ལི་ཐང་གི་དོན་རྐྱེན་ཆེད་དུ་མར་མེ་ཁྲོམ་སྐོར་བྱས་པ་དང་བསྟུན། གཞོན་ལྷན་གྱིས་མང་ཚོགས་ལ། ང་ཚོས་སང་ཉིན་ལོ་སར་གཏོང་གི་མིན་ཟེར་བཞིན་ཁུ་སིམ་མེར་བསྡད་ན་འགྲིག་གིན་ཡོད་པ་མ་རེད། ལོ་སར་མི་གཏོང་བའི་རྒྱུ་རྐྱེན་ལ་བརྟེན་ནས་ལས་འགུལ་སྤེལ་དགོས་པ་རེད་ཟེར།
ཕྱི་ཚེས་ ༡༤ དང་ ༡༥ ཉིན་ཁམས་ལི་ཐང་ཁུལ་དུ་བོད་མི་ ༡༦ ལྷག་གིས། བོད་རང་བཙན་ཡིན། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ད་ལོ་ལོ་སར་མེད་ཅེས་ངོ་རྒོལ་སྐད་འབོད་བྱས་མཐར། རྒྱ་གཞུང་གིས། ཁོང་ཚོ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། འཛིན་བཟུང་བྱས་པའི་བོད་མི་དེ་དག་ལ་གདུང་སེམས་མཉམ་སྐྱེད་དང་རྡོག་རྩ་གཅིག་སྒྲིལ་མཚོན་ཕྱིར་ཕྱི་ཚེས་ ༡༧ ཉིན་གྱི་དགོང་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཙམ་ནས་ཆུ་ཚོད་གཅིག་རིང་ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག་མེག་གྷན་རླངས་འཁོར་ས་ཚིགས་ནས་ཐག་ཆེན་ཆོས་གླིང་གཙུག་ལག་ཁང་བར་ས་གནས་མང་ཚོགས་ ༥༠༠ ལྷག་འདུ་འཛོམས་ཀྱིས་མར་མེ་ཁྲོམ་སྐོར་བྱས་སོང་ལ། མར་མེ་ཁྲོམ་སྐོར་སྐབས་ལི་ཐང་དགའ་ལྡན་བྱང་རྩེ་གྲྭ་ཚང་ཕ་ར་ཁང་ཚན་གྱི་གྲྭ་བློ་བཟང་ཆོས་སྐྱབས་ཀྱིས་འཛིན་བཟུང་བྱས་ཟིན་པའི་བོད་མི་དེ་དག་ངོ་སྤྲོད་དང་སྐབས་དེའི་གནས་སྟངས་འགྲེལ་བརྗོད་གནང་སོང་ལ། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས། ཕྱི་ཚེས་ ༢༩ ནས་ལོ་གསར་ཚེས་ ༣ བར་ངྷ་ས་ས་གནས་གཞོན་ནུའི་འཆར་ཅན་གྱི་ལས་རིམ་ཁག་ཡང་བསྐྱར་ངོ་སྤྲོད་དང༌། མི་མང་ཡོངས་ལ་ལོ་སར་མི་རོལ་བའི་རྒྱུ་རྐྱེན་ལ་བརྟེན་ནས་ལས་འགུལ་གང་མང་ནང་འཛུལ་ཞུགས་བྱ་རྒྱུའི་འབོད་སྐུལ་གནང་སོང༌།