བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་ལ། ཡོངས་བསྒྲགས་མ་བྱས་པའི་དམག་ཁྲིམས་དེ་ཕྱིར་འཐེན་བྱེད་རོགས་ཞེས་ཕྱི་ཚེས་ ༢༡ ཉིན་འབོད་སྐུལ་ཞུས་ཡོད་པ་རེད།
བོད་ཀྱི་བོད་ལུགས་ལོ་གསར་ལ་ཉིན་ ༤ ལས་མེད་པའི་སྐབས་འདིར། རྒྱ་ནག་གཞུང་གིས་བོད་ས་ཡོངས་དང་། ལྷག་པར་དུ་བོད་རང་སྐྱོང་ལྗོངས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མ་ཟད། དམག་མི་དང་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་པ། སྤྱི་བདེ་མི་སྣ། ཏང་གི་ཐད་ཀའི་འགན་ཡོད་ལས་བྱེད་བཅས་ལ་ཁ་བྲལ་བའི་རིགས་མཐོང་ཚད་ཕམ་པར་རྒྱོབ་ཅེས་བཀའ་རྒྱ་བཏང་ཡོད་པ་རེད།
༧རྒྱལ་བ་རིན་པོ་ཆེ་མཆོག་ནི་དེང་སྐབས་སྐུ་ངལ་གསོ་བ་དང་མཉམ་དུ་གདན་ས་ཁག་གི་དགེ་འདུན་པ་སྟོང་ཕྲག་ལྷག་ལ་དགེ་སློང་གི་སྡོམ་རྒྱུན་སྩོལ་ཕྱིར། རྒྱ་གར་ལྷོ་ཕྱོགས་སུ་བཞུགས་ཡོད་པ་རེད།
ཕྱི་ཚེས་ ༢༡ ཉིན་བཀའ་ཤག་གིས་སྤེལ་བའི་གནས་ཚུལ་ནང་འཁོད་དོན། རྒྱ་ནག་གིས་མདོ་དབུས་མཐོ་སྒང་དུ་དམག་མི་འཕར་སྣོན་བྱས་པ་ནས་བཟུང་བོད་ནང་གི་གནས་སྟངས་ཉམ་རྒུད་དུ་ཽཡིན་པར་བརྟེན་བློ་ཕམ་ཆེ་ཤོས་སུ་གྱུར། ཅེས་དང་། གནས་སྟངས་འདི་དག་ལ་བརྟེན། བཀའ་ཤག་གིས་རྒྱ་ནག་གཞུང་ལ། དྲག་རྡུང་གི་ལས་འགུལ་མཚམས་འཇོག་དང་ཁྱབ་བསྒྲགས་བྱས་མེད་པའི་དམག་ཁྲིམས་དེ་ཕྱིར་འཐེན་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།