་པ་མཐོང་སྟེ། ཨ་རི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གསང་ཏར་ཕུལ་དོན་ལ། ཨ་རིའི་གཞུང་ངོས་ནས་དེ་སྔ་རྒྱ་ནག་གིས་བོད་ལ་ཆབ་སྲིད་ཀྱི་བདག་དབང་ཡོད་པ་ཁས་ལེན་བྱས་ཡོད་པ་དེའི་ལངས་ཕྱོགས་ལ་འགྱུར་བ་གཏོང་སྟེ་ངེས་པར་དུ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུའི་དགོངས་པ་བཞེས་དགོས་ཅིང༌། དེ་ནི་ཨ་རིའི་ཨེ་ཤི་ཡའི་ཤར་ལྷོ་ཕྱོགས་ནས་ཀྲུང་གོ་གུང་ཁྲན་ཏང་བཀག་སྡོམ་བྱེད་པའི་དགོས་མཁོ་དང་བསྟུན་དགོས་པའི་རེ་བ་ཞུས་ཡོད་ལ། གལ་སྲིད་གུང་ཁྲན་ཏང་གིས་ལམ་ལྷོང་ཆེན་པོས་ཕྱོགས་ཡོངས་ནས་རྒྱ་ནག་སྐམ་སར་དབང་སྒྱུར་བྱེད་ཐུབ་ཚེ། ཨ་རིའི་ངེས་པར་དུ་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ཁས་ལེན་བྱེད་རྒྱུའི་གྲ་སྒྲིག་བྱེད་དགོས་པའི་བསམ་འཆར་བཏོན་ཡོད་འདུག གནས་ཚུལ་དེ་གུང་ཁྲན་རྒྱལ་སྤྱིའི་ཞེས་པའི་དམར་ཤོག་པར་ཐོབ་སྟེ། སི་ཏཱ་ལེན་གྱིས་བོད་ལ་རང་བཙན་ཐོབ་ན་ཨུ་རུ་སིའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་མཐུན་པར་དངོས་འཛིན་གྱིས། ཕྱི་ལོ་༡༩༤༩ ལོའི་ཟླ་༡ སི་ཏཱ་ལེན་གྱིས་གསང་སྟབས་ཀྱིས་ཨུ་རུ་སིའི་དམར་ཤོག་དབུས་ཆབ་སྲིད་རྒྱུན་ལས་མིས་ཀོ་ཡཱང་ཞེས་པ་རྒྱ་ནག་ཏུ་བཏང་སྟེ། རྒྱ་དམར་གྱི་འགོ་གཙོ་རྣམ་པར་སི་ཏཱ་ལེན་གྱིས་གལ་ཆེ་བའི་དགོངས་གཞི་དེ་བརྒྱུད་སྤྲོད་བྱས་ཡོད་འདུག ཟླ་༢ ཚེས་༡ ནས་༣ བར་ཉིན་གསུམ་རིང༌། གནད་དོན་དེའི་ཐད་སྐབས་དེར་རྒྱ་དམར་གྱི་དབུས་གཞུང་གནས་སྐབས་རིང་གནས་སྡོད་བྱས་ཡོད་སར་ཤི་པོ་ཕོར་ནས་མའོ་ཙེ་ཏུང་དང་ལིའུ་ཧྲའོ་ཆི་སོགས་འགོ་ཁྲིད་དང་མཉམ་དུ་བཀའ་མོལ་བྱས་ཡོད་འདུག་ལ། སྐབས་དེར་སྐད་སྒྱུར་བྱེད་མཁན་ནི་རྒྱ་རིགས་ཧྲི་ཀྲེ་ཞེས་པ་དེ་ཡིན་འདུག ཚེས་༤ ཉིན་མིས་ཀོ་ཡཱང་གིས་ཏར་འཕྲིན་བརྒྱུད་དེ་སི་ཏཱ་ལེན་ལ་མའོ་སོགས་ལ་བཀའ་དགོངས་བརྒྱུད་སྤྲོད་བྱས་པའི་གནས་ཚུལ་འདི་ལྟར་ཞུས་འདུག གུས་པས་མའོ་ཙེ་ཏུང་ལ་བཀའ་གསུང་བརྒྱུད་སྤྲོད་བྱེད་དོན་ལ། ང་ཚོའི་དབུས་སྤྱི་ཁྱབ་རྒྱུན་ལས་ནས་ཀྲུང་གོ་གུང་ཁྲན་ཏང་ལ་མི་རིགས་ཀྱི་གནད་དོན་ཐོག་ནས་ཐད་དྲགས་པས་གུ་ཡངས་གཏོང་མི་རུང་བའི་བསམ་འཆར་བཏོན་ཏེ། གལ་སྲིད་གྲངས་ཉུང་མི་རིགས་ལ་རང་བཙན་སྤྲད་པ་ཡིན་ན། རྒྱ་དམར་ལ་སྲིད་དབང་ཐོབ་ཕྱིས་ནས་རྒྱལ་ཁབ་ཀྱི་ས་ཁྱོན་ཆུང་རུ་འགྲོ་རྒྱུ་ཡིན་སྟབས། གྲངས་ཉུང་མི་རིགས་ལ་རང་སྐྱོང་སྤྲོད་རྒྱུ་ལས་རང་བཙན་སྟེར་མི་རུང་ཞེས་བརྗོད་ཡོད་འདུག
ཕྱི་ལོ་༡༩༤༩ ལོའི་ཟླ་༧ ཚེས་༨ ཉིན་བོད་གཞུང་བཀའ་ཤག་གིས་རྒྱ་གར་ཀ་ལོན་སྦུག་རླུང་འཕྲིན་བརྒྱུད་གོ་མིན་ཏང་སྲིད་གཞུང་དང་བོད་སྡོད་དོན་གཅོད་དང་བཅས་པར་ལྷ་སར་གནས་སྡོད་གོ་མིན་ཏང་སྲིད་གཞུང་གི་དཔོན་རིགས་ལས་བྱེད་དང་དེ་ཚོའི་ནང་མི་མི་གྲངས་༢༠༠ ལྷག་ཡོད་པ་ངེས་པར་དུ་མགྱོགས་མྱུར་སྒོས་ཕྱིར་རྒྱ་ནང་དུ་ལོག་དགོས་པའི་གསལ་བསྒྲགས་བྱས་དོན་བཞིན། ཟླ་༧ ཚེས་༡༡ དང་༡༧ ཚེས་༢༠ བཅས་སུ་རིམ་པ་ཁག་གསུམ་བགོས་ཏེ་བོད་ནས་ཕྱིར་འབུད་བྱས་ཡོད་འདུག ཉིན་དེར་ཨ་རིའི་རླུང་འཕྲིན་ཁང་ནས་བོད་ཀྱིས་གོ་མིན་ཏང་ཕམ་ལ་ཉེ་བའི་གོ་སྐབས་དང་བསྟུན་ཏེ། ཕྱོགས་ཡོངས་ནས་རྒྱ་ནག་སྲིད་གཞུང་དང་ཁ་བྲལ་འགྲོ་སྲིད་པ་རེད་ཅེས་རྒྱང་བསྒྲགས་བྱས་འདུག དབྱིན་ཇུས་ཀྱི་གསར་ལམ་ཁག་ནས་དེ་བསྟུན་གྱིས་དབྱིན་ཇུས་རྒྱལ་ཁབ་ཀྱིས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་དང་རྒྱ་ནག་གི་བདག་འཛིན་འོག་ཡོད་ཅེས་པའི་བརྗོད་སྟངས་ལ་དུས་ནམ་ཡང་ཁས་ལེན་བྱས་མེད་ཅེས་བརྒྱུད་བསྒྲགས་བྱས་ཡོད་འདུག
གནད་དོན་དེ་དག་གིས་བསྐྱར་དུ་སི་ཏཱ་ལེན་གྱིས་བོད་ཐོག་ལ་དོ་སྣང་ཤུགས་ཆེར་བྱུང་སྟེ། བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་ལ། བོད་ཀྱི་རྒྱབ་ལོགས་ན་སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་གཉིས་ཀྱི་སྒར་ཁ་ཆེན་པོའི་བར་ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་ཅིག་ཡིན་པར་དངོས་འཛིན་བྱས་འདུག དེའི་མུར་སི་ཏཱ་ལེན་གྱིས་རྒྱ་དམར་ལ་སློབ་སྟོན་བྱས་དོན་བཞིན། ཕྱི་ལོ་༡༩༤༩ ཟླ་༩ ཚེས་༣ ཉིན་རྒྱ་དམར་ཤིན་ཧྭ་གསར་ཁང་གིས་ཆེད་བརྗོད་སྤེལ་ཏེ། བོད་ས་གནས་སྲིད་གཞུང་དབང་འཛིན་པས་རྒྱ་རིགས་མི་དམངས་དང་གོ་མིན་ཏང་གི་བོད་སྡོད་མི་སྣ་ཕྱིར་ཕུད་བཏང་བའི་དོན་རྐྱེན་དེ་ནི། དབྱིན་ཇུས་དང་ཨ་རི་བཙན་རྒྱལ་རིང་ལུགས་དང་དེ་དག་གི་རྗེས་འབྲངས་པ་རྒྱ་གར་ནེ་རུ་སྲིད་གཞུང་གིས་ཇུས་འགོད་འོག་སྤེལ་བ་ཞིག་རེད་ཅེས་དང་ཟླ་༩ ཚེས་༧ ཉིན་མི་དམངས་ཉིན་རེ་ཚགས་པར་ཞེས་པར། བསྐྱར་དུ་ཀྲུང་གོ་མི་དམངས་ཀྱིས་ངེས་པར་དུ་བོད་བཅིངས་འགྲོལ་གཏོང་རྒྱུ་ཡིན་ཞེས་པའི་ཁ་བྱང་ཐོག་ཆེད་བརྗོད་སྤེལ་ཡོད་འདུག
ཕྱི་ལོ་༡༩༤༩ ལོའི་ཟླ་༩ ཚེས་༢༩ ཉིན་གཏན་འབེབས་བྱས་པའི་སྐབས་དེའི་རྒྱ་དམར་གྱི་རྩ་ཁྲིམས་ཀྱི་རང་བཞིན་ལྡན་པའི་༼ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཐུན་མོང་རྩ་འཛིན་༽ཞེས་པ་སྤེལ་ཡོད་ལ། དེ་ལ་གླེང་གཞི་དང་ལེའུ་བདུན། དོན་ཚན་༦༠ བཅས་ཡོད་པའི་ནང༌། མི་རིགས་སྲིད་ཇུས་ཐད་ལ། དོན་ཚན་༥༠། ༥༡། ༥༢། ༥༣། བཅས་བཞི་ཡོད་པར་དེ་སྔའི་མི་རིགས་རང་ཐག་རང་གཅོད་ཞེས་པའི་ཚིག་འབྲུ་དེ་དངོས་སུ་མི་རིགས་ས་ཁོངས་རང་སྐྱོང་ཞེས་པར་འཕོ་འགྱུར་བཏང་ཡོད། འདིར་ཚིག་འབྲུ་དེ་གཉིས་ཀྱི་ཁྱད་པར་ཙམ་འགྲེལ་ན། རང་ཐག་རང་གཅོད་ཞེས་པར་མི་རིགས་རང་ཉིད་ལ་རང་དབང་ཡོད་པ་གཞིར་བཞག་ཐོག་རང་བཙན་ཡང་བྱེད་དབང་ཡོད་པའི་གོ་དོན་ཡོད་ལ། རང་སྐྱོང་ཞེས་པར་མི་རིགས་རང་ཉིད་གཞན་གྱི་བཀོད་འདོམས་འོག་གི་ཚད་ངེས་ཅན་གྱི་མི་རིགས་ཐོབ་ཐང་ཙམ་ལ་གོ་བ་ལེན་ཆོག
ཕྱི་ལོ་༡༩༤༩ ལོའི་ཟླ་༡༠ པར་རྒྱ་དམར་གྱིས་འཛམ་གླིང་ཀུན་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་པའི་ཡོངས་ཁྱབ་གསར་བསྒྲགས་བྱས་རྗེས་སི་ཏཱ་ལེན་གྱིས་གདན་འདྲེན་ཞུས་དོན་བཞིན་མའོ་ཙེ་ཏུང་ཨུ་རུ་སིར་མཚམས་འདྲི་བསྐྱོད་དེ། གནད་དོན་མང་དག་ཅིག་ལ་བཀའ་མོལ་གནང་ཡོད་པར་བརྗོད། ཕྱི་ལོ་༡༩༥༠ ལོའོ་ཟླ་༡ ཚེས་༢ ཉིན་མའོ་ཙེ་ཏུང་གིས་ཨུ་རུ་སི་ནས་ཁ་བྱང་ལ་ནུབ་ལྷོ་ཁུལ་ནས་བོད་ལ་དམག་བསྐྱོད་འཆར་གཞི་དང་བོད་ཀྱི་གནད་དོན་ཚོང་གཉེར་བྱེད་དགོས་སྐོར་གྱི་ཏར་འཕྲིན་ཞིག་བཏང་སྟེ། དམིགས་བསལ་ནན་བརྗོད་བྱས་དོན་ལ། བོད་ན་མི་གྲངས་མང་བོར་མེད་ཀྱང༌། འོན་ཀྱང་རྒྱལ་སྤྱིའི་གོ་གནས་གལ་འགངས་ཆེན་པོ་ཡིན། ང་ཚོས་ངེས་པར་དུ་བདག་འཛིན་བྱེད་དགོས་འཁོད་འདུག དེ་མིན་བརྗོད་དོན་ལ་བོད་ལ་དམག་བསྐྱོད་དང་ཚོང་གཉེར་བྱེད་རྒྱུ་ནི་ང་ཚོའི་ཏང་གི་གཟི་བརྗིད་ལྡན་ཞིང་དཀའ་སྡུག་ཆེ་བའི་ལས་འགན་ཞིག་ཡིན་ཅེས་དང་ལས་འགན་ལྕི་ཞིང་དུས་ཚོད་ཀྱི་རང་བཞིན་ལྡན་ཞེས་སོགས་འཁོད་ཡོད་འདུག ཏར་འཕྲིན་དེ་བཏང་བའི་དུས་གྲངས་སུ་ཟླ་༧ ཚེས་༢ ཉིན་སྔ་དྲོ་ཆུ་ཚོད་༤ ཐོག་ཅེས་འཁོད་ཡོད་འདུག་པར་གཞིགས་ན། ཁོ་ཚོས་བོད་ཀྱི་གནད་དོན་ཐད་མཚན་གུང་བོར་གྲོས་བསྡུར་གྱིས་ཞོགས་ཀའི་ཆུ་ཚོད་༤ བར་དུ་གཏན་འཁེལ་བྱས་ཐུབ་མེད་པའང་རང་བཞིན་གྱིས་མཐོང་ཐུབ། དེའི་མུར་ཕྱི་ལོ་༡༩༥༠ ལོའི་ཟླ་༡ ཚེས་༢༠ ཉིན། ཤིན་ཧྭ་གསར་ཁང་ནས་དབུས་མི་དམངས་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་གྱིས་གཏམ་བརྗོད་སྤེལ་ཏེ། བོད་ནི་ཀྲུང་གོའི་བླ་ན་མེད་པའི་ས་ཁོངས་དངོས་ཡིན་པ་བསྟན་ཡོད་ལ། བོད་ཀྱིས་རང་འགར་དུ་སྐུ་ཚབ་ཚོགས་པ་གང་རུང་གཏོང་རྒྱུའི་དབང་ཚད་མེད་ལ་རང་བཙན་བརྗོད་པའི་དབང་ཚད་དེ་ལས་ཀྱང་མེད་ཅེས་གསར་བསྒྲགས་སྤེལ་ཡོད། འདིའི་བར་དུ་ཕྱི་ལོ་༡༩༢༡ ལོར་རྒྱ་དམར་གྱིས་ཐོག་མར་རང་ཐག་རང་གཅོད་ཀྱི་སྲིད་ཇུས་ལག་ལེན་བྱས་ཏེ་ལོ་ངོ་༢༩ མ་གཏོགས་སོང་མེད།
དེ་བཞིན་ཏུ་ཚང་མས་ཤེས་གསལ་ལྟར་ཕྱི་ལོ་༡༩༥༡ ལོའི་ཟླ་༥ ཚེས་༢༣ ཉིན་མི་འདོད་བཞིན་བཙན་སྟོབས་ཀྱིས་བོད་ཞི་བའི་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་གྲོས་ཆོད་དོན་ཚན་༡༧ བཞག་པ་ཡོངས་ཁྱབ་དང༌།
ཕྱི་ལོ་༡༩༥༧ ལོའི་ཆིན་ཏོ་ནས་༼རྒྱ་ནག་གི་མཚོ་མཐའ་ན་ཆགས་ཡོད་པའི་གྲོང་ཁྱེར་ཞིག་༽འཚོགས་པའི་རྒྱལ་ཡོངས་མི་རིགས་ལས་དོན་ཚོགས་འདུ་ཞེས་པའི་ཐོག་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་ཁ་ཤས་ཀྱིས་མི་རིགས་སྲིད་ཇུས་ཐད་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་དེ་རྒྱལ་ཕྲན་མཉམ་འབྲེལ་གྱི་སྲིད་ཇུས་ལ་བསྒྱུར་དགོས་པའི་གྲོས་གཞི་བཏོན་ཡོད་ཚོད་ཀྱང༌། ཚོགས་འདུ་གཙོ་སྐྱོང་གནང་མཁན་སྐབས་དེའི་རྒྱ་དམར་གྱི་སྲིད་བློན་ཀྲུའུ་ཨན་ལེས། བོད་ལྗོངས་ལ་ཆ་རྐྱེན་དེ་འདྲ་ཡོད་པ་ཙམ་ལས། ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་རྣམས་ལ་ཆ་རྐྱེན་དེ་མི་འདུག་ཞེས་ཁ་ཚོན་ཆོད་པོས་བཀག་འགོག་བྱས་ཏེ། མི་རིགས་སྲིད་ཇུས་གསར་དུ་གཏན་འབེབས་བྱས། ཕྱིས་སུ་༡༩༨༤ ལོའི་ཟླ་ ༥ ཚེས་ ༣༡ ཉིན་དངོས་སུ་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་བྱུང་ཡོད་པའི་མི་རིགས་ས་ཁོངས་བཅའ་ཁྲིམས་ཞེས་པ་དེའང་༥༧ ལོའི་མི་རིགས་སྲིད་ཇུས་དེའི་རྨང་གཞིའི་ཐོག་འཕར་སྣོན་བྱས་ཏེ་ཚགས་ཚུད་བཏང་ཡོད་པ་རེད།
ཕྱི་ལོ་༡༩༨༠ ལོ་འགོར། རྒྱ་དམར་གྱི་སྐབས་བཅུ་གསུམ་པའི་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གཞི་བཅོལ་ཏེ། ཧུའུ་ཡོ་པང་ལྷ་སར་ཕེབས་པའི་གཏམ་བཤད་དོན་ཚན་༦ དེ་གཞི་ལ་བཞག་སྟེ། རྒྱ་དམར་དབུས་གཞུང་གིས་དེ་འབྲེལ་བོད་ལྗོངས་ཞེས་པའི་ཐོག་རྒྱ་དམར་དབུས་གཞུང་གི་ཡིག་ཆ་ཨང་༣༡ ཞེས་པ་གཏན་འབེབས་དང་ཤིན་ཅིང་གི་ཐོག་ཡིག་ཆ་ཨང་༤༦ གཏན་འབེབས་བྱས་ཀྱང༌། ཕྱིས་སུ་ཧུའུ་ཡོ་པང་རྒྱ་ནག་དབུས་དམར་ཤོག་དྲུང་ཆེའི་གོ་གནས་ནས་ལྷུང་བ་དང་མཉམ་དུ་ཕྱིར་འཐེན་བྱས་ཏེ། ཡིག་ཆ་ཙམ་མ་གཏོགས་ལག་ལེན་འཁེལ་མེད།
རྒྱ་ནག་དམར་ཤོག་གིས་ཐོག་མ་ནས་ཨུ་རུ་སུའི་མི་རིགས་ལམ་ལུགས་དཔེ་མཚོན་བྱས་ཀྱང༌། ཕྱིས་སུ་ཨུ་རུ་སུའི་མི་རིགས་ལམ་ལུགས་དང་རྒྱབ་འགལ་དུ་སོང་ཡོད་པ་གོང་བརྗོད་ལས་ཀུན་གྱི་གསལ་བོར་མཐོང་ཐུབ། ཕྱི་ལོ་༡༩༣༠ ལོ་གྲངས་སུ་སི་ཏཱ་ལེན་སྐུ་ངོས་ཀྱིས་གཙོ་སྐྱོང་གནང་སྟེ། ཨུ་རུ་སུའི་ཡུལ་ལུང་ཀུན་ཏུ་མི་རིགས་དབྱེ་བ་འབྱེད་པའི་ལས་འགུལ་ཆེན་པོ་ཞིག་སྤེལ་ཏེ། ཁོ་ཚོའི་འདོད་མོས་ཐོག་མི་རིགས་མི་འདྲ་བ་༡༠༠ གྲངས་ཤིག་ངོས་འཛིན་བྱས་ཡོད་འདུག རྒྱ་ནག་དམར་ཤོག་གིས་དེར་དཔེ་བྱས་ཏེ་ཕྱི་ལོ་༡༩༥༠ ལོ་གྲངས་སུ་མི་རིགས་དབྱེ་འབྱེད་དང་མཐའ་མཚམས་བསྐྱར་བགོས་ཀྱི་ལས་འགུལ་སྤེལ་ཏེ། མི་རིགས་༥༦ ཁག་བགོས་བྱས་ཤིང༌། དེར་བསྟུན་གྱིས་རང་སྐྱོངས་ལྗོངས་༥ དང༌། རང་སྐྱོང་ཁུལ་༣༣ ། རང་སྐྱོང་རྫོང་༡༢༠ དང་རང་སྐྱོང་ཞང་༡༠༩༣ བཅས་བཙུགས་ཏེ། ཡུལ་སྡེ་མང་བོའི་མི་རིགས་གྲོང་ཚོ་དང་མི་རིགས་སྡོད་གནས་ཨུ་ཡོན་ལྷན་ཁང་སོགས་ཆབ་སྲིད་སྒྲིག་འཛུགས་སྣ་ཚོགས་བཙུགས་ཏེ། རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་དང་རང་སྐྱོང་ཞང༌། མི་རིགས་གྲོང་ཚོ་དང་མི་རིགས་སྡོད་གནས་ཨུ་ཡོན་ལྷན་ཁང་བཅས་ཀྱི་གྲུབ་པའི་མི་རིགས་ས་ཁོངས་རང་སྐྱོང་གི་ཆབ་སྲིད་མ་ལག་བསྐྲུན་ཡོད།
བོད་མི་རིགས་མཚོན་ན། བོད་རིགས་རང་སྐྱོང་ལྗོངས་༡ དང་དེ་ལ་སྤྱིའི་རྒྱུན་སྡོད་མི་གྲངས་ཁྲི་ཚོ་༢༧༧ ། བོད་རིགས་རང་སྐྱོང་ཁུལ་༡༠ དང་བོད་རིགས་རང་སྐྱོང་རྫོང་༢ བཅས་ལ་སྤྱིའི་རྒྱུན་སྡོད་མི་གྲངས་ཁྲི་ཚོ་༤༢༨།༨༧ ཡོད་ལ། བོད་རིགས་རང་སྐྱོང་ཞང་༥༨ དང་སྤྱིའི་རྒྱུན་སྡོད་མི་གྲངས་ཁྲི་ཚོ་༢༨།༥༠ བཅས་ཡོད་འདུག
༤། བོད་ཁུལ་གང་སའི་གཞུང་དམངས་ནས་བཞག་པའི་གྲོས་ཆོད་དང་སྙན་ཐོ་ངོ་སྤྲོད།
ཕྱི་ལོ་༡༩༥༤ ལོར་བཀྲིས་དབང་ཕྱུག་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཇམ་དབྱངས་ནག་རིས་སོགས་མཉམ་དུ་ཨུ་རུ་སུ་ལ་བལྟ་ཞིབ་འཚམས་འདྲིར་ཕྱིར་ཕེབས་གནང་རྗེས་བོད་མི་གྲགས་ཅན་བླ་བྲང་གི་ཨ་ཕ་ཨ་ལོ་དང་དམེ་རྒྱལ་བོ་དཔལ་མགོན་འཕྲིན་ལས་རབ་བརྟན། སངས་རྗེ་ཡེ་ཤཻས། སྡེ་དགེ་བྱ་རྒོལ་སྟོབས་ལྡན། རེབ་གོང་ནང་སོ་བཀྲིས་རྣམ་རྒྱལ་བཅས་ཀྱིས་རྒྱ་ནག་དབུས་གཞུང་ལ་བོད་རང་སྐྱོང་ལྗོངས་མདུན་མ་འཛུགས་རྒྱུའི་དོན་ཚན་གཉིས་འཁོད་པའི་སྙན་ཞུ་ཕུལ་ཏེ་ཟླ་བཞིའི་རྗེས་སུ། རྒྱ་ནག་དབུས་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞེས་པའི་ཆོག་མཆན་བཀའ་འཁྲོལ་ཐོབ་སྟེ། རྒྱལ་ས་རྔ་བ་འབར་ཁམས་སུ་འཛུགས་གཏན་འཁེལ་དོན་བཞིན། ཞིང་ཆེན་གསུམ་གྱི་ལས་དོན་གྲ་སྒྲིག་ཚོགས་པ་འཛུགས་དགོས་པའི་བཀའ་ཁྱབ་དང་སྦྲགས་བཀྲིས་དབང་ཕྱུག་དང་སངས་རྗེ་ཡེ་ཤེས་གཉིས་ཀྱིས་ཚོགས་པའི་སྤྱི་ཁྱབ་དང༌། གཞན་རྣམས་ཀྱིས་སྤྱི་ཁྱབ་གཞོན་པའི་འགན་དབང་བཞེས་ཏེ། ཕྱི་ལོ་༡༩༥༥ བར་ཟླ་བདུན་བརྒྱད་མ་སོང་མཚམས་གློ་བུར་དུ་རྒྱ་དམར་དབུས་གཞུང་ནས་ལས་དོན་ཕྱིར་འཐེན་བྱེད་དགོས་པའི་བཀའ་རྒྱ་ཕབ་སྟེ་ཕྱིར་འཐེན་བྱས་འདུག
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་རིགས་ལས་བྱེད་གནད་ཡོད་ཁག་ཅིག་གིས་ཕྱི་ལོ་༡༩༨༠ ལོའི་ཟླ་༡༡ ཚེས་༢༧ ལ་བོད་རིགས་རང་སྐྱོང་ས་ཁོངས་བསྐྱར་དུ་ལེགས་སྒྲིག་བྱས་ནས་མི་རིགས་ཀྱི་རང་བདག་དབང་ཆར་དངོས་འབྲེལ་འགན་སྲུང་ཡོང་ཐབས་སྐོར་གྱི་བསམ་འཆར་འགའ་ཤས་ཤིག་རྒྱ་དམར་དབུས་གཞུང་ལ་ཕུལ་ཏེ་མདོ་དོན་ལ་རབ་བྱུང་ན་བར་སྟོང་གི་ས་ཆས་གཏན་ནས་མ་ཆོད་པའི་བོད་རིགས་རང་སྐྱོང་ས་ཁུལ་དང་རྫོང་རྣམས་ཟླ་བསྒྲིལ་གྱིས་༼ཁ་བ་ཅན།༽ ༼བོད་རིགས་ཕ་ཡུལ་༽རང་སྐྱོང་ལྗོངས་ཞེས་བསྒྱུར་ནས། བོད་མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་རྣམས་མི་རིགས་ཀྱི་ཁྱད་ཆོས་དང་བསྟུན་ནས་མ་ལག་གཅིག་གྲུབ་པ་བྱས་ཏེ་མདུན་བསྐྱོད་བྱ་རྒྱུར་སྐུལ་མ་གཏོང་བདེ་ཡོང་བ་བྱེད་དགོས། འབྲིང་ལ་མཚོ་སྔོན་དང༌། ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་རིགས་ས་ཁུལ་དེ་རྣམས་ཨ་མདོ་བོད་རིགས་རང་སྐྱོང་ལྗོངས་སུ་དབྱེ་བགོ་བྱེད་དགོས། ལོ་རྒྱུས་ཀྱི་སྲོལ་རྒྱུན་དང༌། རང་བྱུང་གི་མཐུན་རྐྱེན། ས་ཁམས་ཁོར་ཡུག དཔལ་འབྱོར་གྱི་གྲུབ་ཚུལ། ཆོས་ལུགས་ཀྱི་དད་མོས། འཚོ་བའི་གོམས་གཤིས། རིག་གནས་སྒྱུ་རྩལ། བསམ་པའི་ངོ་བོ་སོགས་ཀྱི་ཐད་ལ་ཨ་མདོ་ས་ཁུལ་ཡོངས་ལ་གོང་གསལ་ཐུན་མོང་གི་ཁྱད་ཆོས་ལྡན་པ་ཞིག་ཡིན་པས། དེ་ནི་ཨ་མདོ་ས་ཁུལ་གྱི་བོད་རིགས་མི་དམངས་ཁྲི་ཚོ་ཉིས་བརྒྱས་རྨི་ལམ་དུ་ཡང་ཐོབ་རེ་བྱེད་པའི་རེ་འདོད་གཅིག་ཡིན།
དེ་ཡང་མ་འགྲིག་ན། ཀན་ལྷོ་དེ་མཚོ་སྔོན་ལ་ཟླ་བསྒྲིལ་ནས་དོ་དམ་བྱས་ཏེ། ཀན་ལྷོའི་བོད་རིགས་མི་དམངས་ཁྲི་ཉི་ཤུ་དེ་རང་ཉིད་ཀྱི་མི་རིགས་ས་ཁུལ་གྱི་མི་དམངས་དང་འབྲེལ་བ་བྱེད་པའི་གོ་སྐབས་ཕྲན་བུ་ཡོང་བ་དང༌། རིག་གནས་སློབ་གསོ་དེ་མ་ལག་གཅིག་ཏུ་གྱུར་ནས་མགྱོགས་མྱུར་ངང་ཁོ་ཚོའི་ཅུང་སྔོན་ཐོན་ཡིན་པའི་དཔལ་འབྱོར་རིག་གནས་ཀྱི་ཆུ་ཚད་ཀྱི་རྗེས་ཟིན་པ་ཡོང་རྒྱུར་བརྟེན། དེ་དོན་དོན་སྨིན་ཡོང་བ་ཞེས་ཀྲུང་དབྱང་ལ་རེ་འདུན་མི་ཞུ་མཐུ་མེད་རེད་ཅེས་པའི་ཞུ་ཡིག་འབུལ་འདུག
དེ་མིན་གཞན་བོད་ནང་ཤེས་ཡོན་པ་སྡེ་རོང་ཚེ་རིང་དོན་འགྲུབ་ལགས་ཀྱིས་ཕྱི་ལོ་༡༩༨༠ གྱ་གྲངས་ནས་སྔ་ཕྱི་ལོ་མང་རིང་བོད་ཀྱི་དངོས་ཡོད་གནས་སྟངས་ལ་ཉམས་ཞིབ་ཀྱིས་རྒྱ་དམར་དབུས་གཞུང་ལ་སྙན་ཐོ་རབས་དང་རིམ་པ་ཕུལ་ཡོད་པ་དེ་ཚོ་ཕྱིས་སུ་ཁོ་པས་༼བདག་གི་རེ་སྨོན་༽ཞེས་པའི་དཔེ་དེབ་ཏུ་ཕྱོགས་བསྒྲིགས་དཔར་སྐྲུན་གྱིས་ཡོངས་ཁྱབ་འགྲེམས་སྤེལ་བྱས་ཡོད། དེ་མིན་ཁོང་གིས་མི་རིགས་སྲིད་ཇུས་དངོས་སུ་བོད་ས་ཀུན་ཏུ་ལག་བསྟར་བྱེད་ཐུབ་མེད་པའི་དངོས་དོན་འཚོལ་སྒྲུབ་དང་ཉམས་ཞིབ་ཀྱིས་བསམ་འཆར་ཚུལ་དུ་གོང་རིམ་ལ་ཡོངས་ཁྱབ་མ་ཡིན་པའི་སྒོ་ནས་ཕུལ་བའི་སྙན་ཐོ་ཡང་གང་མང་ཞིག་ཡོད་ཚོད་འདུག
ས་གནས་གཞུང་ནས་དོན་དངོས་ཐོག་ལག་ལེན་བྱེད་ཐུབ་ཡོད་མེད་གང་ལྟར་ཡང་སྟབས་བསྟུན་ཐབས་མཁས་ཀྱིས་ས་གནས་རང་གི་གནས་བབ་དང་མཐུན་པའི་སྲོལ་ཡིག་མང་བོ་ཞིག་བཞག་ཡོད་པ་གཤམ་གསལ།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པའི་སྐོར་གྱི་ཁྲིམས་སྲོལ།
༼༡༩༩༧ ལོའི་ཟླ་༡༡ ཚེས་༢༡ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བདུན་པའི་མི་དམངས་འཐུས་ཚོགས་ཐེངས་ལྔ་བའི་གྲོས་འཆམ་བྱུང་ཞིང༌། ༡༩༩༨ ལོའི་ཟླ་༤ ཚེས་༦ ཉིན་སི་ཁྲོན་ཞིང་ཆེན་གྱི་སྐབས་དགུ་བའི་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པས་ཆོག་མཆན་བཀོད་ཡོད་པ། དེ་ལ་ལེའུ་ལྔ་དོན་ཚན་ཉེར་བརྒྱད་ཡོད།
ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཡིག་བྱ་བའི་སྲོལ་ཡིག
༼ཕྱི་ལོ་༡༩༩༥ ལོའི་ཟླ་༦ ཚེས་༡ ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ ཚོགས་ཐེངས་གསུམ་པར་གྲོས་འཆམ་བྱུང་སྟེ། ཕྱི་ལོ་༡༩༩༦ ལོའི་ཟླ༦ ཚེས་༡ ཉིན་ཀན་སུའུ་ཞིང་ཆེན་སྐབས་བརྒྱད་པའི་མི་དམངས་འཐུས་ཚོགས་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་ཐོག་ཆོག་མཆན་བཀོད།༽ དེ་ལ་ནང་གསེས་དོན་ཚན་ཉེར་ལྔ་ཡོད།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བཀའ་རྒྱ། ཨང་གསུམ་པ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོད་ཡིག་གི་ལག་བསྟར་སྲོལ་ཞིབ།
༼ཕྱི་ལོ་༢༠༠༥ ལོའི་ཟླ་༡༡ ཚེས་༡ ཉིན་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་བཞི་བཅུ་བའི་ཐོག་གྲོས་འཆམ་བྱུང་བས། ༢༠༠༦ ཟླ༡ ཚ ེས་༡ ཉིན་ནས་ལག་བསྟར་བྱ་དགོས་པའི་བཀའ་ཁྱབ་གནང་ཡོད་འདུག དེ་ལ་ལེའུ་བདུན་ནང་གསེས་དོན་ཚན་ཉེར་དགུ་ཡོད།༽
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག
༼ཕྱི་ལོ་༡༩༩༤ ལོའི་ཟླ་༣ ཚེས་༢༡ ཉིན་མ ཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་བའི་མི་དམངས་འཐུས་ཚོགས་ཐེངས་ལྔ་བའི་སྟེང་གྲོས་འཆམ་བྱུང་ཞིང་༡༩༩༥ ལོའི་ཟླ་༣ ཚེས་༣༠ ཉིན་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་མི་དམངས་འཐུས་ ཚོགས་རྒྱུན་ཨུ་ཁང་ཐེངས་བཅུ་བདུན་པའི་གྲོས་ཚོགས་སྟེང་ཆོག་མཆན་བཀོད། དེ་ལ་ནང་གསེས་དོན་ཚན་ཉེར་བརྒྱད་ཡོད།༽
མཚོ་ནུབ་བོད་སོག་རང་སྐྱོང་ཁུལ་བོད་སོག་སྐད་ཡིག་བྱ་བའི་སྲོལ་ཡིག
༼ཕྱི་ལོ་༡༩༩༠ ལོའི་ཟླ་༥ ཚེས་༡༢ ཉིན་མ ཚོ་ནུབ་བོད་སོག་རང་སྐྱོང་ཁུལ་སྐབས་བརྒྱད་པའི་མི་དམངས་འཐུས་ཚོགས་ཐེངས་དྲུག་པའི་སྟེང་དང་༡༩༩༡ ལོའི་ཟླ་༣ ཚེས་༤ ཉིན་མཚོ་སྔོན་ཞིང་ཆེན་སྐབས་བདུན་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཐེངས་བཅུ་དགུ་བའི་ཐོག་གྲོས་འཆམ་བྱུང་ཡོད་ལ། དེ་ལ་ས་བཅད་དྲུག་དང་ནང་གསེས་དོན་ཚན་ཉེར་དྲུག་ཡོད།༽
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག
༼ཕྱི་ལོ་༡༩༩༣ ལོའི་ཟླ་༤ ཚེས་༢༤ ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་བའི་མི་དམངས་འཐུས་ཚོགས་ཐེངས་བཞི་བའི་ཐོག་གྲོས་འཆམ་བྱུང་ཞིང༌། ཕྱི་ལོ་༡༩༩༣ ལོའི་ཟླ་༧ ཚེས་༡ ཉིན་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་མི་དམངས་འཐུས་ཚོགས་རྒྱུན་ཨུ་ཁང་གི་ ཚོགས་ཐེངས་བཞི་བའི་ཐོག་ཚོད་ལྟའི་ལག་བསྟར་བྱ་རྒྱུའི་ཆོག་མཆན་བཀོད། དེ་ལ་ནང་གསེས་དོན་ཚན་སོ་གཅིག་ཡོད།༽
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག
༼ཕྱི་ལོ་༡༩༩༣ ལོའི་ཟླ་༥ ཚེས་༣༠ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་མི་དམངས་འཐུས་ཚོགས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་ཞིང་ཕྱི་ལོ་༡༩༩༣ ལོའི་ཟླ་༩ ཚེས་༡༨ ཉིན་མཚཽ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་མི་དམངས་འཐུས་ཚོགས་རྒྱུན་ཨུ་ཁང་གི་ཐེངས་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་ཕབ། ཕྱི་ལོ་༡༩༩༤ ལོའི་ཟླ་༡ ཚེས་༡ ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།༽དེ་ལ་ནང་གསེས་དོན་ ཚན་སུམ་ཅུ་ཡོད།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག
༼ཕྱི་ལོ་༡༩༩༤ ལོའི་ཟླ་༥ ཚེས་༣༡ ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐབས་བརྒྱད་པའི་མི་དམངས་འཐུས་ཚོགས་ཐེངས་ལྔ་བའི་ཐོག་གྲོས་འཆམ་བྱུང་ཞིང་ཕྱི་ལོ་༡༩༩༥ ལོའི་ཟླ་༥ ཚེས་༣༡ ཉིན་མ ཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་མི་དམངས་འཐུས་ཚོགས་རྒྱུན་ཨུ་ཚོགས་ཐེངས་བཅོ་བརྒྱད་པའི་ཐོག་ཆོག་མཆན་བཀོད་དེ་ལོ་དེའི་ཟླ་༧ ཚེས་༡ ཉིན་ནས་ལག་བསྟར་བྱ་རྒྱུ་ཞེས་དེ་ལ་ནང་གསེས་དོན་ཚན་སུམ་ཅུ་ཡོད་འདུག
ཀུན་ཐར་དོན་གྲུབ་ལགས། ཐུགས་རྗེ་ཆེ། ང་ཚོར་འདི་ལྟར་གཏིང་ཟབ་མོ་དང་ཞིབ་ཚགས་པོའི་སྒོ་ནས་མི་རིགས་ཀྱི་ལས་དོན་དང་ལས་དབང་གླེང་མཁན་དགོས་ཀྱི་འདུག ང་ཚོའི་མཁས་པ་མང་ཆེ་བ་སུམ་རྟགས་ལ་མཁས་གི་རེད། ང་ཚོའི་རིག་རྒོད་ཕལ་ཆེ་བ་རྟགས་གསལ་གྱི་ཐོག་ལ་རྣོ་གི་རེད། ང་ཚོའི་ཆབ་སྲིད་པ་རྣམས་ནི་ནང་ཁུལ་གྱི་གནད་དོན་རྩོད་པར་དགའ་གི་རེད། སྐབས་ཤིག་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེས་གངས་སྐྱིད་ཀྱི་སྲིད་དོན་པ་ཚོར། ཆབ་སྲིད་པ་ཐེབས་ཆག་ཚོ་ཞེས་བཤད་པ་རེད་ཟེར། ངོ་མ་འདྲ་བོ་ཞིག་རེད།
གང་ལྟར་མི་རིགས་ས་གནས་རང་སྐྱོང་གི་གནད་དོན་དང་། མི་རིགས་རང་ཐག་རང་གཅོད་སོགས་ཀྱི་ཐད་མུ་མཐུད་ནས་ཞིབ་གཟིགས་གནང་རོགས།