ཟླ་འདིར་ཆབ་མདོ་ནས་བོད་མི་གསུམ་གྱིས་སྐད་འབོད་བྱས་པར་བརྟེན་འཇུ་བཟུང་བྱས་ ཏེ་ཉེས་རྡུང་བཏང་ཡོད་པ་དང༌། ཚེས་ ༢༣ ཉིན་བོད་མི་གཅིག་ཉེན་རྟོག་པའི་ལག་ནས་འདས་གྲོངས་སུ་སོང་ཡོད་ཀྱང་ཕུང་བོ་ནང་ མིར་རྩིས་མ་སྤྲད་པར་མེར་བསྲེག་བཏང་ཡོད་འདུག
ཟླ་འདིའི་ཚེས་ ༢༠ ཉིན་ཆབ་མདོ་ས་ཁུལ་གྱི་ཚ་བ་མཛོ་སྒང་དུ་བོད་མི་གཞོན་སྐྱེས་གསུམ་ནས། བོད་རིགས་རྩམ་པ་ཟ་མཁན་ཡོངས་རྫོགས་ཡར་ལོངས་ཤོག་དང་རྒྱ་རིགས་འབུ་སྲིན་ཟ་མཁན་མར་ལོག་རྒྱུགས་ཅེས་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་སྐད་འབོད་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་བཞིན། སྐབས་དེར་སྐད་འབོད་བྱེད་མཁན་གྱི་པདྨ་ཚེ་དཔག་དང་འཕྲིན་ལས་དངོས་གྲུབ། བུ་གཡང་དར་རྒྱས་བཅས་ཀྱིས་མཛོ་སྒང་རྫོང་ཐོག་ཏུ་སྐར་མ་ ༤༠ ཙམ་ལ་སྐད་འབོད་བྱས་ཡོད། འདི་ག་གསར་ཁང་གིས་གནས་ཚུལ་མཁོ་སྤྲོད་པ་ཚ་བ་མཛོ་སྒང་སྐྱིད་སྡུག་ཚོགས་པའི་ཁོངས་མི་ནོར་བུ་ལགས་ལ། སྐར་མ་ ༤༠ རིང་ལ་སྐད་འབོད་གནང་ཐུབ་པ་དེ་དུས་ཡུན་ཐུང་ཐུང་ཞིག་མིན་པ་དང༌། དམིགས་བསལ་གྱིས་ད་སྐབས་བོད་ཀྱི་ས་ཁུལ་གང་སར་དམ་དྲག་ཆེན་པོ་ཡོད་པས་དུས་ཡུན་རིང་པོར་སྐད་རྒྱག་ཐུབ་པ་བྱུང་བའི་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས། ཐེངས་འདིའི་སྐད་འབོད་དེ་ནི་ས་ཁུལ་འདི་ནས་སྐད་འབོད་བྱས་པ་ཐོག་མ་དེ་ཡིན་པ་དང༌། འདིའི་སྔོན་ལ་རྫོང་ཐོག་ནས་ཡིག་ཆ་སྦྱར་བཀྲམ་བྱས་པ་སོགས་བྱུང་བ་མ་གཏོགས་དངོས་སུ་མི་མང་ཁྲོད་ནས་ངོ་རྒོལ་སྐད་འབོད་ཀྱིས་ཁྲོམ་སྐོར་བྱས་མ་མྱོང་བས་དེ་འདྲའི་དོ་སྣང་ཆེན་པོ་མ་བྱུང་བ་ཡིན་པར་སྣང༌། ཡིན་ན་ཡང་རྒྱ་མི་ཉེན་རྟོག་པ་ཚོས་ཁོ་ཚོར་ཁྲོམ་ནས་མི་མང་གི་མཐོང་སར་ཉེན་རྡུང་དྲག་པོ་བཏང་འདུག་ལ། རྗེས་ནས་མི་དེ་ཚོས་གནས་ཚུལ་བཤད་པ་ལྟར་ན་ཉེས་རྡུང་གཏོང་སའི་ས་དེར་ཁྲག་གིས་བརླན་ཡོད་པ་དང༌། སྐད་འབོད་བྱས་མཁན་གྱི་མི་གསུམ་པོའི་མགོ་དང་ངོ་གདོང་བཅས་སུ་ཁྲག་བཞུར་ཏེ་མི་ངོ་མི་ཟིན་པར་གྱུར་ཡོད་འདུག མཐའ་སྐོར་གྱི་མི་རྣམས་ཀྱང་ཉེན་རྟོག་པའི་འཇིགས་སྐུལ་ལ་ཞེད་ནས་རང་རང་སར་བྲོས་ཡོད་འདུག་ཅེས་འགྲེལ་བརྗོད་གནང་བྱུང༌།
ཚེས་ ༢༠ ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་མཐར་ཚེས་ ༢༣ ཉིན་སྐད་འབོད་གནང་མཁན་རང་ལོ་ ༢༤ ཡིན་པ་པདྨ་ཚེ་དཔག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་མཛོ་སྒང་རྫོང་གི་སྨན་ཁང་དུ་བརྟག་དཔྱད་བྱས་སྐབས་རྒྱུ་མ་དང་མཁལ་མར་གནོད་སྐྱོན་བཟོས་ཏེ་སྐྱོབ་ཐབས་བྲལ་བས་ཆབ་མདོ་སྨན་ཁང་ནང་འདས་གྲོངས་སུ་ཕྱིན་ཡོད་འདུག ཉེན་རྟོག་པས་འདས་གྲོངས་སུ་སོང་བའི་ཕུང་བོར་བརྟག་དཔྱད་དང་མཆོད་འབུལ་གང་ཡང་བྱེད་མ་བཅུག་པར་བཙན་དབང་གིས་མེར་བསྲེགས་བཏང་ཡོད་འདུག རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པའི་གོང་གི་བུ་གཡང་དར་རྒྱས་དང་འཕྲིན་ལས་དངོས་གྲུབ་གཉིས་ད་ལྟ་ཆབ་མདོ་བཙོན་ཁང་དུ་བཅུག་ཡོད་པ་དང༌། སྐད་འབོད་བྱས་རྗེས་དོགས་ཡོད་མི་སྣ་ཡིན་པའི་མི་ཁ་ཤས་འཇུ་བཟུང་བྱས་ཡོད་ཀྱང་ཉིན་ཤས་རྗེས་གློད་གྲོལ་བཏང་ཡོད་པ་དང༌། དེའི་ནང་གི་དབུ་གཡང་ཤང་ཀླུ་མེད་ཚང་གི་རང་ལོ་ ༢༩ ཡིན་པ་ནོར་བུ་བཀྲ་ཤིས་མཛོ་སྒང་རྫོང་གི་བཙོན་ཁང་དུ་བཅུག་ཡོད་འདུག
ཨོཾ་མ་ཎི་པདྨེ་ཧཱུཾ། རང་དབང་མེད་པའི་བོད་པ་རྣམས་སྙིང་རེ་རྗེ།