མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་ཞེད་ས་རང་སྲིད་རང་སྐྱོང་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

 

བོད་མི་ཚོར་གསལ་འདེབས་ཤིག་བྱེད་དུ་ཡོང་བ་ཡིན། ང་ཚོ་དང་བོད་རིགས་མི་མང་ལ་ཐུན་མོང་གི་དམིགས་ཡུལ་ཞིག་ཡོད། བོད་རིགས་སྤུན་ཟླ་ཚོས་རྒྱ་ནག་དམར་པོའི་གཞུང་གི་འོག་ནས་མི་ལོ་ ༥༠ རིང་ལ་དཀའ་སྡུག་ཚད་མེད་མྱངས་ཡོད་ལ། དེ་བཞིན་རྒྱ་རིགས་མི་མང་གིས་ཀྱང་མི་ལོ་ ༦༠ རིང་ལ་དཀའ་སྡུག་མྱངས་ཡོད། སྐབས་འདིར་ང་ཚོ་རྒྱ་བོད་གཉིས་ལ་ཐུན་མོང་གི་དམིགས་ཡུལ་ནི། རྒྱ་ནག་དམར་གཞུང་གི་སྲིད་དབང་སྒེར་གཅོད་དང༌། ཉམས་ང་རུལ་སུངས་ཀྱི་དབང་ཆ་གཅིག་སྡུད་ལམ་ལུགས་མཇུག་རྫོགས་པར་བྱ་རྒྱུ་དེ་རེད། ཅེས་རྒྱ་རིགས་དམངས་གཙོ་དོན་གཉཻར་བ་ཁག་ཅིག་གིས་གསུངས་ཡོད།

 

ཕྱི་ཚེས་ ༡༡ ཉིན་བཞུགས་སྒར་ངྷ་རམ་ས་ལའི་བོད་དོན་གླེང་བས་གོ་སྒྲིག་འོག ཨོ་སི་ཊི་ལི་ཡ་ནས་ཕཻབས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཆིན་ཇིན་དང་ཨ་རིར་བཞུགས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་རྩོམ་པ་པོ་སྐུ་ཞབས་ཉེ་ཡེ་ཤཱན། དེ་བཞིན་ཐའེ་ཝན་དང་ཧོང་ཀོང༌། ཉི་ཧོང་དང་ཐེ་ལན་ཌི་སོགས་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ ༣༠ ཙམ་དང༌། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་དང་རང་དབང་གི་བོད་དོན་ཉམས་ཞིབ་པ་ ༣༠ བཅས་ཁག་གཉིས་སུ་བགོས་ཏེ། མེག་ལོར་རྒྱ་གར་གསོལ་མགྲོན་ཁང་ཞིག་ཏུ། བོད་རྒྱའི་གནད་དོན་ཐད་བགྲོ་གླེང་གོ་བསྡུར་བྱས་ཡོད།

སྐབས་དེར་སྐུ་ཞབས་ཆིན་ཇིན་གྱིས་བརྗོད་པར། དེ་རིང་འཛམ་གླིང་ས་ཕྱོགས་སོ་སོ་ནས་ང་ཚོ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ ༣༠ ལྷག་འདིར་ཡོང་དོན་ནི། བོད་མི་ཚོར་གསལ་འདེབས་ཤིག་བྱེད་དུ་ཡོང་བ་ཡིན། ང་ཚོ་དང་བོད་རིགས་མི་མང་ལ་ཐུན་མོང་གི་དམིགས་ཡུལ་ཞིག་ཡོད། བོད་རིགས་སྤུན་ཟླ་ཚོས་རྒྱ་ནག་དམར་པོའི་གཞུང་གི་འོག་ནས་མི་ལོ་ ༥༠ རིང་ལ་དཀའ་སྡུག་ཚད་མེད་མྱངས་ཡོད་ལ། དེ་བཞིན་རྒྱ་རིགས་མི་མང་གིས་ཀྱང་མི་ལོ་ ༦༠ རིང་ལ་དཀའ་སྡུག་མྱངས་ཡོད། སྐབས་འདིར་ང་ཚོ་རྒྱ་བོད་གཉིས་ལ་ཐུན་མོང་གི་དམིགས་ཡུལ་ཞིག་ཡོད་པ་ནི། རྒྱ་ནག་དམར་གཞུང་གི་སྲིད་དབང་སྒེར་གཅོད་དང༌། ཉམས་ང་རུལ་སུངས་ཀྱི་དབང་ཆ་གཅིག་སྡུད་ལམ་ལུགས་མཇུག་རྫོགས་པར་བྱ་རྒྱུ་དེ་རེད། ༧ཏཱ་ལའི་བླ་མ་ཡིས་སྔ་ཕྱི་མང་པོར་རྒྱ་ནག་གཞུང་ལ་ཡིད་ཆེས་ཇེ་སྲབ་ལ་འགྲོ་བཞིན་ཡོད་ཀྱང༌། རྒྱ་རིགས་མི་མང་ལ་རེ་བ་དང་ཡིད་ཆེས་ནམ་ཡང་འགྱུར་བ་མེད། ཅེས་གསུངས་པ་བཞིན་ཧན་མི་རིགས་དང་བོད་མི་རིགས་གཉིས་བར་གྱི་གཞི་རིམ་འབྲེལ་བ་དང༌། མཛའ་བརྩེ་ཇེ་ཟབ་ལ་འགྲོ་རྒྱུ་དེ་གལ་འགངས་ཆེན་པོ་ཆགས་ཡོད་སྟབས། ང་ཚོ་ཚང་མས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཧན་མི་རིགས་དང་བོད་མི་རིགས་གཉིས་བར་ལ་མཐུན་སྒྲིལ་དང་གཅིག་སྒྲིལ་ཡོང་བར་འབད་པ་བྱ་དགོས། ཞེས་གསུངས་བྱུང༌།

 

དེའི་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་ནས། ཁྱེད་རྣམ་ཅག་རྒྱ་མི་རིགས་དུང་ཕྱུར་མང་པོའི་ཁྲོད་ནས་རང་དབང་བརྩོན་ལེན་གནང་མཁན་ཡིན་སྟབས། སྒེར་ངོས་ནས་ཁྱེད་ཚོའི་བྱ་བཞག་ལ་བརྩི་བཀུར་ཡོད། ངའི་ལྟ་སྟངས་དེ་༧གོང་ས་མཆོག་གི་དགོངས་ཚུལ་དང་མ་འདྲ་བ་ཡོད་སྲིད། ༧གོང་ས་མཆོག་གིས་བོད་དོན་དེ་རྒྱ་ནག་དམར་ཤོག་གཞུང་དང་བོད་མི་རིགས་གཉིས་བར་གྱི་དཀའ་ངལ་ལ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང༌། ངས་དེ་ནི་རྒྱ་བོད་མི་རིགས་གཉིས་བར་གྱི་ལོ་ངོ་ ༦༠ རིང་གི་དཀའ་ངལ་ལ་ངོས་འཛིན་བྱེད་ཀྱིན་ཡོད། དཀའ་ངལ་འདི་སེལ་རྒྱུ་མེད་པ་ཞིག་ལ་མཐོང་གིན་མེད། དཀའ་ངལ་འདི་ང་ཚོ་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་སེལ་དགོས་པ་ཞིག་ཡིན། དཀའ་ངལ་འདི་སེལ་བར་ཐོག་མར་ང་ཚོས་འདས་ཟིན་པའི་ལོ་རྒྱུས་ལ་ངོས་ལེན་བྱ་དགོས་ལ། དེ་ནི་དཀའ་ངལ་སེལ་བའི་ཆ་རྐྱེན་དང་པོ་ཡིན། ངའི་རེ་བར་ཁྱེད་ཅག་བོད་ཀྱི་ལོ་རྒྱུས་ལ་ཆ་རྒྱུས་ཡོད་པ་དང༌། ལོ་རྒྱུས་ཐོག་གི་བོད་མི་རིགས་ངོས་ཟིན་གསལ་བོ་བྱུང་ཡོད་པའི་རེ་བ་ཡོད། དེ་རིང་ངས་སྤོབས་པ་ཆེན་པོས་གསལ་བཤད་བྱ་རྒྱུ་ཞིག་ལ། རྒྱ་ནག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པར་དྲིལ་བསྒྲགས་བྱེད་ཀྱིན་ཡོད་ཀྱང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་༧གོང་ས་མཆོག་གི་བར་དུ་མཐུན་ས་ཞིག་ཡོད་པ་ནི་འཐབ་རྩོད་ཀྱི་ངོ་བོ་འཚེ་མེད་ཞི་བའི་ལམ་ཡིན། ༧གོང་ས་མཆོག་དང་གཞོན་ནུ་ལྷན་ཚོགས་གཉིས་བར་མི་མཐུན་ས་ཞིག་ཡོད་པ་ནི། ༧གོང་ས་མཆོག་གིས་ལོ་རྒྱུས་གཞི་ལ་འཇོག་གི་མེད་པར་མ་འོངས་པ་གཞི་ལ་བཞག་ནས་འཐབ་རྩོད་བྱེད་བཞིན་ཡོད་པ་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་རྒྱུས་གཞི་ལ་བཞག་ནས་འཐབ་རྩོད་བྱེད་ཀྱིན་ཡོད། ཅེས་བརྗོད་སྐབས། བོད་གཞུང་ཕྱི་དྲིལ་ལས་ཁུངས་རྒྱ་ཡིག་སྡེ་ཚན་གྱི་གསར་འགོད་པ་སངས་རྒྱས་སྐྱབས་ཀྱིས་གསལ་བཤད་ལྟ་བུར། ༧གོང་ས་མཆོག་གིས་ལོ་རྒྱུས་བློས་གཏོང་བྱས་ཡོད་པ་མ་རེད། ༧གོང་ས་མཆོག་གིས་ལོ་རྒྱུས་ཐོག་གི་བོད་བློས་གཏོང་བྱས་མེད་པ་མ་ཟད། ཁོང་གིས་ལོ་རྒྱུས་ཐོག་གི་བོད་དེ་སྔར་བཞག་ཐོག བོད་རྒྱ་མི་རིགས་གཉིས་ཀྱི་མདུན་ལམ་ལ་དགོངས་པ་ཆེར་བཞེས་ཀྱིས། འབྱུང་འགྱུར་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱེད་ཀྱིན་ཡོད་པ་དེ་རེད། ཅེས་གསལ་བཤད་བྱས་བྱུང༌།

 

སྐབས་དེར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཕན་ཆི་ཡིས། ལོ་སྔོན་མའི་སྤྱི་ཟླ་ ༣ པར་ཨ་རིར་གནས་སྡོད་བོད་མི་ཚོས་རྔམ་སྟོན་ཁྲོམ་སྐོར་བྱས་སྐབས། རྒྱ་རིགས་སློབ་མ་ཞིག་གིས་བོད་མི་ཞིག་ལ་རྒྱ་ནག་གི་དར་དམར་གྱི་ཡུ་བས་བཞུས་ཀྱང༌། བོད་པ་དེས་ཡ་ལན་མ་སློག་པར་བསྡད་སོང༌། ང་ཁོང་ཁྲོ་ལངས་ཏེ་དར་དམར་དེ་ལ་འཇུས་ནས་ས་ལ་གཡུག་ཡིན། སྐབས་དེར་ཁོས་ང་ལ། བོད་ཀྱི་ཁ་བྲལ་བ་ཞེས་རྒྱ་སྐད་ཐོག་སྐད་ཤུགས་ཆེན་པོས་བཤད་བྱུང༌། ངས་ཀྱང༌། སྐད་ཤུགས་ཆེན་པོས་ང་ཧན་མི་རིགས་ཡིན། ཞེས་ལན་བཏབ་པ་ཡིན། དེ་ནི་དཔེ་མཚོན་ཞིག་རེད། རྒྱ་ནག་གི་དྲག་པོའི་སྲིད་ཇུས་ཀྱི་ལག་པ་རིང་པོ་དེ་རང་དབང་དང་དམངས་གཙོ་ལྡན་པའི་ཕྱི་རྒྱལ་ཁག་ལའང་སྲིང་ཡོང་གིན་འདུག རྒྱ་ནག་དམར་ཤོག་གཞུང་གིས་སྲིད་དབང་བཟུང་རྗེས། མི་དམངས་ཁྲི་ཕྲག་དུ་མའི་ཚེ་སྲོག་ཤོར་ཡོད། སྤྱིར་ངས་བོད་ཀྱི་ལོ་རྒྱུས་གསལ་བོ་མི་ཤེས་ཀྱང༌། རྒྱ་ནག་དམར་པོའི་དམག་དཔུང་བོད་དུ་སླེབས་པ་ནས་མ་མཐར་ཡང་བོད་མི་ཁྲི་ཉིས་རྒྱ་ལྷག་གི་ཚེ་སྲོག་ཤོར་ཡོད།   དེའི་རྐྱེན་གྱིས་ངས་དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཞུ་རྒྱུ་ཞིག་ནི། ཁྱེད་ཚོ་ངོ་གནོངས་མི་དགོས་པའི་རང་དབང་འཐབ་རྩོད་པ་ཡིན་ལ། རྒྱ་ནག་དམར་ཤོག་གཞུང་ནི་འཇིགས་སྐུལ་དྲག་སྤྱོད་པ་ངོ་མ་དེ་ཡིན། ཅེས་ཁ་གསལ་བོས་བརྗོད་འདོད་བྱུང་སོང༌། དེ་བཞིན་ང་ལོ་རྒྱུས་ལ་གསལ་ཁ་མེད་ཀྱང༌། ངས་གསལ་བོ་ཤེས་པ་ནི་སྤྱི་ལོ་ ༡༩༥༠ ལོའི་སྔོན་ལ་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་གཏན་ནས་མ་རེད། འདས་ཟིན་པའི་ལོ་རྒྱུས་ནང་དུ་བོད་དང་རྒྱ་ནག་གོང་མའི་བར་དུ་ལོ་རྒྱུས་ཀྱི་འབྲེལ་བ་བྱུང་མྱོང་ཡོད་ལ། བོད་དང་སོག་པོའི་བར་དུ་མཆོད་ཡོན་གྱི་འབྲེལ་བ་བྱུང་བ། དེ་བཞིན་བོད་དང་རྒྱ་ནག་གོ་མིན་ཏང་སྲིད་གཞུང་བར་དུ་འབྲེལ་བ་ཞིག་བྱུང་ཡོད་ཀྱང༌། སྤྱི་ལོ་ ༡༩༥༩ ལོའི་ཡན་ལ་བོད་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གི་ཆ་ཤས་ཡིན་པའི་ལོ་རྒྱུས་ཤིག་གཏན་ནས་མེད། ངས་རྒྱ་ནག་དམར་པོ་སྲིད་གཞུང་གི་ཡིག་ཆའི་སྟེང་ནས་བདེན་དཔང་བྱེད་ཐུབ་ཀྱིན་ཡོད། དང་ཐོག་གུང་ཁྲན་ཏང་གིས་སྲིད་དབང་མ་བཟུང་བའི་སྔོན་ལ། མི་རིགས་སོ་སོའི་རང་དབང་དང་བཅིངས་གྲོལ་ནི་ཐུན་མོང་མ་ཡིན་པའི་དབང་ཆ་ཞིག་རེད། ཅེས་ཁོང་ཚོས་ཤུགས་ཆེན་པོས་ཡིག་ཆའི་ནང་བཀོད་ཡོད། ཡིན་ཡང་འདས་པའི་ལོ་ ༦༠ ནང་དུ་བཀྲ་མི་ཤིས་པའི་དོན་དག་མང་པོ་བྱུང་ཡོད་པ་དངོས་ཡོད་ཡིན་པས་ང་ཚོ་ཚང་མས་ངོས་ལེན་བྱ་དགོས།

 

ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་ང་རང་སྒེར་ངོས་ནས་རྒྱབ་སྐྱོར་ཆ་ཚང་བ་ཡོད། ཁ་སང་ང་ཚོ་ཁོང་དང་མཇལ་སྐབས། ཁོང་གིས་རྒྱ་བོད་མི་རིགས་གཉིས་བར་གྱི་འགལ་ཟླ་མེད་པར་བཟོ་རྒྱུ་ནི་བོད་ཀྱི་དཀའ་རྙོག་སེལ་བའི་ཆ་རྐྱེན་ངེས་ཅན་ཡིན་པར་གསུངས་སོང་ལ། དེ་རིང་སླར་ཡང་ཁོང་གིས་ཁ་སང་གི་གསུང་དེ་དྲན་གསོ་བྱས་བྱུང༌། ཁོང་གིས་བཏོན་པའི་དབུ་མའི་ལམ་དེ་འབྱུང་འགྱུར་བོད་རྒྱ་མི་རིགས་གཉིས་ཀྱི་མདུན་ལམ་ལ་དགོངས་པ་གཏིང་ཟབ་བཞེས་ནས་ཐག་གཅོད་གནང་བ་ཞིག་རེད། བོད་རང་བཙན་དགོས་ཟེར་ན། རྒྱ་ནག་གཞུང་གིས་དྲག་གནོན་དང་སྲིད་དབང་སྒེར་གཅོད་བྱ་རྒྱུ་ཞེད་སྣང་མེད། ཞེད་སྣང་ཆེ་ཤོས། ༧ཏཱ་ལའི་བླ་མའི་དགོངས་གཞི་དབུ་མའི་ལམ་འདི་རེད། དེ་ནི་རྒྱ་ནག་གཞུང་འོག་ནས་མང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་གྱིན་ཡོད། རང་སྲིད་རང་སྐྱོང་གི་སྙིང་དོན། གཞུང་གཅིག་གི་སྲིད་སྐྱོང་སྟངས་ལ་འདོད་པ་མ་ཁེངས་པ་རེད། ད་ལྟའི་རྒྱ་ནག་གཞུང་དང་རང་སྲིད་རང་སྐྱོང་གཉིས་ཉིན་དང་མཚན་གྱི་འགལ་ཟླ་ཆགས་ཡོད། ཁྱེད་ཚོས་བསམ་བློ་ཐོངས་དང༌། རྒྱ་ནག་གིས་དམངས་གཙོ་དང་རང་དབང་དོན་གཉེར་བ་ཚོར་ཡར་ལངས་ཀྱི་གོ་སྐབས་སྤྲོད་སྲིད་དམ། སྤྲོད་ཕོད་དམ། མིའི་རིགས་ཀྱི་ཁྱད་པར་དེ་ཆོས་ལུགས་དང་རྒྱལ་ཁབ་ཀྱིས་དབྱེ་བ་ཕྱེ་ཡོད་པ་ཞིག་མིན་པར། མིའི་རིགས་ནི་བཟང་ངན་གཉིས་བསྡུར་ནས་དབྱེ་འབྱེད་བྱེད་ཀྱིན་ཡོད་སྟབས། རྒྱ་རིགས་དང་བོད་རིགས་ཤ་ཁ་ཁ་དང་གྲི་སོ་སོ་བྱ་རྒྱུ་ཡིན་ན། དེ་ནི་རྒྱ་ནག་དམར་ཤོག་གཞུང་གི་བསམ་དོན་དང་རེ་བ་རེད། ད་ལྟ་རྒྱ་ནག་དམར་ཤོག་གཞུང་ནི་བླ་སྲོག་དང་གཞུང་ཤིང་མེད་པའི་གཞུང་ཞིག་ཡིན་པ་དང༌། ཁོ་ཚོར་མི་རིགས་རིང་ལུགས་ཀྱི་ལྟ་བ་བེད་སྤྱོད་བྱ་རྒྱུ་གཅིག་པུ་ལྷག་ཡོད། རྒྱ་དང་བོད་གཉིས་ཀྱི་མགོ་བོ་མནན་ཡོད་པའི་རྒྱ་ནག་དམར་བོའི་གཞུང་འདི་མེད་པར་བཟོ་བར་རང་དབང་དང་དམངས་གཙོ་དོན་གཉེར་མཁན་ཚང་མས་མཉམ་འབྲེལ་དང་ཐུན་མོང་གི་ནུས་པ་གཅིག་ཏུ་སྤྲེལ་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་བྱུང༌།

 

དེའི་རྗེས་སྐུ་ཞབས་ཉེ་ཡེ་ཤཱན་མཆོག་གིས།  རྒྱ་མི་རིགས་དང་བོད་མི་རིགས་ཀྱི་བཀའ་རྙོག་འདི་ལོ་རྒྱུས་ཀྱིས་བཞག་པའི་བཀའ་རྙོག་རེད། ཡིན་ན་ཡང་ངས་དོ་སྣང་བྱ་ཡུལ་ནི་འདས་པའི་ལོ་རྒྱུས་མ་ཡིན་པར། ད་ལྟ་ལྷག་ཡོད་པའི་དཀའ་ངལ་འདི་ལ་ཇི་ལྟར་གདོང་ལེན་བྱ་རྒྱུ་དང་ཇི་ལྟར་སེལ་ཐབས་བྱ་རྒྱུ་དེ་ཡིན། ངས་སྐད་ཆ་ལས་སླ་བོ་དང་ཐུང་ཐུང་གིས་བཤད་ན། བོད་རྒྱའི་བཀའ་རྙོག་སེལ་རྒྱུ་དང༌། དམངས་གཙོ་དང་རང་དབང་དོན་གཉེར་བ་ཚོའི་དཀའ་ངལ་སེལ་ཐབས་སོགས་ཀྱི་ལྡེ་མིག་དེ་རྒྱ་ནག་དམངས་གཙོར་འགྱུར་རྒྱུ་འདི་རེད། ང་ཚོའི་དམངས་གཙོ་དོན་གཉེར་བ་རྣམས་ལ་དོན་ཚན་གཉིས་ཡོད་པའི་དང་པོ་དམངས་གཙོ་དང་གཉིས་པ་མི་རིགས་རེད། མི་རིགས་ཀྱི་གནད་དོན་དེ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང༌། རྒྱ་ནག་གི་མི་རིགས་གནད་དོན་གྱི་དཀའ་ངལ་སེལ་དགོས་ན། ཐོག་མར་རྒྱ་ནག་དམངས་གཙོར་འགྱུར་དགོས་ཞེས་བཤད་ཀྱིན་ཡོད། དེའི་རྐྱེན་གྱིས་ང་ཚོས་ཐོག་མར་རྡོག་རྩ་གཅིག་སྒྲིལ་དང་ནུས་པ་མཉམ་འབྲེལ་གྱིས་རྒྱ་ནག་དམར་ཤོག་གཞུང་འདི་མེད་པར་གཏོང་དགོས་པ་དང༌། དེའི་རྗེས་གཞི་ནས་མི་རིགས་ལ་སོགས་པའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱ་ཆོག་གི་རེད། ཅེས་གསུངས་བྱུང༌།

དེ་ལྟར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོ་དང་བོད་པ་དག་གིས་བགྲོ་གླེང་གོ་བསྡུར་ཞིབ་ལྷུག་བྱས་ཤིང༌། ཕན་ཚུན་གྱི་དོགས་པ་རྣམ་རྟོག་གསལ་བོ་བཟོས་རྗེས་བོད་གཞུང་བཀའ་ཤག་གིས་གསོལ་ཚིག་ཅིག་ཕུལ་གདན་ཞུ་བྱས་ཡོད།

 

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 25

  1. གཡག་ལྡོམ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། བགྲོ་གླེང་ལ་ཕེབས་པར་དགའ་བསུ་ཞུ། རྡ་སར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་བོད་རིགས་ན་གཞོན་བར་བགྲོ་གླེང་བྱུང་བ་ང་ཚོའི་རྒྱལ་ཁ་ཡིན་པ་ལས་ཕམ་ཁ་མ་རེད། མའོ་འདས་པོའི་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་ཡོད། དགྲ་བོས་དགའ་བསུ་བྱེད་སར་ང་ཚོས་ངོ་རྒོལ་བྱེད་དགོས། དགྲ་བོས་ངོ་རྒོལ་བྱེད་སར་ང་ཚོས་དགའ་བསུ་ཞུ་དགོས་པ་ཞེས་པ་ལྟར། གོང་གསལ་རྒྱ་རིགས་རྣམས་རྒྱ་དམར་གཞུང་ལ་ཞེ་འཁོན་ཆེ་བས་ང་ཚོས་མཛའ་འབྲེལ་བཙུགས་པར་ཆབ་སྲིད་འཐབ་ཀྱི་དོན་སྙིང་ཧ་ཅང་ལྡན་ཡོད། ཡིན་ན་ཡང༌། ཆབ་སྲིད་ཀྱི་དམག་འཐབ་ཁྲོད་སྙིང་རྗེ་དང་བྱམས་རྩེས་དཔུང་འཇུག་བྱེད་ས་མེད་ན། ཁོང་ཚོས་བོད་དོན་སྒྲོག་གླེང་བྱེད་དོན་ཡང་དམར་ཕྱོགས་ཚོགས་པར་ཕར་རྒོལ་གཏོང་སླད་མིག་སྔའི་འཐབ་རྩོད་ཀྱི་དགོས་མཁོ་ཡིན་པ་ང་ཚོས་ཤེས་དགོས། རྒྱ་རིགས་དེ་དག་གི་ལྟ་བའི་ནང་དམར་ཕྱོགས་ཚོགས་པ་ནི། རྒྱ་ནག་རྒྱལ་ཁབ་ཆེན་པོ་ཁ་བྲལ་དང་མི་གྲངས་དུང་ཕྱུར་བཅུ་གསུམ་ལ་གནའ་གཏོང་མཁན་ཡིན་པའི་དོན་དངོས་གསལ་བས། ང་ཚོས་ྋགོང་ས་མཆོག་གི་བཀའ་སློབ་ཕེབས་དགོངས་བཞིན་ཕྱི་རྒྱལ་དང་རྒྱ་ནག་ནང་ལོག་སོགས་ཀྱི་རྒྱ་རིགས་ཤེས་ཡོན་ཅན་དང་དམངས་གཙོ་དོན་གཉེར་རྣམས་ལ་འབྲེལ་འཛུགས་ཀྱིས་བོད་རྒྱ་མཛའ་འབྲེལ་ཚོགས་པ་གང་མང་གསར་འཛུགས་ཐོག མཉམ་འབྲེལ་རང་བཞིན་ལྡན་པའི་ལས་འགུལ་སྤེལ་ཐུབ་ན་དམར་གཞུང་གི་རྫུན་བཟོའི་དྲིལ་བསྒྲགས་རིགས་ལ་བདེན་དོན་རང་བཞིན་གྱིས་ཁ་གཏད་གཅོག་ཐུབ་པའི་དགེ་མཚན་ལྡན་ངེས་སྙམ།

    Reply
  2. kalsang says:
    ལོ་ 16 སྔོན།

    མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇིག་པ་ནི་རྣམ་སྨིན་ཞིག་ཡིན། དེའི་ལས་ད་ལྟ་གསོག་བཞིན་པས། ལས་ལ་འགྱུར་བ་གཏོང་ཐུབ་ན་འབྲས་བུའི་རྣམ་སྨིན་ལ་འགྱུར་གཏོང་ཐུབ་ཀྱི་རེད། ས་ཡེ་བྷ་བྷ་དེའི་སྐད་ཆ་ལ་ཞེ་དྲག་ཉན་གྱི་ཡོད་མ་རེད།

    Reply
  3. སྟག་སྨྱོན། says:
    ལོ་ 16 སྔོན།

    མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇིག།

    Reply
  4. kalsang says:
    ལོ་ 16 སྔོན།

    བསམ་བློ་ཡང་མོ་ཞིག་བཏང་ནས་རྒྱ་མི་བེད་སྤྱོད་ཞེས་བཤད་ཀྱང་། ད་ཐེངས་རྒྱ་མི་དེ་ཚོ་རྡ་ས་ལ་ཡོང་བ་ནི་ཁོ་ཚོ་བོད་མི་བེད་སྤྱོད་གཏོང་གི་ཡོང་བ་ཡིན་པ་ཤེས་ཀྱི་མི་འདུག་གམ། མགོ་བོ་མ་རྨོངས་བ་བྱས་ནས་རྒྱ་མི་དམངས་་གོང་ས་མཆོག་ལ་མཇལ་ཁ་ཞུ་ཡི་ཡོང་བ་དང་གོང་ས་མཆོག་གི་ཐུགས་རྗེ་ཡིས་རྒྱ་མི་དམངས་ལ་ཁྱབ་ཡོད་ཚུལ་ཕྱོགས་ཀྱི་ཁྱབ་བསྒྲགས་བྱེད་དགོས་བ་གལ་ཆེན་ཡིན་པ་ལས། དེ་མིན་ཁོ་ཚོ་དང་མཉམ་དུ་ད་ལྟ་དང་མ་འོངས་བའི་ཆབ་སྲིད་ཐད་ཀྱི་བགྲོ་གླེང་སོགས་བྱས་བ་ཡིན་པ་བསྒྲགས་ན་ང་ཚོ་ལ་མི་ཕན།

    Reply
  5. kalsang says:
    ལོ་ 16 སྔོན།

    བོད་དང་རྒྱ་མང་གཙོ་དོན་གཉེར་ཅན་གཉིས་ཀྱི་འཐབ་རྩོད་བྱེད་སའི་ཁ་གཏད་ས་གཅིག་ཡིན་པ་ལས། དེ་མིན་འཐབ་རྩོད་ཀྱི་དམིགས་ཡུལ་དང་ངོ་བོ། རྣམ་པ། དུས་ཡུན་དང་ཕྱོགས་ཡོངས་ནས་ཁ་ཁ་སོ་སོ་ཡིན། མི་གཞིའི་ངོ་བོའི་ཐོག་ནས་ཕན་ཚུན་ཡིད་ཆེས་དང་འབྲེལ་འདྲིས་སོགས་གལ་ཆེན་པོ་རེད། ཡིན་ན་ཡང་ཁོ་ཚོ་ལ་དགོས་བ་ནི་གྲོས་ཆོད་ཡིག་ཆ་ལྟ་བུ་མཉམ་རུབ་འཐབ་རྩོད་ལྟ་བུ་བོད་མི་ཁོ་ཚོའི་ནང་ལ་འཐེན་རྒྱུ་ནི་དམིགས་ཡུལ་ཡིན་པ་གདོན་མི་ཟ། དེ་བས་འདིའི་ཕྱོགས་ནས་བོད་རང་གིས་རང་ཚུགས་ཟིན་པ་བྱ་དགོས་པ་གལ་ཆེན་ནང་གི་དོན་ཆེན་རེད། ད་ལྟ་རྒྱ་མི་དེ་ཚོའི་ཚིག་སྙན་པོ་སོགས་ལབ་སྲིད་ལ་གནས་སྐབས་རིང་བོད་ཀྱི་འཐབ་རྩོད་བྱེད་སའི་ཁ་གཏད་རྒྱ་མི་མིན་པར་ཕན་པ་མ་ཟད། གཞན་ཁེ་བཟང་ཁ་ཤས་རེག་སྲིད་ཀྱང་འབྱུང་འགྱུར་གྱི་དོན་ཆེན་ལ་གཞིགས་ནས་ནམ་ཡང་ཕར་འཁེན་ཡ་ཁྱོན་ནས་ཡོད་མ་རེད། རྒྱ་ལ་འཁེན་ཡ་དང་དཔུང་བ་མཉམ་དུ་སྡེབ་ནས་འགྲོ་ཡ་དེ་ནི་ད་བར་དུ་དཀའ་ལས་རྒྱབ་པའི་འབྲས་བུ་བརླག་པ་ཉིད་ཡིན། གོང་ས་མཆོག་གིས་གསུངས་བ་བཞིན་བོད་རྒྱ་མི་རིགས་གཉིས་བར་འགལ་ཟླ་མེད་པ་བཟོ་རྒྱུ་ཞེས་པ་དེ་ང་ཚོའི་རྒྱ་དང་འབྲེལ་བ་བྱེད་རྒྱུའི་དམིགས་ཡུལ་དང་ང་ཚོ་ལ་དགོས་བའི་ཆབ་སྲིད་ཐོག་གི་རེ་བའི་འབྲས་བུ་ཉག་ཅིག་ཡིན། དེ་མིན་རེ་བ་མ་རྒྱག་རོགས་ཞེས་ངས་ཞུ་བ་འཐེན་གྱིན་ཡོད།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོས་རང་རང་གི་བསམ་ཚུལ་དག་བཤད་རྐྱང་བྱས་པ་ལས་རྒྱ་མི་མང་གཙོ་དོན་གཉེར་བ་འདི་དག་གི་དམིགས་ཡུལ་གང་ཞིག་འཁྱེར་ནས་ད་ལྟའི་དུས་ཚོད་འདི་འདྲ་གནད་འགག་སྐབས་སུ་རྡ་སར་ཆེད་དུ་བཅར་དགོས་པའི་བསྐོར་ལ་དཔྱད་པ་རེ་བྱོས་དེ་གཏམ་གླེང་བྱེད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་ཡོད་ས་རེད། དེ་མིན་ཡིད་ཆེས་ཡོད་མེད་དང་ལྷག་བསམ་ཡོད་མེད་སོགས་བཤད་དེ་ཁ་ཁོམ་པའི་སྐད་ཆ་རེ་ཟུང་ཞིག་བཤད་དེ་བསྡད་པ་ཡིན་ན་ནི་དེ་འདྲའི་དགེ་མཚན་ཞིག་མཐོང་གི་མི་འདུག

    Reply
  7. གངས་བུ། says:
    ལོ་ 16 སྔོན།

    རེད་རེད་ཁྱེད་གཉིས་ཀྱི་ང་ལ་བསམ་བློ་བརྗེ་རེས་བྱས་བ་ལ་བཀའ་དྲིན་ཆེ་ཞུ་བ་ཡིན །
    འོན་ཀྱང་ངས་འདིའི་ཕྱོགས་ལ་བསམ་གཞིག་བྱས་མྱོང་ཡང་གང་ལྟར་ངས་བཤད་འདོད་པའི་ཐ་ཚིག་ནི་ཡལ་ག་རྒྱས་དྲག་ནས་རྩ་བ་ཆགས་ན་ཇི་ལྟར་བྱེད ། འདི་ནི་ངས་རི་བོང་གནམ་སྡིབས་པའི་སེམས་ཁུར་ལྟ་བུར་ཆགས་སྲིད་ཡོད་ཀྱང་རང་ཉིད་ཀྱི་བསམ་ཚུལ་ཙམ་ཡིན །

    Reply
  8. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    རེད་ཡ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དོལ་ཚོགས་གཉིས་གདན་གྲལ་གཅིག་ལ་འཇོག་རྒྱུ་ག་ལ་ཡོད། གཞོན་ནུ་ཚོགས་པ་གཞུང་དང་ལངས་ཕྱོགས་ཁ་ཁ་ཡིན་ཀྱང་བོད་མི་རིགས་དང་སྐྱིད་སྡུག་གཅིག་པ་ཡིན་ལ་ད་ལྟའི་ཆར་ཚོགས་པ་འདི་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ནུས་ལྡན་དང་གནད་ཡོད་ཀྱི་ཚོགས་པ་གཅིག་བུ་ཏེ་ཆགས་ཡོད། འོན་ཀྱང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཡོད་ཚད་ཐམས་ཅད་བོད་ལ་རྒྱུས་ཡོད་མིན་སྟབས། ང་ཚོས་མེ་འབུད་སར་ཆུ་བཤོ་རྒྱུ་མེད། དེ་བས་ཕྱི་སྡོད་རྒྱ་རིགས་ཚོར་འདི་ལྟར་འབྲེལ་ལམ་འཛུགས་རྒྱུ་དེ་ང་ཚོའི་ཐབས་ལམ་ཉག་གཅིག་རེད།

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    གངས་བུ། ངས་འདི་ལྟར་བརྗོད་དོན་ནི། དེང་སྐབས་བོད་མི་ཀླད་མེད་འགས་༸གོང་ས་མཆོག་དང་བོདགཞུང་བེད་སྤྱད་དེ་སྤྱི་ཚོགས་ནང་རང་ཉིད་ཀྱི་ལངས་ཕྱོགས་བཟུང་སྟེ་གོམས་གང་མདུན་བསྐྱོད་བྱེད་མཁན་ཚོར་ཆབ་སྲིད་ཀྱི་ཞྭ་མོ་གཡོགས་ཏེ་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱེད་པར་དཀའ་ངལ་སྤྲོད་བཞིན་པ་དེ་རིགས་དེ་རིང་ཁྱེད་ཀྱིས་ཀྱང་གསུངས་སྟབས་གོ་སྐབས་དང་བསྟུན་ནས་གླེང་བ་ཡིན། ང་ལ་མཚོན་ན་དབུ་མའི་ལམ་གྱི་ལས་འགུལ་བ་ཞིག་ཡིན་ཡང་༸གོང་ས་མཆོག་ཁ་ལ་འཁྱེར་ནས་བོད་རང་བཙན་སོགས་ལམ་གཞན་ལ་བརྟེན་ནས་བོད་དོན་བསྒྲུབ་མཁན་ཚོ་བོད་པའི་སྤྱི་ཚོགས་ནས་རྒྱང་འབུད་གཏོང་ཐབས་བྱེད་མཁན་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་མཁན་ཞིག་ཡིན། འདི་ལྟར་གུ་ཡངས་ཙམ་མ་བྱས་ན་བོད་ཡར་རྒྱས་ཇི་ལྟར་འགྲོ་རྒྱུ་རེད་དམ། ?

    Reply
  10. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    གངས་བུ་ལགས།་གུང་ཁྲན་ལ་བློ་ལོག་པ་ཚང་མ་ཁྱོད་ཀྱི་འཐབ་གྲོགས་ཇི་ལྟར་ཆགས་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་གུང་ཁྲན་ལ་བློ་ལོག་པས་མ་ཚད་ཁ་གཏད་དུ་ལངས་པའི་དགྲ་བོ་རེད་ཡཱ། དེ་ཁྱོད་ཀྱི་ཤེས་མ་སོང་ངམ།

    Reply
  11. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    རྒྱ་ནག་གི་མིག་ནང་གི་དགྲ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། རྒྱ་ནག་གི་རྒྱུགས་ཁྱི་དོལ་ཚོགས་གཉིས་གདན་གྲལ་གཅིག་ཏུ་འཇོག་སྐབས་༸གོང་ས་མཆོག་གིས་བོད་འདི་མང་གཙོའི་ལམ་དུ་ཨུ་ཚུགས་ཀྱི་ཁྲིད་བཞིན་པའི་དགོས་པ་མ་མཐོང་བ་ཡིན་ནམ། གཞི་རིམ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་དོན་ཚན་ཁག་ཁས་ལེན་གྱི་ཡོད་དམ། བོད་ཀྱི་གཞོན་ནུའི་ལངས་ཕྱོགས་འདི་ཆེས་ཚབ་ཆེའི་རང་བཞིན་ཡིན་ན་ཁྱོད་ཀྱི་ལངས་ཕྱོགས་ཧ་ཅང་གུ་དོགས་མིན་པའི་རྒྱུ་མཚན་ཅི།

    Reply
  12. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབ་དྲ་ཚིགས་ུ་ཕེབས་པའི་གངས་བུ་ཟེར་བས། སྤྱིར་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་མ་མཐུན་ན་དེ་ནི་ང་ཚོ་ལ་མཚོན་ན་ཆེས་ཚབ་ཆེན་རང་བཞིན་དུ་གྱུར་ཡོད། ཅེས་དང་། མ་ཟད་མུ་མཐུད་བྲིས་དོན། དེང་སྐབས་གོང་ས་མཆོག་ལ་ཆོས་ལུགས་ཀྱི་ལྟ་བ་མི་མཐུན་པ་དེ་ནི་དོལ་རྒྱལ་ཚོགས་པ་ཡིན་ལ་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་མཐུན་པ་དེ་ནི་གཞོན་ནུ་ཚོགས་པ་རེད།
    ང་ཚོས་གོང་ས་མཆོག་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་བཀུར་དགོས་ན་གོང་གསལ་ཚོགས་པ་འདི་གཉིས་ལྟ་བུ་ལ་རྒྱབ་སྐྱོར་དང་མཐོང་འཇོག་རྒྱུ་ཁག་པོར་གྱུར་ཡོད། ཅེས་གངས་ཅན་པའི་བུ་ཡི་མིང་ཁུར་བ་ཞིག་གིས་བརྗོད་ཡོད་པ་འདི་ཧ་ཅང་ཐལ་བའི་ལྟ་ཚུལ་ཞིག་རེད། དེར་བརྟེན་ངས་ཁོང་ལ་དྲི་བ་འགའ་ཞུ་རྒྱུར།

    Reply
  13. གངས་བུ། says:
    ལོ་ 16 སྔོན།

    འོ་རེད་རེད་ཁྱོད་ཀྱིས་བཤད་ན་ཁྱོད་བདེན་ངས་བཤད་ན་ང་བདེན་ཚང་མ་བདེན་པའི་རྒྱབ་རྩར་རྒྱུགས་མཁན་ཡིན། འོན་ཀྱང་ངས་བཤད་འདོད་པ་ནི་གུང་ཁྲན་ལ་བློ་ལོག་པ་ཚང་མ་ང་ཚོའི་འཐབ་གྲོགས་ཡིན་ཟེར་ན་མི་འགྲིག་པ་མེད་པར་སྣང་།

    Reply
  14. kalsang says:
    ལོ་ 16 སྔོན།

    རྒྱ་མི་ཁ་ཤས་རྡ་སར་ཡོང་བར་གཞོན་ལྷན་དང་བོད་ཀྱི་སྤྱི་ཚོགས་ཀྱིས་མ་དགའ་བའི་རྣམ་འགྱུར་མ་བསྟན་པར་དགའ་བསུ་དང་དེ་དང་མཉམ་དུ་ཕྱོགས་ཡོངས་ནས་བགྲོ་གླེང་བྱས་པ་འདིས་བོད་ཕྱོགས་ནས་བོད་མིའི་འཐབ་རྩོད་ཀྱི་དམིགས་ཡུལ་རྒྱ་མི་རིགས་མིན་པ་མཚོན་བྱེད་ཙམ་ལས་གཞན་འཐབ་རྩོད་བྱེད་རོགས་ལྟ་བུར་ངོས་འཛིན་བྱས་ན་ནོར་འཁྲུལ་ཡོང་རྒྱུ་ཡིན་པ་ཤེས་རྟོགས་བྱ་དགོས།

    Reply
  15. ཚེ་རིང་སྐྱིད། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོས་རང་རང་གི་བསམ་ཚུལ་སྤེལ་བར་དགའ་བསུ་ཞུ་རྒྱུ་ཡིན།
    ཉིན་དེར་བགྲོ་གླེང་གི་དུས་ཡུན་ཐུང་ཐུང་ཡིན་པས་དེར་ཞུགས་པའི་ཕྱོགས་གཉིས་ཀའི་མི་ཕལ་ཆེ་བར་སྐད་ཆ་བཤད་རྒྱུའི་གོ་སྐབས་རག་ཡོད་པ་མ་རེད། ཡིན་ཡང་གང་ལྟར་ཐེངས་འདིའི་རྒྱ་རིགས་དེ་དག་གི་ཁྲོད་དུ་མི་གལ་ཆེན་མང་པོ་འདུག ཁོ་ཚོའི་དམིགས་ཡུལ་ག་རེ་ཡིན་མིན་དང་ལྷག་བསམ་དག་མེད་གླེང་དོན་མེད་གི ཁོ་ཚོས་ང་ཚོ་བེད་སྤྱོད་བྱ་འདོད་ན་ང་ཚོས་ཀྱང་ཁོ་ཚོ་བེད་སྤྱོད་བྱ་ཆོག་གི་རེད།

    Reply
  16. གངས་བུ། says:
    ལོ་ 16 སྔོན།

    རྒྱ་ནག་གུང་ཁྲན་དང་ལྟ་བ་མི་མཐུན་པའི་ཕྱོགས་འགལ་ཚོགས་པ་དེ་དག་ལ་ང་ཚོས་ངོས་ནས་ལག་གདང་སྦྲེལ་ཐུབ་ན་ང་ཚོའི་ནུས་ཤུགས་ཆེ་རུ་འགྲོ་རྒྱུ་དང་གུང་ཁྲན་སྲིད་གཞུང་འཆི་ལམ་དུ་བསྐྱལ་རྒྱུ་ལས་གཞན་ཅི། བདེན་པའི་རྒྱབ་རྩར་བདེན་པ་ལངས་ན་དེ་ང་ཚོ་དགའ་འོས་བ་ཞིག་ལས་དོག་པ་སྐྱེས་དགོས་བའི་གཞི་ཞིག་མིན་པར་སེམས།

    Reply
  17. གངས་བུ། says:
    ལོ་ 16 སྔོན།

    ཨོ་རེད་རེད་་་དྲ་གྲོགས་ཡོན་བྷེ་ལགས་ཐུགས་རྗེ་ཆེ་ཞུ །

    Reply
  18. kalsang says:
    ལོ་ 16 སྔོན།

    ཡག་པོར་མི་འདུག་གམ གོང་གི་དེ་ནོར་བཞག

    Reply
  19. kalsang says:
    ལོ་ 16 སྔོན།

    ཨ་རི་དང་ཡོ་རོབ་གྲོས་ཚོགས་ཀྱིས་ཁ་སང་དང་ཉིན་སྔོན་མར་བཞག་པའི་གྲོས་ཆོད་དེ་དག་ཀྱང་བོད་ཡིག་གི་ལམ་ནས་མགྱོགས་པོར་འགོད་ཐུབ་ན་ཡག་པོ་མི་འདུག རྒྱ་གཞུང་གིས་དགག་པ་རྒྱབ་ཚར་སོང་།

    Reply
  20. kalsang says:
    ལོ་ 16 སྔོན།

    རྒྱ་མི་ལ་འཛེམས་དགོས་པ་གལ་ཆེན་པོ་རེད། སྔོན་མ་རྒྱ་དམར་གྱིས་ཀྱང་ང་ཚོས་མཉམ་དུ་གོ་མན་སྲིད་གཞུང་ཕམ་པར་རྒྱབ་ནས་སོ་སོའི་ལུང་པར་བདག་པོ་རྒྱག་ཟེར་བའི་ལོ་རྒྱུས་བྱུང་ཡོད་པ་རེད། རྗེས་མ་ཅི་བྱུང་ཚང་མའི་ཤེས་གསལ་ལྟར་རེད།
    ༡ བོད་རྒྱ་གཉིས་དོ་མི་མཉམ། ཁ་དཔེར་ཕྱུག་པོའི་འགྲོ་རོགས་བྱས་ན། དབུལ་བོའི་རྩམ་ཁུག་ལྟག་ཟེར་བ་ལྟར་རེད།
    ༢ ཆབ་སྲིད་ནི་ནམ་ཡང་འགྱུར་འགྲོ་ཡི་རེད།
    ༣ རྒྱ་མི་ལ་རློམ་རྒྱུ་མེད།
    ཡིན་ཡང་བོད་རང་རྐང་ཐུབ་ཡོད་ཚེ་ད་ཐེངས་ཀྱི་རྒྱ་མི་ཡོང་བ་འདིའི་བོད་ཀྱི་ཆབ་སྲིད་ལ་ཕན་ཐོགས་ཆེ་བར་མཐོང་།

    Reply
  21. ཡོན་བྷེ། says:
    ལོ་ 16 སྔོན།

    ད་མིག་གི་མཐོང་ས་ན་བཤམ་ནས་འདུག དེ་རིང་བོད་ཀྱི་གསར་བུ་གཞོན་སྐྱེས་སྐོར་ཞིག་དང་རྒྱ་རིགས་གཞོན་སྐྱེས་མི་སྐོར་ཞིག་བགྲོ་གླེང་ཚུགས་སོང། བོད་ཀྱི་གཞོན་སྐྱེས་ཚོ་སྲི་ར྄ྙི་དང་ཡང་ལ྄ྕི་གང་འདྲ་འདུག ?

    Reply
  22. ཡོན་བྷེ། says:
    ལོ་ 16 སྔོན།

    གངས་བུ་ལགས། དོན་འགྲུབ་ལྷ་དར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མ་རེད། ཁོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་ཡིན་པ་ཡོད།

    Reply
  23. གངས་བུ། says:
    ལོ་ 16 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ལྷ་དར་དང་གཞོན་ལྷན་གྱི་མི་མང་བོ་ཞིག་གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་མི་མཐུན་པས་ཁོང་ཚོས་རྐང་བཙུགས་འདི་ལྟར་བཤད་ངེས་རེད། སྤྱིར་མི་གཉིས་ཀྱི་ལྟ་བ་དང་ལངས་ཕྱོགས་མ་མཐུན་ན་དེ་གཉིས་རྒྱབ་འགལ་དུ་འགྲོ་རྒྱུ་ལས་མཉམ་འབྲེལ་དང་རྡོག་རྩ་གཅིག་སྒྲིལ་ངང་གནས་རྒྱུ་ཁག་པོ་རེད།

    སྤྱིར་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་མ་མཐུན་ན་དེ་ནི་ང་ཚོ་ལ་མཚོན་ན་ཆེས་ཚབ་ཆེན་རང་བཞིན་དུ་གྱུར་ཡོད། མིའི་གྲོད་ཁོག་བརྒྱག་ན་དྲན་རྒྱུ་མང་བའི་རྐྱེན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་ཡང་གོང་ས་མཆོག་དང་བོད་གཞུང་གི་སྐུ་དྲིན་ཉག་གཅིག་ལ་བརྟེན་ནས་གྲོད་ཁོག་འགྲང་ཙམ་བྱུང་དུས་ནང་ཁུལ་ནས་བཀྲ་མི་ཤིས་བའི་སྔ་ལྟས་སུ་འདི་ཡོངས་བཞིན་ཡོད།
    འདི་ངས་དཔེ་མཚོན་ཙམ་བཤད་ཡིན།
    དེང་སྐབས་གོང་ས་མཆོག་ལ་ཆོས་ལུགས་ཀྱི་ལྟ་བ་མི་མཐུན་པ་དེ་ནི་དོལ་རྒྱལ་ཚོགས་པ་ཡིན་ལ་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་མཐུན་པ་དེ་ནི་གཞོན་ནུ་ཚོགས་པ་རེད།
    ང་ཚོས་གོང་ས་མཆོག་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་བཀུར་དགོས་ན་གོང་གསལ་ཚོགས་པ་འདི་གཉིས་ལྟ་བུ་ལ་རྒྱབ་སྐྱོར་དང་མཐོང་འཇོག་རྒྱུ་ཁག་པོར་གྱུར་ཡོད།

    Reply
  24. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    སྤྱིར་སྒྲོག་གླེང་འདི་ལྟ་བུ་ནི། དགེ་འདུན་ཆོས་འཕེལ་གྱིས་ཕ་ཡི་བདེན་ཁ་བུ་ཡིས་བྱས་པ་ལྟར་རེད།

    Reply
  25. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ད་དེ་རེད་གཟབ་གཟབ་མ་བྱས་ན་སྐྱོན་ཆེན་པོ་ཡོང་སྲིད། དཔེར་ན། དེ་རིང་དོན་གྲུབ་ལྷ་དར་ནས་《༧གོང་ས་མཆོག་གིས་ལོ་རྒྱུས་གཞི་ལ་འཇོག་གི་མེད་པར་མ་འོངས་པ་གཞི་ལ་བཞག་ནས་འཐབ་རྩོད་བྱེད་བཞིན་ཡོད་པ་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་རྒྱུས་གཞི་ལ་བཞག་ནས་འཐབ་རྩོད་བྱེད་ཀྱིན་ཡོད། ཅེས་བརྗོད་སྐབས། བོད་གཞུང་ཕྱི་དྲིལ་ལས་ཁུངས་རྒྱ་ཡིག་སྡེ་ཚན་གྱི་གསར་འགོད་པ་སངས་རྒྱས་སྐྱབས་ཀྱིས་གསལ་བཤད་ལྟ་བུར། ༧གོང་ས་མཆོག་གིས་ལོ་རྒྱུས་བློས་གཏོང་བྱས་ཡོད་པ་མ་རེད། ༧གོང་ས་མཆོག་གིས་ལོ་རྒྱུས་ཐོག་གི་བོད་བློས་གཏོང་བྱས་མེད་པ་མ་ཟད། ཁོང་གིས་ལོ་རྒྱུས་ཐོག་གི་བོད་དེ་སྔར་བཞག་ཐོག བོད་རྒྱ་མི་རིགས་གཉིས་ཀྱི་མདུན་ལམ་ལ་དགོངས་པ་ཆེར་བཞེས་ཀྱིས། འབྱུང་འགྱུར་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱེད་ཀྱིན་ཡོད་ཀྱིན་ཡོད་པ་རེད། ཅེས་གསལ་བཤད་བྱསབྱུང་།》ཞེས་པ་འདི་ལ་ལྟོས་དང་སངས་རྒྱས་སྐྱབས་མིན་ན་ཞབས་འདྲེན་ཞུས་ཡོད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese