རྒྱ་གཞུང་གིས། བོད་མི་ཚོས་དྲག་པོའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་ཅེས་སྒྲོག་གིན་ཡོད་པ་རེད། ཁོང་ཚོས་ང་ཚོ་མི་མང་གི་ཐོག་ལ་མེ་མདའ་དང་དབྱུག་པ། དུག་རྫས་འདྲ་མིན་བེད་སྤྱོད་བྱས་པའི་གནས་སྟངས་ལ་བལྟས་ན་དྲག་པོའི་ལས་འགུལ་སྤེལ་མཁན་དེ་ཁོང་ཚོ་རེད།
ཁམས་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ལས་འགུལ་གྱི་མགོ་ཁྲིད་མཁན་དཀར་མཛེས་རྒྱ་མཁར་གྲོང་ཡ་ནང་ཚོའི་གྲྭ་ཚེ་བརྟན་ཕུན་ཚོགས་ལགས་ཕྱི་ཚེས་ ༧ ཉིན་ངྷ་སར་འབྱོར་ཡོད་པ་དང༌། ༢༠༠༨ ལོའི་དཀར་མཛེས་རྫོང་ཐོག་གི་ཞི་རྒོལ་གྱིས་བྱུང་རྐྱེན་དང་སྐབས་དེའི་གནས་སྟངས་སྐོར་ཁོང་གིས་འདི་ག་གསར་ཁང་ལ་བརྗོད་དོན། སྤྱི་ཟླ་གསུམ་པའི་ཚེས་ ༡༨ ཉིན་ང་དང་མི་བཅོ་ལྔ་ལྷག་གིས་དཀར་མཛེས་རྫོང་ཐོག་ནས་ཞི་བའི་སྐད་འབོད་ཀྱི་མགོ་བཙུགས་རྗེས་དེར་ཡོད་ཀྱི་བོད་མི་མང་པོ་ལྷན་འཛོམས་བྱས་བྱུང་ལ། གྲྭ་བ་ཚོར་སྔོན་དང་མི་སྐྱ་ཚོ་གཞུག་བྱས་ཏེ་སྐར་མ་ལྔ་ལྷག་ལ་སྐད་འབོད་བྱས་ཤིང་བཞི་མདོ་རུ་སླེབས་མཚམས་སུ། ཉེན་རྟོག་དམག་མི་མང་པོ་ཞིག་སླེབས་ཏེ་ཚང་མ་བཀག་སོང༌། ཅུང་མ་འགོར་བར་རླངས་འཁོར་འཇོག་སའི་ས་དེ་ནས་དྲག་ཆས་དམག་མི་མང་པོ་ཞིག་གིས། མེ་མདའ་དང༌། དབྱུག་པ། ལྕགས་ཐག་སོགས་འདྲ་མིན་འཁྱེར་ནས་ང་ཚོའི་ནང་དུ་འདྲེས་སོང་ལ། ཁོང་ཚོས། མེ་མདའ་དང་དབྱུག་པ་སོགས་བཟུང་སྟེ་ཡ་ང་སྙིང་རྗེ་ཅི་ཡང་མེད་པར་མི་མང་ཚོར་གཞུས་པ་མ་ཟད། མེ་མདའི་སྐད་ཀྱང་གྲགས་འོང་གི་འདུག སྐབས་དེར་ང་རང་ལ་མེ་མདའ་ཞིག་ཕོག་སོང་ལ། མདའ་དེས་ངའི་གོན་པ་ཕུག་པ་ལས་ལུས་པོ་ལ་གནོད་སྐྱོན་ཅི་ཡང་བྱས་མི་འདུག དེ་ནས་ང་ཚོ་རང་རང་སར་བྲོས་པ་ཡིན། ཉིན་གཅིག་ལྷག་གི་རྗེས་སུ་དཀར་མཛེས་རྫོང་ཐོག་ཏུ་དམག་སྒར་ཆེན་པོ་ཞིག་བརྒྱབས་སོང་ལ། སྐབས་དེར་ཁྲིན་ཏུའུ་དང་ལན་ཀྲུའུ་སོགས་ནས་དམག་མི་གནམ་གྲུ་བདུན་ལྷག་འབྱོར་སོང༌། ཉིན་དེ་དག་ཏུ་དཀར་མཛེས་དགོན་པ་གཙོ་བྱས་པའི་རྫོང་གི་སྲང་ལམ་མཐའ་དག་དམག་མིས་བསྐོར་ཡོད་པ་དང༌། དཀར་མཛེས་ས་ཁུལ་གྱི་མགོ་ཁྲིད་ཚོར་ཚོགས་འདུ་ཞིག་བསྐོང་སྟེ་ དཀར་མཛེས་ས་ཁུལ་གྱི་མི་གཅིག་ཀྱང་ཕར་ཚུར་འགྲོ་འོང་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་སོང་བས། མི་མང་ཚོར་འགྲོ་འོང་དང་དངོས་རྫས་ཉོ་སྒྲུབ་སོག་ཀྱི་དཀའ་ངལ་འཕྲད་པས་ཡང་བསྐྱར་༧གོང་ས་མཆོག་བོད་ལ་ཕེབས་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ཞེས་སྐད་འབོད་བྱས་མཐར་དྲག་ཆས་དམག་མིས་གཅར་རྡུང་ཚད་ལས་བརྒལ་བ་བཏང་སྟེ་མི་མང་པོ་བཙོན་འཇུག་དང་ཁྲིམས་ཆད་བྱས་ཡོད་ནའང༌། དཀར་མཛེས་ས་ཁུལ་གྱི་ཞི་བའི་སྐད་འབོད་ད་དུང་ཡང་མཚམས་འཇོག་གི་མི་འདུག ཅེས་བརྗོད་སོང་ལ། ཡང་ཁོང་གིས་རྒྱ་གར་ཏུ་བྲོས་བྱོལ་ལ་ཡོང་དོན་ཐད། སྐབས་དེའི་སྐད་འབོད་བྱས་མཁན་གཞན་བཞི་བོ་རྒྱལ་ཁབ་ཁ་བྲལ་དང༌། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་གྱི་ཉེས་མིང་འོག་འཛིན་བཟུང་བྱས་པ་དང༌། ངའི་པར་གང་སར་བཀྲམས་ཏེ་རྒྱ་སྒོར་ཁྲི་ ༡༥ ནས་ ༢༠ སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་བས། ང་རི་ལ་བྲོས་བྱོལ་ཏུ་ཆས་ཏེ་ཟླ་ ༨ པའི་ཚེས་ ༡༡ བར་ལ་ལུང་འདྲ་མིན་ནས་སྐུང་བསྡད་པ་ཡིན། སྐབས་དེར་ངའི་གྲོགས་པོ་ཞིག་གིས་ང་ལ་སྒྲ་སྡུད་འཕྲུལ་ཆས་ཞིག་སྤྲད་སོང་ལ། དེའི་ནང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ཀྱི་ས་ཁུལ་གང་སར་ཞི་རྒོལ་གྱི་ལས་འགུལ་སྤེལ་བ་གོ་བས། ང་རང་འབྲོག་སྡེ་བརྒྱུད་ཕུར་བུ་དང༌། མགོ་ལོག་རྟ་བོ། ཨ་མདོ་རེབ་གོང་དང་བླ་བྲང༌། བྱ་ཁྱུང༌། ༧གོང་ས་མཆོག་གི་འཁྲུངས་ཡུུལ་སྟག་འཚེར་སོགས་བོད་མདོ་སྨད་ཀྱི་ས་ཁུལ་མང་པོའི་ནང་བོད་མིའི་གནས་སྟངས་གང་མང་ཞིག་རྒྱུས་ལོན་བྱས་ཏེ་ཡོང་བ་ཡིན་ལ། ཁ་ཆེ་ལུང་པ་ཉིན་ཞ་དང་ལན་ཀྲུའུ་སོགས་སུ་སླེབས་དུས་ཧ་ཅང་ལྷོད་ལྷོད་ཀྱི་སྣང་བ་སྟེར་གྱིན་འདུག དེ་ནས་ཕྱིར་མཚོ་སྔོན་ཟི་ལིང་དུ་ཆས་པ་ཡིན་ལ་ཟི་ལིང་མེ་འཁོར་ས་ཚིགས་སུ་ངའི་པར་སྦྱར་ཡོད་པ་ང་རང་གིས་དངོས་སུ་མཐོང་སོང༌། དེ་ནས་ང་རང་ལྷ་སའི་ཕྱོགས་སུ་ཆས་ཡོང་བ་ཡིན་ལ་ནག་ཆུ་དང་ཨ་མདོ། འདམ་གཞུང་སོགས་དང༌། ལྷ་སའི་སེ་འབྲས་དགེ་གསུམ་གཙོས་དགོན་པ་མང་པོའི་ནང་ཕྱིན་ཏེ་རྒྱུས་ལོན་བྱས་པ་ཡིན། དེ་རྗེས་ལྷ་སའི་ཁྲོམ་ལ་ཕྱིན་སྐབས་དཀར་མཛེས་ས་ཁུལ་གྱི་ཉེན་རྟོག་པ་མང་པོ་ཞིག་ལྷ་སར་སླེབས་འདུག་ལ། ངའི་པར་གང་སར་འགྲེམ་བཞིན་ཡོད་པའི་གནས་ཚུལ་ཐོས་རྗེས་ལྷོ་ཁ་དང༌། མཚོ་སྣ། ཡུམ་བུ་བླ་སྒང༌། ཁྲ་འབྲུག་སྒྲོལ་མ་ལྷ་ཁང་སོགས་སུ་ཕྱིན་རྗེས་ཕྱིར་ལྷ་སར་ཡོང་བ་ཡིན། སྐབས་དེར། ངའི་སྤུན་གྱིས་མཚམས་སྤྱོར་བྱས་པའི་མི་དེའི་ལག་ཏུ་ངའི་པར་ཡོད་འདུག་ལ། ཁོང་གིས་ང་ལ། ངས་རྒྱ་སྒོར་ཁྲི་ ༢༠ ལེན་ནམ་ཡང་ན་ཁྱེད་ཀྱིས་རྒྱ་སྒོར་ཁྲི་གཅིག་སྤྲོད་གི་ཡིན་ཞེས་དྲིས་སོང༌། ངས་ཁོང་ལ་ངའི་ལུས་ངག་ཡིད་གསུམ་ཁྱེད་ལ་བཅོལ་བ་ཡིན། ཁྱེད་རང་གིས་གདམ་ཀ་བྱོས་ཅེས་བཤད་པ་ཡིན། འདི་ལྟར་ཁོང་བོད་རིགས་ཤིག་ཡིན་པའི་ངོས་ནས་ཁོང་གིས་ང་རྒྱ་གར་ལ་ཐར་བར་ཐབས་ཤེས་འཐེན་ནས་འདིར་འབྱོར་ཞིང༌། ༧གོང་ས་མཆོག་དང་མཇལ་རྗེས་ང་དམྱལ་བ་ནས་སླར་ཡང་འཇིག་རྟེན་ཞིག་ཏུ་སླེབས་སོང་བ་ལྟ་བུའི་ཚོར་བ་སྐྱེས་སོང༌། ཅེས་བརྗོད་སོང༌།