རྒྱ་གཞུང་གིས་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ནི་བོད་བཅིངས་འགྲོལ་བཏང་སྟེ་ལོ་ ༥༠ འཁོར་བའི་ཉིན་ཡིན་ཟེར་ལ། ལོ་འདིའི་གསུམ་པའི་ཉེར་བརྒྱད་ཉིན་བོད་མི་རྣམས་ཞིང་བྲན་ལམ་ལུགས་ཀྱི་གཉའ་གནོན་ལས་ཐར་བའི་རྗེས་དྲན་གྱི་དུས་ཆེན་སྲུང་གཙི་བྱ་རྒྱུའི་གཏན་འབེབས་བྱས་ཡོད་འདུག
ཞིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ ༤༠༠ ལྷག་གིས་ཟླ ༣ ཚེས་ ༢༨ ཉིན་ནི་བོད་མི་རྣམས་ཞིང་བྲན་ལམ་ལུགས་ནས་དམངས་གཙོ་བཅོས་བསྒྱུར་བྱས་ཏེ་ལོ་ངོ་ ༥༠ འཁོར་བའི་ཉིན་ཡིན་སྟབས། ལོ་འདིའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་དུས་དྲན་འདི་སྲུང་གཙི་བྱ་རྒྱུར་གཏན་འབེབས་བྱས་པ་དང༌། དེ་ནི་སྤྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གི་སྐབས་དེའི་སྲིད་བློན་ཀྲུའུ་ཨེན་ལེ་ཡིས་བོད་མི་རྣམས་ཞིང་བྲན་ལམ་ལུགས་ལས་ཐར་ཏེ་དམངས་གཙོ་བཅོས་བསྒྱུར་བྱས་པ་དངོས་སུ་གསལ་བསྒྲགས་བྱས་པའི་དབང་གིས་ཡིན་ཟེར། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་དྲུང་ཆེ་གཞོན་པ་ཕཱང་པཱོ་ཡོན་གྱིས་བོད་མི་རྣམས་ཀྱིས་བཅིངས་འགྲོལ་ཉིན་མོ་སྲུང་གཙི་བྱ་དོན་ནི་བོད་རིགས་མི་དམངས་གཙོས་པའི་རྒྱ་རིགས་མི་མང་གིས་བོད་ཡུལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་མི་ལོ་ ༥༠ འགོར་བ་རྗེས་དྲན་བྱེད་ཆེད་ཡིན་པར་བརྗོད་ཡོད།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོགས་གཙོ་ལེགས་མཆོག་གིས། འདས་པའི་ལོ་ ༥༠ ལྷག་གི་ནང་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་སོགས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དང༌། ཞིང་བ་བྲན་གཡོག་རྣམས་ད་ལྟ་རང་ཁྱིམ་རང་བདག་བྱས་ཏེ་བོད་ཀྱི་སྤྱི་ཚོགས་གསར་བ་ཞིག་གྲུབ་ཡོད་ལ། ཏཱ་ལའི་བླ་མ་དང་ཁོའི་རྒྱབ་སྐྱོར་བ་ཚོས་བོད་ཀྱི་ཡར་རྒྱས་ལ་གཏོར་རྒོལ་བྱེད་ཀྱིན་ཡོད་པ་རེད་ཅེས་བརྗོད་ཡོད།
ལོ་རྒྱུས་ཀྱི་དུས་ཚིགས་འདིར་བོད་རྒྱ་གཉིས་ལ་ལྟ་སྟངས་ཕྱོགས་གཉིས་ཡོད་ལ། རྒྱ་ནག་གིས་བོད་མི་རིགས་ཀྱི་སེམས་འགུག་ཐབས་སུ་བོད་ཁུལ་ཡར་རྒྱས་གཏོང་བར་ནུས་པ་འདོན་གྱིན་ཡོད་པ་དང༌། སྤྱི་ལོ་ ༢༠༠༩ ལོར་བོད་ཁུལ་གྱི་དཔལ་འབྱོར་བརྒྱ་ཆ་ ༡༠ ཡར་རྒྱས་གཏོང་འཆར་ཡོད་པ་མ་ཟད། བོད་ཀྱི་མྱུར་སྐྱོད་མེ་འཁོར་ལམ་ཐོག་མ་དེ་ལྷ་སའི་ལྷོ་ནུབ་ཁུལ་དུ་བཟོ་བསྐྲུན་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་དང༌། ལས་འཆར་འདིའི་ཇུས་འགོད་པ་ཡོ་པའོ་ཧྭ་ཡིས་བརྗོད་ན་ལས་འཆར་འདིར་ཨ་སྒོར་ས་ཡ་ ༢༢༧ འགྲོ་སོང་གཏོང་གི་ཡོད་པ་གསར་ལམ་ཁག་ལ་བརྗོད་ཡོད་པ་རེད། མེ་འཁོར་ལམ་དེ་ཕྱོགས་གཉིས་སུ་འཐེན་རྒྱུ་ཡིན་པ་དང༌། མྱུར་ཚད་ཆུ་ཚོད་ ༡ ལ་ཀི་ལོ་མི་ཊར་ ༨༠ ནས་ ༡༢༠ བར་ཡིན་འདུག ཤར་ནུབ་གཉིས་ཀྱི་མྱུར་སྐྱོད་མེ་འཁོར་ལམ་གྱི་འབྲེལ་མཚམས་དེ་ལྷ་སའི་གཙང་བོའི་འགྲམ་ཡིན་པ་དང་དེ་ནས་ལྷ་སའི་ལྷོ་ནུབ་ཕྱོགས་ཀྱི་གུང་དཀར་གནམ་ཐང་བར་རྒྱ་སྐྱེད་རྒྱུ་ཡིན་པ་རེད། ལས་འཆར་འདི་ཟླ་ལྔ་བ་ཙམ་ནས་དངོས་སུ་མགོ་བཙུགས་ཏེ་ ༢༠༡༡ ལོར་ཡོངས་སུ་འགྲུབ་རྒྱུའི་འཆར་གཞི་ཡོད་འདུག
བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཀྲང་ཆིན་ལི་ཡིས། བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་རྗེས་བོད་མི་རྣམས་ཞིང་བྲན་ལམ་ལུགས་ལས་ཐར་ཏེ་རང་ཁྱིམ་རང་བདག་གི་འཚོ་བར་རོལ་བཞིན་ཡོད་ལ། འབྱོར་མེད་གྲལ་རིམ་ལས་ཐར་ཏེ་འཚོ་བ་ཇེ་ལེགས་སུ་སོང་ཡོད་པ་མ་ཟད། འབྱུང་འགྱུར་་གྱི་ལོ་ ༥ ནི་བོད་ཁུལ་དུ་དཔལ་འབྱོར་ཡར་རྒྱས་གཏོང་བའི་དུས་ཡུན་གལ་ཆེན་ཞིག་ཡིན། ཞེས་བརྗོད་ཡོད། ཡིན་ན་ཡང་བོད་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་གཏོང་བ་དང་ལྕགས་ལམ་བཟོ་བསྐྲུན་སོགས་ཀྱིས་བོད་མི་རྣམས་རང་ཡུལ་ནས་གྲངས་ཉུང་མི་རིགས་ལ་འགྱུར་བཞིན་ཡོད་ལ། ས་གནས་བོད་མིའི་སྐད་ཡིག་བེད་མེད་དུ་འགྱུར་བ་དང༌། གཏེར་ཁ་སྔོག་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་གྲོང་ཁྱེར་ཅན་དུ་བསྒྱུར་བཅོས་གཏོང་བ་སོགས་ཀྱིས་བོད་མིའི་འཚོ་རྟེན་འབོར་བཞིན་ཡོད། མདོ་དབུས་ལྕགས་ལམ་སོགས་ཀྱིས་རྒྱ་ནག་མི་སེར་ས་ཡ་མང་པོ་བོད་ཡུལ་དུ་སྐྱེལ་འདྲེན་བྱེད་བཞིན་པ་སོགས་བོད་མིའི་ཁོར་ཡུག་དང་འཚོ་གནས་སོགས་གང་ཅིས་ཐད་གཏོར་གཤིག་ཐེབས་ཀྱིན་ཡོད་པ་རེད།
བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་འགྲོ་གིན་ཡོད་ལ། ལོ་འདིར་ཡང་དམ་དྲགབྱེད་མགོ་བཙུགས་ཡོད། པེ་ཅིན་དུ་ཡོད་པའི་བོད་རིག་ལོ་རྒྱུས་ཞིབ་འཇུག་ཚོགས་པའི་མགོ་ཁྲིད་ཀྲོའོ་ཡན་གྱིས། ད་སྐབས་གཞོན་སྐྱེས་མང་པོར་ནུབ་ཕྱོགས་པ་དང་ཏཱ་ལའི་བླ་མའི་བསམ་བློ་ཡིས་ཤུགས་རྐྱེན་ཐེབས་ཡོད་ཀྱང༌། བོད་ལྗོངས་བཅིངས་འགྲོལ་བཏང་བའི་ཉིན་མོ་ལྟ་བུ་དམིགས་སུ་བཟུང་ནས་གཞོན་སྐྱེས་ཚོར་ཀྲུང་གོའི་ཡང་དག་པའི་སྲིད་ཇུས་ཀྱི་ལམ་ལུགས་ངོ་སྤྲོད་དང་གོ་རྟོགས་སྤེལ་དགོས་ཀྱིན་འདུག་པར་བརྗོད་ཡོད་ལ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློན་ཆེན་ཀྲུའུ་ཝེན་ཆེན་གྱིས། འབྲས་སྤུངས་དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་མཁན་ཚོར། འབྲས་སྤུངས་དགོན་གྱི་གྲྭ་བ་ཚོར་དམ་དྲག་བྱེད་དགོས་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་མུ་མཐུད་སྤེལ་དགོས་པར་ནན་ཏན་གྱིས་བརྗོད་ཡོད་པ་དང༌། འབྲས་སྤུངས་དགོན་དུ་སློབ་གཉེར་ལ་ཡོང་བའི་ཁམས་དང་ཨ་མདོ་ཁུལ་གྱི་གྲྭ་བ་ཚོ་ཕྱིར་རང་ཡུལ་ལ་ལོག་དགོས་པའི་བཙན་བཀའ་བཏང་ཡོད་འདུག
བཅིངས་འགྲོལ་ཉིན་མོ་ཞེས་པའི་དུས་དྲན་སྲུང་གཙི་འདི་ལ་བོད་ཀྱི་ས་ཁུལ་ཁ་ཤས་སུ་ཉིན་མོ་འདི་སྲུང་གཙི་བྱ་རྒྱུར་འདོད་པ་མེད་པའི་གནས་ཚུལ་འབྱུང་གི་ཡོད་ལ། ཆབ་མདོ་ས་ཁུལ་གྱི་ཆོས་འཁོར་ཞིང་ཐོག་ཏུ་དགེ་འདུན་པ་དང་སེར་སྐྱ་མི་མང་ ༣༠༠ ལྷག་འཛོམས་ནས་བོད་ལྗོངས་བཅིངས་འགྲོལ་བཏང་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་དང༌། མི་མང་མཉམ་ལས་གཏོར་ཏེ་ཞིང་འབྲོག་སྒེར་བདག་ཅན་དུ་བསྒྱུར་ནས་མི་ལོ་ ༣༠ འཁོར་བའི་དུས་དྲན་ཆེད་རྫོང་དང་ཞང་རིམ་པའི་གླུ་གར་འཁྲབ་སྟོན་ལ་ཞུགས་རྒྱུ་མིན་པ་དང༌། ལོ་སྔོན་མའི་སྤྱི་ཟླ་ ༣ ནས་བོད་ཀྱི་ས་ཁུལ་གང་སར་སྡུག་གི་མིག་ཆུ་འཁྱིལ་ཡོད་པས་དགའ་སྟོན་བྱ་རྒྱུའི་དུས་ཚོད་མིན་སྐོར་བརྗོད་ནས་ངོ་རྒོལ་གནང་ཡོད་འདུག