རྒྱ་ནག་གིས་ལོ་འདིའི་བོད་ལུགས་ལོ་གསར་ནི་ལོ་ནག་པོ་མ་རེད་དམར་པོ་རེད། ཡིན་ཡང་སྐམ་པོ་རེད་ཟེར།
ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་སྐར་རྩིས་དང་ལོ་ཐོའི་སྡེ་ཚན་གྱི་མཐོ་རིམ་ཉམས་ཞིབ་པ་གོང་དཀར་རིག་འཛིན་ཟེར་བ་ཞིག་གིས་ཉམས་ཞིབ་བྱས་པ་ལྟར་ན། ད་ལོའི་བོད་ལུགས་ལོ་གསར་འདི་ནི་གཟའ་ལྷག་པའི་ཉིན་ནས་མགོ་འཛུགས་གིན་ཡོད་ལ། བོད་ལུགས་སྐར་རྩིས་ཀྱི་གཞུང་ལྟར་ན། ལོ་འདི་ནི་ཁ་དོག་དམར་པོ་རེད་མ་གཏོགས་ནག་པོ་མ་རེད། དམར་པོ་ནི་བཀྲ་ཤིས་པ་དང་དུས་སྟོན་གྱི་མཚོན་རྟགས་རེད་ཟེར་ལ། ཡིན་ཡང་། སྐམ་པ་རེད། ཟེར།
གོང་དཀར་རིག་འཛིན་་གྱིས་བཤད་དོན། བདུན་ཕྲག་གསུམ་གྱི་སྔོན་ལ་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཁོང་ལ་ཁ་པར་བརྒྱུད་ལོ་འདི་ནི་ལོ་ནག་ལ་སྲུང་གཙི་བྱེད་དགོས་ལུགས་བཤད་ཀྱང་། ད་ལོ་ནི་ས་གླང་ལོ་ཡིན་སྟབས་ནག་པོ་ལ་འབྲེལ་བ་མི་འདུག་ཅེས་དང་། ཉེ་བའི་ཆར་གྱི་ལོ་ནག་ནི་ ༢༠༠༧ ལོ་འཁེལ་ཡོད་པ་རེད། དེ་ནི་ཕག་ལོ་རེད། ལོ་ནག་རྗེས་མ་ནི་ ༢༠༡༦ ལོར་འཁེལ་གྱི་ཡོད་པ་རེད་ཅེས་ཀྱང་བཤད་ཡོད་ལ། གོང་དཀར་རིག་འཛིན་གྱིས། གཞོན་ལྷན་གྱིས་ལོ་འདི་ནི་དམར་ནག་ཅིག་ལ་བཤད་གི་འདུག འདི་ནི་ཁོང་ཚོས་ནང་དུ་ཆབ་སྲིད་ཀྱི་དམིགས་ཡུལ་གཞན་པ་བཟུང་བ་རེད་ཅེས་བཤད་ཡོད་པ་རེད།