འདས་པའི་ཟླ་ཤས་ནང་༧གོང་ས་མཆོག་སྐུ་གཟུགས་བདེ་མིན་དབང་གིས་སྨན་ཁང་དུ་བརྟག་དཔྱད་དང་གཤག་བཅོས་གནང་བར་ཕེབས་དགོས་བྱུང་ཡོད་པ་དང༌། སྨན་པ་ཚོས་༧གོང་ས་མཆོག་གི་སྐུ་གཟུགས་བདེ་མིན་བྱུང་བ་ནི་མཛད་འཕྲིན་མང་དྲག་ནས་སྐུ་ངལ་མ་གསོས་པའི་རྐྱེན་གྱིས་ཡིན་ཚུལ་ལམ་སྟོན་ཞུས་ཡོད་པ་རེད། ཡིན་ཡང་༧གོང་ས་མཆོག་གི་མཛད་འཕྲིན་སྔར་བཞིན་མང་བ་དང༌། རྡ་སའི་རི་ངོགས་ནས་ཇེབ་འཁོར་དུ་བཞུགས་ཏེ་ཡར་ཕེབས་མར་ཕེབས་དང༌། གནམ་གཤིས་ཚ་གྲང་མི་འདྲ་སའི་རྒྱལ་ཁབ་དང་ཡུལ་ལུང་མང་པོར་ཕེབས་ཀྱིན་ཡོད་པ་རེད། ཁོང་གི་དགུང་ནའི་བབ་དང་སྐུའི་བདེ་ཐང་ལས་འཕྲོས་པའི་གནས་ཚུལ་དག་གི་དབང་གིས་བོད་མི་རྣམས་ལ་རང་བཞིན་གྱིས་སེམས་འཚབ་ཇེ་ཆེར་འགྲོ་གིན་ཡོད། ཉིན་ཤས་སྔོན་འདི་ག་གསར་ཁང་གིས་འབྲེལ་ཡོད་སྐུ་སྒེར་ཡིག་ཚང་དང་བཀའ་སྤྱི་གཉིས་བཅས་ལ་སྐུའི་བདེ་ཐང་དང་བདེ་འཇགས་ཀྱི་ཕྱོགས་ནས་དངོས་ཡོད་གནས་ཚུལ་ཅི་ཆགས་དང༌། གང་གི་མཛད་འཕྲིན་ཐད་དགོངས་གཞི་ཅི་ཡོད་སོགས་བཀའ་འདྲི་ཞུས་པ་ཡིན།
ཉིན་ཤས་སྔོན་༧གོང་ས་མཆོག་ལྡི་ལིར་སྐུ་ཕྱག་ལ་བརྟག་དཔྱད་གནང་བར་ཕེབས་ཡོད་ལ། འདི་ནི་ཟླ་གསུམ་གྱི་གོང་ལ་ཁོང་གི་མཁྲིས་རྡོར་གཤག་བཅོས་གནང་རྗེས་སླར་ཡང་སྨན་ཁང་དུ་ཕེབས་ཐེངས་དང་པོ་རེད། དེ་བས་འདི་ག་གསར་ཁང་གིས་ཕྱི་ཚེས་ ༧ ཉིན་འདིའི་ཐད་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། ཚེས་ ༢ ཉིན་༧གོང་ས་མཆོག་ལྡི་ལིར་སྐུ་ཕྱག་བརྟག་དཔྱད་དུ་ཕེབས་པ་ཡིན་ཡང་གནད་འགག་དེ་འདྲ་མ་རེད། ༧གོང་ས་མཆོག་གི་སྐུ་ཕྱག་སྦྲིད་པ་བྱུང་བ་དང༌། གནས་ཚུལ་གང་ཡིན་བརྟག་དཔྱད་དུ་ཕེབས་སྐབས། སྐེ་ཚིགས་བར་གྱི་རྩ་ཞིག་རྩ་འགྱེལ་བྱུང་བ་དང༌། སྤྱིར་བཏང་གི་མི་རྣམས་ཉལ་ས་མ་བདེ་བ་བྱུང་ན་གཟུགས་པོའི་ཆ་ཤས་གང་རུང་སྦྲིད་པའི་གནས་ཚུལ་འབྱུང་བཞིན་པ་དང་འདྲ་བོ་རེད། དེ་བཞིན་དེ་སྔོན་༧གོང་ས་མཆོག་གི་མཁྲིས་རྡོ་གཤག་བཅོས་གནང་དགོས་བྱུང་བ་དེ་ཡང་གསང་བ་དེ་འདྲ་མ་རེད་ལ། སྐུ་སྒེར་ཡིག་ཚང་ནས་མི་མང་ལ་གསང་དགོས་བྱུང་བ་དེ་འདྲ་ཡང་མ་རེད། སྐབས་དེར་༧གོང་ས་མཆོག་མུམ་བྷེ་ནས་ཚུར་གཞུགས་སྒར་ལ་ཕེབས་སྐབས་གཤག་བཅོས་བྱ་མིན་ཐག་གཅོད་གནང་ཡོད་པ་མ་རེད། ཡང་བསྐྱར་ལྡི་ལིར་ཕེབས་སྐབས་གཞི་ནས་སྨན་པའི་ལམ་སྟོན་ལྟར་གཤག་བཅོས་གནང་བ་རེད། མཁྲིས་རྡོ་དེ་ཡང་སྔོན་མ་ནས་ཡོད་པ་དང་དེ་ལ་རྐྱེན་བྱས་ནས་སྐུ་གཟུགས་ལ་གནོད་པ་མེད་པས་ད་བར་གཤག་བཅོས་གནང་ཡོད་པ་མ་རེད། དེ་སྤྱིར་བཏང་གི་མི་སུ་ཡིན་ཡང་དགུང་ལོ་ཡར་ཕེབས་པ་དང་གཟུགས་པོའི་ནང་ཡོད་པ་ཞིག་རེད། གཤག་བཅོས་ཆུ་ཚོད་གསུམ་རིང་ལ་གནང་དགོས་བྱུང་བ་དང་བདུན་ཕྲག་གཅིག་གི་ནང་རྨ་ཁ་ཡོངས་སུ་སོས་ནས་༧གོང་ས་མཆོག་སྨན་ཁང་ནས་ཕྱིར་ཕེབས་ཐུབ་པ་བྱུང་ཡོད། སྐབས་དེར་སྐུ་གཟུགས་ལ་བརྟག་དཔྱད་གནང་མཁན་གྱི་སྨན་པས། ༧གོང་ས་མཆོག་གི་དགུང་ལོ་བགྲེས་པོ་ཡིན་ཡང་སྐུའི་བདེ་ཐང་གི་ཆ་ནས་ད་དུང་གཞོན་སྐྱེས་ཤིག་དང་འདྲ་བོ་འདུག་ཅེས་བཀའ་མོལ་བྱུང་སོང༌། འཕྲོད་བསྟེན་གྱི་ཆ་ནས་ཀྱང་བོད་སྨན་སྐུ་བཅར་སྨན་པ་དང༌། རྒྱ་གར་གཞུང་གི་སྐུ་བཅར་སྨན་པ། ཕྱི་རྒྱལ་གྱི་སྐུ་བཅར་སྨན་པ་གསུམ་བཅས་ཀྱིས་དུས་ཚོད་ངེས་མེད་ལ་བརྟག་དཔྱད་གནང་གི་ཡོད་པ་རེད། སྨན་པ་ཚང་མས་སྐུ་གཟུགས་རྩ་བའི་ཆ་ནས་བདེ་ཐང་རེད་གསུང་གི་འདུག དེ་བཞིན་སྐུའི་ཉེན་སྲུང་ཡིན་ཡང་རྩ་བའི་འགན་ཡོངས་རྫོགས་རྒྱ་གར་གཞུང་གིས་བླངས་ཡོད་ཀྱང༌། ང་ཚོས་ཀྱང་གང་ཐུབ་གནང་གི་ཡོད་དུས་ད་ལྟའི་ཆར་སྐུའི་བདེ་ཐང་དང་སྐུའི་ཉེན་སྲུང་གི་ཐད་ནས་མི་མང་རྣམས་བློ་འཚབ་གནང་དགོས་པ་མི་འདུག ཅེས་གསུངས་བྱུང༌།
སྨན་པའི་ལམ་སྟོན་དང་མི་མང་གི་སེམས་འཚབ་ནི་སྐུའི་མཛད་འཆར་མང་དྲག་པ་དེ་ཡིན་སྟབས། འདིའི་ཐད་དགོངས་བཞེས་གསར་པ་འདྲ་ཡོད་མེད་དྲིས་པར་ཁོང་གིས། ༧གོང་ས་མཆོག་སྔོན་མ་ཡིན་ན་བདུན་ཕྲག་གསུམ་རེའི་ནང་དུ་ཕྱི་རྒྱལ་ལ་ཐེངས་གཅིག་རེར་ཕེབས་ཀྱིན་ཡོད་ཀྱང་ད་ལྟའི་ཆར་འགྱུར་བ་བཏང་ཡོད་པ་རེད། སྐུ་སྒེར་ཡིག་ཚང་གི་ངོས་ནས་གང་ཐུབ་ཀྱིས་མཛད་འཆར་ཉུང་དུ་གཏོང་གི་ཡོད་ཀྱང་སྐུ་མདུན་ལ་ཐད་ཀར་ཞུས་པ་དེ་འདྲ་སྐུ་མདུན་ནས་ཞལ་བཞེས་གནང་ཡོང་གི་འདུག ཡིན་ཡང་ད་ལྟའི་ཆར་སྐུ་གཟུགས་བདེ་ཐང་ཡིན་པས་མཛད་འཆར་གང་ཡོང་གནང་རྒྱུའི་དགོངས་འཆར་འདུག ཅེས་གསུངས་བྱུང༌།
ཡང་སྐུ་ཕྱྭའི་སྐོར་ལ་མི་མང་དང་སྤྱི་འཐུས་གྲོས་ཚོགས་ནས་ལན་རེར་དྲ་རྒྱ་སོགས་ནས་གནས་ཚུལ་ཐོན་དུས་མ་གཏོགས་ཧ་མ་གོ་བ་དེ་འདྲ་ཡོང་གི་འདུག་པའི་ཐད་བཀའ་འདྲི་ཞུས་སྐབས། ཁོང་གིས་སྐུ་སྒེར་ཡིག་ཚང་གི་ངོས་ནས་སྐུ་ཕྱྭའི་གནད་དོན་ཐད་འབྲེལ་ཡོད་བཀའ་ཤག་ལ་གནས་ཚུལ་དུས་ཐོག་ལ་སྤྲོད་ཀྱིན་ཡོད་པ་རེད། ཡིན་ཡང་དུས་ཐོག་ལ་གནས་ཚུལ་གསལ་བསྒྲགས་གནང་མིན་དེ་བཀའ་ཤག་གི་ལག་ན་ཡོད་པ་རེད། ཅེས་གསུངས་བྱུང༌།
༧གོང་ས་མཆོག་གི་མཛད་རིམ་མང་པོ་ཞིག་གཞུང་འབྲེལ་གྱིས་གོ་སྒྲིག་གནང་གི་ཡོད་སྟབས། གཞུང་འབྲེལ་གྱི་གཟིགས་ཕྱོགས་ཅི་ཡིན་བཀའ་དྲུང་ལས་ཚབ་ཚེ་རིང་དབང་ཕྱུག་ལགས་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། སྤྱིར་༧གོང་ས་མཆོག་གི་མཛད་འཕྲིན་ཆེ་ཤོས་དེ་ཆོས་དང་རིག་གཞུང་མི་ཉམས་གོང་སྤེལ་གཏོང་སླད་མང་ཚོགས་ལ་གསུང་ཆོས་གནང་བ་དང༌། འཛམ་གླིང་གི་ཆོས་ལུགས་རྣམས་ཕན་ཚུན་འཆམ་མཐུན་ཡོང་ཆེད་ཆོས་ལུགས་རིས་མེད་ཀྱི་ཆོས་ཚོགས་ཁག་ལ་བཀའ་སློབ་གནང་བར་ཕེབས་ཀྱིན་ཡོད་པ་དག་རེད། སྔོན་མ་ནས་ཚོགས་འདུ་རིམ་པའི་ནང་ལ་སྐུའི་དགུང་ལོ་བགྲེས་པོར་ཕེབས་པ་དང་མཉམ་དུ་སྐུ་ངལ་གསོ་དགོས་པ་དང་མཛད་འཕྲིན་ཉུང་དུ་གཏོང་དགོས་པའི་གླེང་སློང་སླེབས་ཡོད་པ་རེད་ལ། ལོ་སྔོན་མའི་དམིགས་བསལ་ཚོགས་ཆེན་སྐབས་ཚོགས་ཞུགས་པ་ཚོས་སོ་སོའི་ཚོགས་ཆུང་གི་དོན་ཚན་ནང་དུ་༧གོང་ས་མཆོག་ལ་སྐུ་ངལ་གསོ་བའི་དུས་ཚོད་མང་དུ་གཏོང་དགོས་པ་དང༌། གལ་ཆེན་པོ་དེ་འདྲ་མིན་ཚེ། ཚོགས་པ་སྐྱིད་སྡུག་ཁག་དབུ་འབྱེད་མཛད་སྒོ་ལྟ་བུར་ཆིབས་བསྒྱུར་གནང་མི་དགོས་པར་མཛད་འཕྲིན་ཉུང་དུ་གཏོང་དགོས་པ་སོགས་སྐུའི་སྐུ་ཕྱྭ་སྐོར་ལ་སེམས་འཚབ་ཀྱི་བསམ་ཚུལ་སླེབས་ཡོད་པ་རེད། དེ་བཞིན་༧གོང་ས་མཆོག་བོད་མིའི་བླ་སྲོག་ལྟ་བུ་ཡིན་དུས་བཀའ་བློན་ཁྲི་པ་གཙོས་པའི་འབྲེལ་ཡོད་མི་སྣ་ཚོས་སྐུ་ངལ་གསོ་དགོས་པའི་དགོངས་པ་བཞེས་བསྡད་ཡོད་པ་རེད། ཡང་གནས་ཚུལ་ཁ་ཤས་ཤིག་ཐད་ཀར་སྐུ་མདུན་དང་སྐུ་སྒེར་ཡིག་ཚང་ལ་སྙན་ཞུ་ཞུས་ཚེ་༧གོང་ས་མཆོག་གིས་ག་དུས་ཡིན་ཡང་མིན་གསུང་གི་མ་རེད། འདིའི་རིགས་ལ་ཆིབས་བསྒྱུར་གནང་མིན་དེ་༧གོང་ས་མཆོག་གི་སྐུ་དབང་ཡིན་པས་བཀའ་ཤག་ལ་དབང་ཚད་ཡོད་པ་མ་རེད། ང་ཚོའི་ངོས་ནས་གཞུང་འབྲེལ་མཛད་སྒོ་སོགས་དང་འབྲེལ་བའི་མཛད་འཕྲིན་གང་ཉུང་གཏོང་གི་ཡོད་པ་དང༌། དཔེར་ན། ལོ་གཅིག་གི་ནང་ལོ་གསར་དང་གསུམ་བཅུའི་དུས་དྲན་ལ་ཕེབས་སྲོལ་ཡོད་པ་ལས། གཞུང་འབྲེལ་ཐོག་ཚོགས་པ་སྐྱིད་སྡུག་གི་ཚོགས་ཐོག་ལ་ཕེབས་ནས་གསུང་བཤད་གནང་དགོས་པ་སོགས་ལ་ང་ཚོའི་ངོས་ནས་༧གོང་ས་མཆོག་སྐུ་དངོས་སུ་ཕེབས་མི་དགོས་པའི་ཐབས་ཤེས་བྱེད་ཀྱིན་ཡོད། ཅེས་གསུངས་བྱུང༌།
༧གོང་ས་མཆོག་གི་ཆིབས་བསྒྱུར་ཕལ་ཆེ་བ་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཡིན་ལ། ཕྱི་ཚེས་ ༧ ཉིན་༧གོང་ས་མཆོག་གིས་ ༢༠༠༩ ལོའི་ཁོང་གི་ཕྱི་རྒྱལ་གྱི་ཆིབས་བསྒྱུར་ཐོག་མ་དེ་མགོ་བཙུགས་ཤིང༌། རྡ་སའི་རི་ངོགས་ནས་ཇེབ་འཁོར་ལ་བཞུགས་ཏེ་མར་ཕེབས་སྐབས། ཉེ་ཆར་གྱི་སྐུ་ཕྱག་གི་སྙུང་གཞིའི་དབང་གིས་ཁོང་གི་མགྲིན་པ་དར་ཡུག་ཅིག་གིས་དཀྲིས་འདུག ཁོང་གིས་ཞལ་འཛུམ་བཞིན་དང་ཕྱག་གཡུག་བཞིན་ཕེབས་སོང༌། དེ་རྗེས་འདི་གའི་གསར་འགོད་པས་བཙན་བྱོལ་བོད་གཞུང་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ལ་ཕྱི་རྒྱལ་ཁག་ཏུ་སྐུའི་མཛད་འཆར་གོ་སྒྲིག་གནང་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། གཞུང་གི་ངོས་ནས་༧གོང་ས་མཆོག་གི་དགུང་ལོ་དང་བསྟུན་པའི་མཛད་འཆར་ཉུང་དུ་གཏོང་དགོས་པ་དང་དགོང་དྲོའི་མཛད་འཆར་མེད་པར་གཏོང་རྒྱུ། དེ་བཞིན་སྐུ་ངལ་གསོ་བའི་དུས་ཚོད་འདང་ངེས་དགོས་པ་སོགས་སྐུ་ཚབ་དོན་གཅོད་ཚོར་བཀའ་གནང་ཡོད་པ་རེད་ལ། བོད་གཞུང་གི་ངོས་ནས་མཛད་འཆར་གང་ཉུང་ཉུང་བཏང་ནས་སྐུ་ངལ་གསོ་བའི་དགོངས་འཆར་ཡོད་པ་རེད། ཡིན་ན་ཡང་ཐད་ཀར་༧གོང་ས་མཆོག་ལ་སྙན་ཞུ་ཕུལ་མཁན་དེ་ཚོ་ལ་སྐུའི་ཐུགས་འདོད་ནང་བཞིན་རེད་མ་གཏོགས་ང་ཚོ་སུས་ཀྱང་སྟངས་འཛིན་བྱ་ཐུབ་གི་མ་རེད། ༧གོང་ས་མཆོག་གི་དགོངས་གཞི་གཙོ་བོ་བོད་སྤྱི་བའི་དོན་དང་འཛམ་གླིང་འདིའི་སྒང་ལ་ནང་ཆོས་དང་འབྲེལ་བའི་བསླབ་བྱ་སོགས་ཀྱིས་ཕན་ན་བསམ་པ་དེ་རེད། དེ་བས་དུས་ཚོད་གང་ཡོད་འཕྲོ་བརླག་ལ་མི་གཏོང་ཆེད་མི་སྒེར་དང་མཇལ་འཕྲད་གནང་རྒྱུ་དང་གསར་འགོད་པ་ཚོ་དང་གསུང་མོལ་ཞུ་རྒྱུ་དེ་ཚོ་སྐུའི་དགོངས་གཞི་རེད། ཅེས་གསུངས་བྱུང༌། ཡང་ཁོང་གིས་༧གོང་ས་མཆོག་སྐུ་གཟུགས་བརྟག་དཔྱད་ལ་ཕེབས་ཐེངས་རེར་རྒྱ་ནག་གིས་དེ་ལ་འཁྱོག་བཤད་བྱེད་བཞིན་པ་དེ་ནི་བོད་མི་རིགས་ལ་ཆབ་སྲིད་ཀྱི་སྒང་ནས་སེམས་ཤུགས་མེད་པར་གཏོང་བྱེད་ཀྱི་ཆབ་སྲིད་ལག་ཆར་བེད་སྤྱོད་གཏོང་གི་ཡོད་པ་ལས། དོན་དངོས་སུ་༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་རེད་ལ། མཁྲིས་རྡོ་གཤག་བཅོས་བྱས་པ་དེ་དང་ཚེས་ ༢ ཉིན་ལྡི་ལིར་སྐུ་ཕྱག་བརྟག་དཔྱད་གནང་བར་ཕེབས་པ་དེ་ཚོ་སྤྱིར་བཏང་གི་མི་ཞིག་ལ་རྒྱུན་ལྡན་ནས་ཡོད་པ་དེ་འདྲ་རེད། དེ་སྙུང་གཞི་ཛ་དྲག་དེ་འདྲ་མ་རེད། དེ་བཞིན་སྐུའི་ཉེན་སྲུང་གི་ཐད་ནས་ཀྱང་ ༡༩༥༩ ལོ་ནས་རྒྱ་གར་གཞུང་གིས་འགན་ལེན་བྱེད་ཀྱིན་ཡོད་པ་རེད་ལ། དེ་ལ་རམ་འདེགས་ཀྱི་ཚུལ་དུ་བོད་གཞུང་བདེ་སྲུང་ལྷན་ཁང་ནས་གང་ཐུབ་གནང་གི་ཡོད་པ་རེད། ཟླ་ཤས་སྔོན་རྡ་རམ་ས་ལ་དང་ཕོ་བྲང་གཡས་གཡོན་ལ་བརྙན་ཆས་བཞག་པ་དེ་ཚོ་ཡང་དམིགས་བསལ་ཉེན་ཁ་ཡོད་པའི་ཐོག་གནང་བ་དེ་འདྲ་མ་ཡིན་པར། དེང་རབས་ཚན་རིག་གི་ལག་རྩལ་བེད་སྤྱོད་བཏང་བ་ཙམ་ཡིན་པས་མི་མང་གིས་བློ་འཚབ་གནང་དགོས་པ་མ་རེད། ཅེས་གསུངས་བྱུང༌།
ཕྱི་ཚེས་ ༦ ཉིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་སྐུའི་བདེ་ཐང་དང་བདེ་འཇགས་ཀྱི་ཐད་མཁྱེན་རྟོགས་ཅི་ཡོད་དང༌། དེ་ལ་དཔག་པའི་དགོངས་གཞི་འདྲ་ཡོད་མེད་དྲིས་པར་ཁོང་གིས། ༧གོང་ས་མཆོག་སྐུ་གཟུགས་བརྟག་དཔྱད་དུ་ཕེབས་པ་སྔ་ཕྱི་རུ་སྐུ་སྒེར་ཡིག་ཚང་ནས་སྤྱི་འཐུས་ལྷན་ཁང་ལ་དམིགས་བསལ་ལན་གང་ཡང་སྤྲད་མ་སོང་བས། སྤྱི་འཐུས་ལྷན་ཁང་ནས་༧གོང་ས་མཆོག་གི་སྐུ་ཁམས་དང་འབྲེལ་བ་ཡོད་པ་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་ལ་དུས་ཐོག་ཏུ་བཀའ་གསལ་བོ་གནང་དགོས་པ་ཞུ་འདོད་ཡོད། ཚེས་ ༢ ཉིན་༧གོང་ས་མཆོག་ལྡི་ལིར་སྐུ་གཟུགས་བརྟག་དཔྱད་དུ་ཕེབས་སྐབས་ཡིན་ནའང་དྲ་རྒྱ་སོགས་སུ་བཀོད་ཡོད་དུས་གཞི་ནས་ཧ་གོ་སོང་བ་མ་གཏོགས་ང་ཚོས་དེའི་སྔོན་ལ་གནས་ཚུལ་ཤེས་མ་སོང༌། ༧གོང་ས་མཆོག་ལོ་སྔོན་མ་མཁྲིས་རྡོ་གཤག་བཅོས་ཆེད་ལྡི་ལིར་ཕེབས་དུས་དེར་ང་རང་ལྡི་ལིར་ཡོད་པ་དང༌། ས་གནས་དེ་རུ་ཡོད་པའི་སྤྱི་འཐུས་རེད། མི་མང་གིས་གནས་ཚུལ་གང་ཡིན་སྐད་ཆ་དྲིས་ཡོང་སྐབས་ང་ཚོར་གནས་ཚུལ་ཁ་གསལ་གང་ཡང་ལན་སྤྲོད་རྒྱུ་མེད་པའི་གནས་སྟངས་དེ་འདྲ་ཡོང་གི་འདུག མ་འོངས་པར་འདིའི་རིགས་ཅུང་ཁ་གསལ་གནང་དགོས་ཀྱིན་འདུག སྤྱི་འཐུས་ཚོགས་གཞོན་གྱིས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་རྣམས་ལ་སྐུ་ཁམས་དང་འབྲེལ་བ་ཡོད་པ་དྲ་རྒྱ་སོགས་ནས་གནས་ཚུལ་ཐོན་ཡོང་རྗེས་མ་གཏོགས་ཤེས་རྟོགས་མི་ཐུབ་པས་སྤྱི་འཐུས་ལྷན་ཁང་ལ་བཀའ་གསལ་བོ་གནང་དགོས་པའི་རེ་འདུན་ཞུས་ཡོད་པ་རེད་ལ། ང་རང་སྒེར་ཡིན་ཡང་སྐུ་ཁམས་ཀྱི་སྐོར་ལ་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་གསལ་བོ་ཧ་གོ་དགོས་པ་དང་གསལ་བོ་བཀའ་ལན་གནང་དགོས་པའི་བསམ་ཚུལ་ཡོད། ཡང་གནད་འགག་གི་དབང་གིས་སྐབས་རེར་གནས་ཚུལ་ཁ་ཤས་སྔོན་ལ་ཤེས་མ་དགོས་པ་དེ་འདྲ་ཡོང་སྲིད་གི་རེད། དེ་གནས་སྟངས་གཞན་པ་རེད། ཅེས་གསུངས་བྱུང་ལ། ཡང་ཁོང་གིས་སྐུ་མདུན་གྱི་མཛད་འཕྲིན་སྐོར་ལ། ༧གོང་ས་མཆོག་གི་མཛད་འཕྲིན་རྒྱས་པོ་ཡོད་པ་དེས་སྐུ་ཁམས་ངལ་གསོ་དང་བདེ་ཐང་ལ་གནོད་ཀྱིན་ཡོད་པས། སྤྱི་འཐུས་གྲོས་ཚོགས་ནས་ཀྱང་མཛད་འཕྲིན་ཉུང་དུ་གཏོང་བར་འབོད་སྐུལ་ཞུ་རྒྱུ་བྱུང་ཡོད་ལ། དགུང་ལོ་དང་སྐུ་ཁམས་ལ་འཚམ་པའི་མཛད་འཕྲིན་གོ་སྒྲིག་བྱ་རྒྱུའི་བསམ་འཆར་བྱུང་ཡོད་པ་རེད། སེམས་འཚབ་འདི་སྤྱི་འཐུས་གཅིག་པུ་མ་ཡིན་པར་བོད་མི་སྤྱི་ལ་ཡོད་པའི་སེམས་འཚབ་ཅིག་རེད། ཡིན་ན་ཡང་མཛད་འཆར་ཉུང་དུ་གཏོང་རྒྱུ་དེ་སྤྱི་འཐུས་ལྷན་ཁང་ལ་དབང་ཚད་གང་ཡང་ཡོད་པ་མ་རེད། དེ་བཞིན་སྐུ་སྒེར་ཡིག་ཚང་ཡིན་ཡང་མཛད་རིམ་དེ་ཚོ་དུས་ཚོད་ངེས་ཅན་ནང་དུ་མ་གཏོགས་བཟོ་གི་ཡོད་པ་མ་རེད་ལ། དཔེར་ན་ཕྱི་རྒྱལ་དང་རྒྱ་གར་ནང་གང་ལ་ཕེབས་ཀྱང་དགོང་དྲོའི་མཛད་རིམ་རྩ་བ་ནས་ཡོད་པ་མ་རེད། དེ་ལྟར་ཡང་སྐུ་མདུན་གྱི་མཛད་འཕྲིན་མང་ཤོས་སྐུ་མདུན་ཁོང་ནས་ཐུགས་ཐག་གཅོད་གི་ཡོད་དུས་ང་ཚོས་ཞུ་ཡ་ཙམ་ལས་དབང་ཚད་ཡོད་པ་མ་རེད། ཅེས་གསུངས་བྱུང༌།
གསར་འགོད་པ་ལགས། ལན་གནང་བར་བཀའ་དྲིན་ཆེ།
བསྐྱར་དུ་རྨོངས་འཆར་ཐུང་ཐུང་ཞིག་མ་བཀོད་རང་བཀོད་ཆགས་སོང་།
གནད་དོན་ཁ་ཤས་ཤིག་བསམ་བློ་གཏོང་ཐུབ་མ་ཐུབ་ཀྱི་སྐད་ཆ་མ་རེད། གནས་ཚུལ་གསལ་བོ་ཡོད་མེད་ཀྱི་སྐད་ཆ་རེད། དེ་ཡང་ཕུགས་དེད་ན་བཅར་འདྲི་བྱེད་ས་དེས་གནས་ཚུལ་གསལ་བོར་སྤྲད་མ་སྤྲདཀྱི་གནད་དོན་རེད། ཁྱེད་ཀྱི་བཅར་འདྲི་བྱེད་ས་ཚང་མར་སྐུ་མདུན་གྱི་མཛད་འཕྲིན་ཉུང་དུ་གཏོང་རྒྱུའི་བསམ་ཚུལ་ཡོད་པ་གཅིག་མཚུངས་རེད།
འོན་ཀྱང་། མི་ཡོང་ས་དེ་ཐད་ཀར་ཞུས་ཟེར་བ་འདི་རེད། ཐད་ཀར་ཞུས་ཟེར་བ་འདི་ཡང་ཕར་དེད་ན་མཇལ་འཕྲལ་གནང་སྐབས་༧སྐུ་མདུན་ལ་ཐད་ཀར་ཞུས་བ་ཡིན་ཙང་གཤམ་འོག་གི་མི་ལ་ེདེར་སྟངས་འཛིན་དང་ཕྱིར་འཐེན་བྱེད་རྒྱུའི་དབང་ཚད་མེད་ཟེར་བ་འདི་རེད། དེ་དངོས་གནས་རེད། དེ་འདྲ་ཡིན་ན་༧སྐུ་མདུན་རང་གི་རང་དབང་དང་དགོངས་གཞི་ལ་རེག་ལས་བ་མ་གཏོགས་དེ་ཉུང་དུ་གཏོང་དགོས་ལབ་ན་ཅུང་ཙམ་ནོར་བ་རེད། ཁྱེད་ལ་རེག་པའི་གནས་ཚུལ་འདི་རེད། ད་ཁྱེད་ལ་རེག་པའི་གནས་ཚུལ་འདིའི་སྒང་ལ་ངེད་ཀྱིས་ཀྱང་གནས་ཚུལ་ཞིག་དང་རྨོངས་འཆར་ཞིག་ཁ་སྣོན་རྒྱག་གི་ཡིན། ཁྱེད་རང་གསར་འགོད་པ་ཞིག་གི་ངོ་བོ་ནས་སོང་ཏེ་བཅར་འདྲི་གནང་བ་ཡིན་ཙང་། དྲི་ལན་འདེབས་མཁན་ཚོས་ཀྱང་གཞུང་གི་སྒྲོགས་ཙེའི་སྒང་གི་སྒྲིག་ལམ་དེ་སྲུང་ནས་ལན་བཏབ་གནང་འདུག མི་སྒེར་བ་བརྒྱུད་ལམ་བྱས་ཏེ་ཐད་ཀར་ཞུས་བའི་རིགས་དེ་ཚོ་གང་ལ་བུད་སོང་ནི་རེད། མི་སྒེར་བ་དེ་ཚོའི་འབྲེལ་བའི་ཐག་སྣེ་སུ་ལ་འབྲེལ་ནས་ཡོད། མི་སྒེར་བ་བརྒྱུད་ལམ་བྱས་ཏེ་༧གོང་ས་མཆོག་གི་སྐུ་ངལ་གསོ་བའི་ཆུ་ཚོད་ཡན་འཕྲོག་མཁན་དེ་ཚོ་གང་ན་ཡོད། ངེད་ཀྱིས་གསལ་བོ་ཞིག་དྲན་གྱི་མི་འདུག ཕྱི་ལོ་༢༠༠༥ལོའི་ཟླ་དྲུག་པའི་ཟླ་མཇུག་ཡིན་པ་འདྲ། ངེད་ཀྱི་གྲོགས་པོ་ཞིག་མི་སྒེར་གྱི་བརྒྱུད་ལམ་བྱས་ནས་༧གོང་ས་མཆོག་ལ་སྐུ་སྒེར་མཇལ་ཁ་རེག་སོང། གྲོགས་པོ་བཅར་དུས་༧གོང་ས་མཆོག་གིས་ཉིན་གུང་གསོལ་ཚིགས་མཆོད་གནང་གྲུབ་ཙམ་རེད་ཟེར།་ གྲོགས་པོ་མཇལ་ཁར་མ་བཅར་སྔོན་ལ། ངེད་ལ་ཅི་ཞིག་བཤད་དགོས་སམ་ཟེར་ནས་དྲིས་སོང། ངེད་ཀྱིས་མི་ཤེས་ལབ་པ་ཡིན།་ ངེད་ལ་དངོས་སུ་གོ་ཐོས་བྱུང་བ་དེ་འདྲ་ཡིན། འདི་དཔེ་མཚོན་ཙམ་ཡིན། ངེད་ཀྱིས་འདིའི་སྐོར་ལ་ཞིབ་འཇུག་བྱས་མེད། ཞིབ་འཇུག་བྱས་ན་ཐད་ཀར་ཞུས་ཟེར་བ་འདིའི་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་མང་གི་སྙམ། གང་ལྟར། གསར་འགོད་པས་ལན་གནང་བར་བཀའ་དྲིན་ཆེ།
མཚམས་རེར་དུས་བབ་ཚང་གི་གསར་འགོད་པ་ཚོས་མཚན་མོའི་ཆུ་ཚོད་བཅུ་གཉིས་ཡས་མས་སུ་ཡང་དྲ་ཐོག་ལ་གསར་འགྱུར་བཀོད་ཡོང་གི། དེ་ཚོ་ལྷག་བསམ་ཡོད་པའི་རྟགས་རེད།
རྗེས་སུ་ཡི་རངས་ཡོད།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། ང་གོང་གི་འབྲེལ་ཡོད་མི་སྣ་དེ་དག་རེ་རེའི་མདུན་དུ་མ་བཅར་བའི་སྔོན་དུ་སྐུ་མདུན་གྱི་མཛད་འཆར་ཉུང་དུ་གཏོང་དགོས་ཟེར་མཁན་གྱི་རིགས་དེ་ཡིན་ལ་འབྲེལ་ཡོད་མི་སྣ་དེ་དག་སེམས་གཏིང་ནས་ལེ་གདའ་ཡང་ཤོར་མྱོང་། ཡིན་ན་ཡང་གནས་ཚུལ་རྣམས་རྒྱུས་ལོན་དང་སྔོག་འདོན་སྐབས་དེ་ནི་སྐུ་མདུན་གྱི་རང་དབང་དང་དགོངས་གཞི་ལ་ཐུག་ཡོད་པ་ཞིག་ཡིན་དུས་བོད་མི་ཚོས་རེ་བ་ཞུ་ཆོག་པ་ལས་དབང་ཚད་བཀོལ་ས་མེད་པར་སྣང་ལགས།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས། ཉིད་ཀྱིས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།
འདི་དུས་བབ་ཀྱི་དམིགས་བསལ་གནས་ཚུལ་ཅིའི་ཕྱིར་ཡིན་ཞེས་ན། འདི་གསར་དུ་བྱུང་བའི་གནས་ཚུལ་ལམ་གསར་འགྱུར་དེ་འདྲ་མིན་པར། གལ་ཆེའི་གནད་དོན་ཞིག་གི་སྟེང་ལ་འདི་གའི་གསར་ཁང་གིས་ཆེད་དུ་ཞིབ་མཇུག་དང་སྔོག་འདོན་བྱས་པ་ཡིན།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་དུས་བབ་ཀྱི་གསར་འགྱུར་ཀློག་བཞིན་པར་ཡི་རངས་དང་སྔ་ཕྱི་རུ་བསམ་འཆར་དང་དོགས་སློང་གནང་བཞིན་པར་ཡང་དགའ་བསུ་ཡོད།
ཡིན་ན་ཡང་དོན་དག་ཁ་ཤས་ཤིག་བསམ་བློ ནན་ཏན་གྱིས་བཏང་ན་མི་གོ་བ་མེད་པར་སྣང་ལ་དེ་ནི་མཚམས་རེར་རང་རང་གི་བསམ་བློ་གཏོང་ཐུབ་མིན་ལ་ཡང་ འབྲེལ་བ་ཆགས་ཡོད།
དཔེར་ན་གོང་ནས་ཉིད་ཀྱིས་དོགས་སློང་བྱེད་པ་དེ་དང་འདྲ། ༧གོང་ས་མཆོག་ནི་ཆུང་ས་ནས་བོད་མི་རིགས་ཀྱི་འདི་ཕྱིའི་སྐྱབས་གནས་དང་ཆེ་ས་ནས་འཛམ་གླིང་ཞི་བདེའི་དེད་དཔོན་རེད། དེར་བརྟེན། ནམ་ཡང་གཞན་དོན་ཁོ་ནར་བྲེལ་ནས་ཡོད་པ་ནི་སྨྲོས་མེད་རེད། འོན་ཀྱང་། ཐད་ཀར་ཞུས་ཟེར་བའི་བརྒྱུད་ལམ་དེར་ཏན་ཏན་བསམ་བློ་གཏོང་རྒྱུ་ཞིག་འདུག་ལ་ཐད་ཀར་ཞུ་སའི་བརྒྱུད་ལམ་དེ་ཉུང་དུ་གཏོང་ཐབས་ཀྱི་ཕྱོགས་ལ་ཡང་སྐུ་སྒེར་ཡིག་ཚང་དང་བཀའ་ཤག་ནས་ཐབས་ཤེས་གནང་ཐུབ་ན་ཡག་པོ་འདུག
འདི་ལ་སྐུ་སྒེར་ཟུང་དྲུང་བསྟན་འཛིན་སྟག་ལྷ་ནས། སྐུ་སྒེར་ཡིག་ཚང་གི་ངོས་ནས་གང་ཐུབ་ཀྱིས་མཛད་འཆར་ཉུང་དུ་གཏོང་གི་ཡོད་ཀྱང་སྐུ་མདུན་ལ་ཐད་ཀར་ཞུས་པ་དེ་འདྲ་སྐུ་མདུན་ནས་ཞལ་བཞེས་གནང་ཡོང་གི་འདུག ཡིན་ཡང་ད་ལྟའི་ཆར་སྐུ་གཟུགས་བདེ་ཐང་ཡིན་པས་མཛད་འཆར་གང་ཡོང་གནང་རྒྱུའི་དགོངས་འཆར་འདུག ཅེས་དང་། ཡང་བཀའ་ཤག་ནས་འདིའི་ཐད་ལ། གནས་ཚུལ་ཁ་ཤས་ཤིག་ཐད་ཀར་སྐུ་མདུན་དང་སྐུ་སྒེར་ཡིག་ཚང་ལ་སྙན་ཞུ་ཞུས་ཚེ་༧གོང་ས་མཆོག་གིས་ག་དུས་ཡིན་ཡང་མིན་གསུང་གི་མ་རེད། འདིའི་རིགས་ལ་ཆིབས་བསྒྱུར་གནང་མིན་དེ་༧གོང་ས་མཆོག་གི་སྐུ་དབང་ཡིན་པས་བཀའ་ཤག་ལ་དབང་ཚད་ཡོད་པ་མ་རེད། ཡང་བོད་གཞུང་ ཕྱི་དྲིལ་དྲུང་ཆེ་ནས་༧གོང་ས་མཆོག་གི་དགོངས་གཞི་གཙོ་བོ་བོད་སྤྱི་བའི་དོན་དང་འཛམ་གླིང་འདིའི་སྒང་ལ་ནང་ཆོས་དང་འབྲེལ་བའི་བསླབ་བྱ་སོགས་ཀྱིས་ཕན་ན་བསམ་པ་དེ་རེད། དེ་བས་དུས་ཚོད་གང་ཡོད་འཕྲོ་བརླག་ལ་མི་གཏོང་ཆེད་མི་སྒེར་དང་མཇལ་འཕྲད་གནང་རྒྱུ་དང་གསར་འགོད་པ་ཚོ་དང་གསུང་མོལ་ཞུ་རྒྱུ་དེ་ཚོ་སྐུའི་དགོངས་གཞི་རེད།
༧གོང་ས་མཆོག་གི་དགོངས་གཞི་གཙོ་བོ་བོད་སྤྱི་བའི་དོན་དང་འཛམ་གླིང་འདིའི་སྒང་ལ་ནང་ཆོས་དང་འབྲེལ་བའི་བསླབ་བྱ་སོགས་ཀྱིས་ཕན་ན་བསམ་པ་དེ་རེད། དེ་བས་དུས་ཚོད་གང་ཡོད་འཕྲོ་བརླག་ལ་མི་གཏོང་ཆེད་མི་སྒེར་དང་མཇལ་འཕྲད་གནང་རྒྱུ་དང་གསར་འགོད་པ་ཚོ་དང་གསུང་མོལ་ཞུ་རྒྱུ་དེ་ཚོ་སྐུའི་དགོངས་གཞི་རེད། རྒྱལ་ཁབ་དང་གང་དང་སྤྱི་ཚོགས་གང་དུ་ཕེབས་ཀྱང་ཐད་ཀར་མི་སྣ་མང་པོར་མཇལ་འཕྲད་གནང་གི་ཡོད་པ་རེད། ཐད་ཀར་ཞུས་ཞེས་པ་དེ་ཐད་ཀར་མཇལ་འཕྲད་གནང་སྐབས་ཐད་ཀར་ཞུ་མཁན་དེ་དག་ལ་སྐུ་མདུན་ནས་རེ་བ་སྐོང་བ་དེའི་རིགས་ལ་ཐད་ཀར་ཞུས་པས་གཤམ་འོག་གི་མི་ལ་དེར་ཐེ་གཏོགས་དང་ཕྱིར་འཐེན་བྱ་རྒྱུའི་དབང་ཚད་མེདཔར་གསུངས་སོང་།
ཕྱོགས་གཅིག་ནས་༧སྐུ་མདུན་རང་གི་དགོངས་གཞི་ལ་ཚད་དཀག་དང་ཐེ་གཏོགས་བྱེད་ན་དེ་གང་འདྲ་ཞིག་ཡིན་ནམ། རྒྱ་ནག་གིས་༧གོང་ས་མཆོག་གི་མཛད་འཕྲིན་རྒྱས་པོ་མཐོང་སྐབས་འཁྱོག་བཤད་དང་ལོག་འགྲེལ་བྱེད་བཞིན་པ་དེ་ཧམ་པའི་སྐད་ཆ་རེད་ལ། བོད་མི་ཚོས་༧གོང་ས་མཆོག་བོད་ལ་མཁོ་བས་མཛད་འཕྲིན་ཉུང་དུ་གཏོང་དགོས་དང་དགོངས་གཞི་ལ་ཚད་དཀག་བྱ་དགོས་ཟེར་ན་དེ་ཡང་ཧམ་པའི་སྐད་ཆ་རེད།
ང་ལ་འདིའི་ཕྱོགས་ནས་གླེང་རྒྱུ་ཤིན་ཏུ་མང་མོད་རེ་ཞིག་ཕྱོགས་ཙམ་ལས་གླེང་མེད། ཁྱེད་ཚོས་ཀྱང་འདིའི་སྐོར་ལ་ཞིབ་འཇུག་དང་ཤེས་རྟོགས་རྒྱུས་ལོན་རེ་བྱེད་ཐུབ་ན་ད་གཟོད་ཁོང་གི་སྐུ་ངལ་ཤེས་ནི་རེད་ལ། སྐུ་བདེ་ཐང་ཡང་མཁྱེན་ནི་རེད།
གནས་ཚུལ་ཡག་པོ་བཀོད་འདུག ཐུགས་རྗེ་ཆེ་ཡིན་ནའང། འདི་དུས་བབ་ཀྱི་དམིགས་བསལ་གནས་ཚུལ་ཅིའི་ཕྱིར་ཡིན་ནི་རེད། དེ་དྲི་བ་ཡིན།
སྤྱིར་གོང་ས་མཆོག་སྐུ་རྐྱང་ཡིན་པ་དེ་ཧ་ཅང་གི་སེམས་སྐྱོ་བོ་རེད། ངས་བལྟས་ན་ཁོང་གི་སྐུ་ངལ་མང་ཆེ་བ་སྐུ་རྐྱང་ལ་གཡུགས་པ་དག་ལས་འོང་གིན་དུག ཁོང་སྐུ་རྐྱང་ལ་གཡུག་མཁན་ང་ཚོ་ཚང་མ་རེད། ང་ལ་རྒྱུས་ཡོད་ཀྱི་ཆ་ནས་བཤད་ན་སེར་མོ་བའི་སྡེ་ནས་ལན་མང་དུ་གནའ་ནས་ད་ལྟའི་བར་དུ་སྐུ་རྐྱང་ལ་གཡུགས་འདུག འདི་ངོ་མ་སེམས་སྐྱོ་ནས་ངུ་དགོད་སྤེལ་མར་འོང་བ་ཞིག་རེད། དང་པོ་དབང་ལུང་མན་ངག་ཐ་ན་གྲོད་ཁོག་ཚུན་ཆུད་ཁོང་ལས་བླངས་རྗེས་ད་གཟོད་ངོ་རྒོལ་གྱི་ལས་རྩོམ་པ་མགོ་སྐོར་གྱི་ལས་རྩོམ་པ། ལག་འཕྱི་བྱེད་པ་སོགས་ཆེས་འཇིགས་རུང་དང་མི་བཟོད་པ་རྐྱང་རྐྱང་བྱེད་ཀྱིན་ཡོད་པ་རེད། ཕྱོགས་འདི་ནས་སྐུ་རྐྱང་ལ་གཡུགས་པ་རེད་ལ་སྐུ་ངལ་སྤྲད་པའང་རེད།
རྒྱལ་བ་རིན་པོ་ཆེ་བོད་མི་མང་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་རེད། འདི་རྨོངས་དད་ཀྱི་སྐད་ཆ་མ་རེད་ལ་སྤྲེལ་ལད་ཀྱི་སྐད་ཆ་ཡང་མ་རེད། དངོས་ཡོད་གནས་སྟངས་ཀྱི་སྒང་ནས་འདི་ལྟར་ཆགས་ཡོད། དེ་ན་རྒྱལ་བ་རིན་པོ་ཆེའི་སྐུའི་བདེ་ཐང་འདི་ཡང་བོད་མི་རིགས་ཀྱི་གསོན་གནས་དང་ཡང་འབྲེལ་བ་རྒྱ་ཆེར་ཡོད།
སྐུའི་བླ་སྨན་ཁག་དང་སྐུ་སྒེར་ཡིག་ཚང་། བོད་གཞུང་བཀའ་ཤག བོད་མི་མང་སྤྱི་འཐུས་ལྷན་ཁང་། གཞན་བོད་མི་མང་བཅས་ཚང་མའི་བསམ་ཚུལ་འབབ་ས་ནི་སྐུའི་མཛད་འཆར་གྱི་སྒང་ལ་རེད་འདུག་ལ། སྐུའི་མཛད་འཆར་མང་དྲག་པ་དང་སྐུའི་བདེ་ཐང་གི་ཆེད་དུ་སྐུའི་མཛད་འཆར་ཉུང་དུ་གཏོང་དགོས་རྒྱུའི་བསམ་ཚུལ་ཡང་ཚང་མ་ལ་གཅིག་མཚུངས་སུ་ཡོད་པ་འདྲ།་
འོན་ཀྱང་། གཙོ་བོ་ཐུག་ས་དེ་༧གོང་ས་མཆོག་སྐུ་སྒེར་དང་ཐད་ཀར་ཞུས་བ་རེད་ཟེར་བ་འདི་གཉིས་ལ་ཐུག་འདུག
༧གོང་ས་མཆོག་ནི་ཆུང་ས་ནས་བོད་མི་རིགས་ཀྱི་འདི་ཕྱིའི་སྐྱབས་གནས་དང་ཆེ་ས་ནས་འཛམ་གླིང་ཞི་བདེའི་དེད་དཔོན་རེད། དེར་བརྟེན། ནམ་ཡང་གཞན་དོན་ཁོ་ནར་བྲེལ་ནས་ཡོད་པ་ནི་སྨྲོས་མེད་རེད། འོན་ཀྱང་། ཐད་ཀར་ཞུས་ཟེར་བའི་བརྒྱུད་ལམ་དེར་ཏན་ཏན་བསམ་བློ་གཏོང་རྒྱུ་ཞིག་འདུག་ལ་ཐད་ཀར་ཞུ་སའི་བརྒྱུད་ལམ་དེ་ཉུང་དུ་གཏོང་ཐབས་ཀྱི་ཕྱོགས་ལ་ཡང་སྐུ་སྒེར་ཡིག་ཚང་དང་བཀའ་ཤག་ནས་ཐབས་ཤེས་གནང་ཐུབ་ན་ཡག་པོ་འདུག
ཐད་ཀར་ཞུ་སྟངས་ཀྱི་བརྒྱུད་ལམ་དེ་ག་འདྲ་ཞིག་རེད། ལན་གསལ་བོ་ཞིག་ཡོད་ན་གནང་རོགས།
གནས་ཚུལ་གསལ་བོ་དང་ཁུངས་ལྡན་ཞིག་འདུག་པས་ཐུགས་རྗེ་ཆེ།
རྒྱལ་བ་རིན་པོ་ཆེ་ཚང་གིས་འགྲོ་དོན་སྒྲུབ་པར་སྐུ་ཐང་ཆད་མི་སྲིད་ལ། འགྲོ་དོན་གྱི་ཆེད་དུ་ཕེབས་དགོས་པ་འདི་ནི་ཁོང་གི་སྐྱེས་རབས་དཔག་ཏུ་མེད་པའི་གོང་གི་ཐུགས་སྨོན་རེད། མ་ཕེབས་རོགས་ཞེས་སུ་ཞིག་གིས་ཞུ་ཐུབ། གླིང་ཆེན་པོ་འདི་ན་ཁོང་ལ་གདུལ་བྱ་ཇེ་མང་རེད་ལ། ཁོང་རིགས་ཀྱི་ཐུགས་རྗེ་བཀའ་དྲིན་གྱི་འོད་ངོགས་ནས་བདེ་སྐྱིད་ལ་རོལ་བཞིན་པའང་བོད་མི་རྣམས་གཅིག་པུ་ག་ལ་ཡིན།
དེ་བས་ང་ཚོ་བོད་མི་ཚོར་མཚོན་ན་ཁོང་གིས་བཀའ་སློབ་ལམ་སྟོན་རིམ་པ་མང་པོ་ཞིག་ཕེབས་བཞིན་པ་འདི་དག་གི་ཐད་གོ་ཤེས་ཚོར་ཤེས་ཡོད་པ་དང་། འགན་དང་ཁག་འཁུར་ཡོད་པའི་ཐོག་ནས་འབད་བརྩོན་བྱ་དགོས་པ་རེད། ངའི་བསམ་ཚུལ་ཡིན་ན་རྒྱལ་བ་རིན་པོ་ཆེ་ཚང་ལ་ཐུགས་ངལ་ཞིག་ཡོད་ཚེ་དེ་ནི་བོད་མི་ཚོས་ཁོང་གི་བཀའ་བརྩི་དང་ལེན་མ་བྱས་པ་དང་། ཇི་ཙམ་གྱི་བཀའ་སློབ་ལམ་སྟོན་བསྩལ་ཡང་ནུས་པ་ཉག་གཅིག་མི་ཐོན་པའི་ལས་དབང་འདིའི་རྐྱེན་གྱིན་ཡིན་གི་རེད།
བོད་ཀྱི་དུས་བབ་ཚང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མི་མང་ནི་ཁ་རྫུན་བཤད་རྒྱུར་དགའ་བས་དཀའ་གནད་དེ་དག་ཁྱེད་ཅག་གིས་འབྲེལ་ཡོད་ཀྱི་མི་སྣ་དག་ལ་ཞིབ་འདྲི་བྱས་དེ་༧གོང་ས་མཆོག་གི་སྐུའི་བདེ་ཐང་བསྐོར་འདིར་བཀོད་གནང་བ་ལ་སླར་ཡང་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཁྱེད་ནི་བླ་མ། ཁྱེད་ནི་ཡིད་དམ། ཁྱེད་ནི་མཁའ་འགྲོ ཁྱེད་ནི་ཆོས་སྐྱོང་། བླ་མ་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ལ་བར་ཆད་མེད་པ་དང་མཛན་འཕྲིན་རྒྱས་པ་ནས། སྐུ་གཟུགས་དུས་དང་རྣམ་པ་ཀུན་དུ་བདེ་ཐང་ཡོང་བར་ཤོག
རིག་འབྱུང་ལགས། ཐད་ཀར་ཞུས་ཟེར་བ་དེ་ནི་ཕལ་ཆེར། འཇལ་ཁ་ལེན་དུས་རང་རང་གི་ལག་པ་བསྲིང་དེ་༧གོང་ས་མཆོག་ལ་སྙན་ཞུ་ཕུལ་བ་དང་མི་དབང་ཆེན་དག་བརྒྱུད་དེ་༧གོང་ས་མཆོག་ལ་དམིགས་གསལ་འཇལ་ཁ་ཞུ་བ་དེ་དག་ལ་ཟེར་གྱི་ཡོད་པ་འདྲ།
ཇི་སྐད་དུ་ལམ་སྒྲོན་ལས།
རི་རབ་ལྟ་བུར་བརྟན་པའི་ཐུགས། །
བྱམས་པའི་རླུང་ཤུགས་ཀྱིས་བསྐྱོད་པས། །
ཤིང་བལ་བཞིན་པ་སྲིད་པ་འདིར། །
འགྲོ་བའི་དོན་དུ་གཡོ་བ་ལགས། །
ཞེས་པ་ལྟར་རེད།
སྐུ་སྒེར་ཡིག་ཚང་དང་བཀའ་ཤག་སོགས་མ་བརྒྱུད་པར་སྐུ་མདུན་ལ་ཐད་ཀར་ཞུས་པ་དེ་ག་འདྲ་རེད། དེའི་བརྒྱུད་ལམ་དེ་སུ་རེད།
ཐད་ཀར་ཞུ་མཁན་རིགས་ཀྱི་བརྒྱུད་ལམ་དེར་སྟངས་འཛིན་བྱེད་ཐུབ་ཀྱི་མེད་པ་རེད་དམ།
ཐད་ཀར་ཞུས་ཟེར་བའི་བརྒྱུད་ལམ་དེ་ཇི་འདྲ་ཞིག་ཡིན་མིན་ཐད་ནས་གནས་ཚུལ་ཞིག་རེག་ཐབས་བྱེད་རོགས།