ཁ་སང་རྒྱ་ནག་གི་རྡོ་སོལ་གཏེར་ཁུངས་ཤིག་ཏུ་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ། མི་མང་པོ་ཞིག་འདས་གྲོངས་སུ་སོང་ཡོད་པ་དང༌། གཞན་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ། སྨན་ཁང་དུ་བསྐྱལ་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་ཧྲན་ཤི་ཞིང་ཆེན། ཐའེ་ཡན་གྲོང་ཁྱེར་ཉེ་འགྲམ་གྱི་ཐོན་ལཱན་རྡོ་སོལ་གཏེར་ཁུངས་ཤིག་ཏུ་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ། ལས་བཟོ་བ་མི་ ༧༣ རྐྱེན་ལམ་དུ་ཕྱིན་ཡོད་པ་དང༌། མི་ ༦༥ ས་འོག་ཏུ་ལུས་ཡོད་འདུག གཞན་མི་ ༡༡༣ ཙམ་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་པའི་ཁྲོད་ཀྱི་མི་ ༢༡ གི་རྨས་སྐྱོན་ཧ་ཅང་ཚབས་ཆེན་ཆགས་ཏེ། ཚེ་སྲོག་ལ་ཉེན་ཁ་ཡོད་འདུག གོང་གི་གནས་ཚུལ་འདི་ནི་རྒྱ་ནག་གཞུང་འབྲེལ་ཞིན་ཧཱ་གསར་ཁང་ནས་བསྒྲགས་པའི་གནས་ཚུལ་ཡིན་ཞིང༌། གསར་ལམ་གཞན་དུ་འདིའི་སྐོར་གྱི་གནས་ཚུལ་ཁ་གསལ་ཐོན་མི་འདུག སྤྱིར་རྒྱ་ནག་ནང་ལོ་རེ་བཞིན་གཏེར་ཁུངས་རིགས་ཀྱི་ཆག་སྒོའི་ཁྲོད་ལས་བཟོ་བ་ཧ་ཅང་མང་པོའི་ཚེ་སྲོག་ཤོར་གྱིན་ཡོད་པ་དང༌། འདས་མ་ཐག་པའི་ ༢༠༠༨ ལོ་གཅིག་པུར་ལས་བཟོ་བ་ཉིས་སྟོང་དགུ་བརྒྱ་དྲུག་ཅུ་ ༢༩༦༠ ལྷག་གི་ཚེ་སྲོག་ཤོར་ཡོད་འདུག