བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༤༢ སྟེང་གི་རྩོམ་སྒྲིག་པའི་གཏམ།
རྒྱ་ནག་པེ་ཅིན་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཞི་བའི་བཅིངས་གྲོལ་བཏང་སྟེ་ལོ་ངོ་ལྔ་བཅུ་
འཁོར་བའི་དུས་ཆེན་སྲུང་གཙི་བྱ་འཆར་ཡོད་ལ། བཙན་བྱོལ་བོད་གཞུང་གིས་རྒྱ་གར་ངྷ་རམ་ས་ལར་བོད་པའི་རང་བཙན་ཤོར་ཏེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་གཙི་སྲུང་བྱེད་ཀྱིན་ཡོད། ཉིས་སྟོང་དགུ་ལོ་ནི་རྒྱ་ནག་པེ་ཅིན་གཞུང་དང་རྒྱ་གར་ངྷ་སའི་གཞུང་གཉིས་ཀར་གལ་འགངས་ཤིན་ཏུ་ཆེ་བའི་གནད་འགག་གི་ལོ་ཞིག་ཆགས་ཡོད་ལ། རྒྱལ་ཕམ་རྩོད་པའི་གོ་སྐབས་ཀྱི་ལོ་ཞིག་ཀྱང་ཆགས་ཡོད། པེ་ཅིན་གྱིས་རྒྱུ་སྟོབས་དང་དབང་ཤུགས་བཀོལ་ཏེ། བོད་ནང་དུ་དམག་དཔུང་འབོར་ཆེན་མངགས་གཏོང་དང་དྲག་ཆས་མཚོན་ཆ་སྐྱེལ་འདྲེན་གྱི་གོ་སྐབས་ལ་བེད་སྤྱོད་རྒྱུ་ཡིན་པ་སྨྲོས་མ་དགོས་ལ། བོད་ནང་འཛུགས་སྐྲུན་དང་ཡར་རྒྱས་ཡོད་ཚུལ། སྤྱི་ཚོགས་འཆམ་མཐུན་དང་བརྟན་རླིང་ཡིན་ཚུལ་རྒྱལ་སྤྱིར་དྲིལ་བསྒྲགས་ཀྱི་གོ་སྐབས་ཤིག་ཏུ་སྤྱོད་རྒྱུ་ཡིན་པའང་བཤད་མ་དགོས་པ་རེད། ནུས་པ་ཡོད་ཚད་རླུང་འཕྲིན་དང་བརྙན་འཕྲིན་སོགས་བརྡ་འཕྲིན་བརྒྱུད་ལམ་ལ་སྤུངས་ཏེ། དྲིལ་བསྒྲགས་ཀྱི་ནུས་པས་དངོས་ཡོད་གནས་བབ་ལ་སྙོན་འཛུགས་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡིད་འགུལ་སློང་ཐབས་བྱ་འདོད་དེ། བོད་ཞི་བའི་བཅིངས་གྲོལ་བཏང་སྟེ་ལོ་འཁོར་ལྔ་བཅུ་འཁོར་བའི་དུས་ཆེན་སྲུང་གཙིའི་དགོས་དམིགས་ཉག་གཅིག་དེ་རེད།
འདི་ལྟ་བུའི་གནད་འགག་གི་དུས་སུ། ང་ཚོས་ཐོབ་ཤོར་གྱི་ལོ་ངོ་ལྔ་བཅུའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཤིང༌། རིག་གནས་ཀྱི་སྙིང་སྟོབས་དང་ལོ་རྒྱུས་ཀྱི་བདེན་པ་ཕྱར་ཏེ། ངེས་པར་དུ་རྒྱ་གཞུང་གི་གཡོ་ཇུས་དེ་དག་ལས་རྣམ་པར་རྒྱལ་ཐུབ་པ་བྱ་དགོས་མོད། ཐེངས་འདིར་བོད་གཞུང་བཀའ་ཤག་གིས་ཕྱིར་བསྒྲགས་བྱས་པའི་ལྔ་བཅུའི་དུས་དྲན་གྱི་མཛད་རིམ་ནང༌། སློབ་གྲྭ་དང་དགོན་པ། ལས་ཁུངས་དང་ཚོགས་སྡེ་སོགས་ཀྱི་ལོ་རྒྱུས་བསྡུ་རུབ་དང་དཔེ་དེབ་དཔར་སྐྲུན་སོགས་ཀྱི་ཤེས་ཡོན་གྱི་བྱ་འགུལ་འགའ་རེ་དང༌། བརྟན་བཞུགས་བསྟར་འབུལ་དང་ལྷ་ཁང་རྟེན་བཞེངས། ཚོགས་གསོག་དགེ་སྒྲུབ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམ་བཞག་ཁག་ཅིག་ལས་མི་འདུག ང་ཚོ་སྔོན་མའང་འདི་དང་འདི་ལྟ་བུའི་འགྲན་བསྡུར་ཁྲོད་ཐེངས་མང་ཕམ་མྱོང་ལ། འདི་དང་འདི་ལྟ་བུའི་གོ་སྐབས་ཀྱང་གང་མང་ཤོར་མྱོང་ཡོད། ཐེངས་འདིར་ཡང་བློ་འགྱོད་དང་ཕམ་ཁ། རེ་ཆད་དང་ལེ་བདའ་མོད་པོ་ཞིག་ཐོས་ཤིང༌། དེ་དང་མཉམ་དུ་ལྗིད་ཁོག་མེད་པའི་ལས་སྡོམ་རྫིག་པོ་ཞིག་གི་དབུ་བྱང་མཐོང་གིན་འདུག
མི་རིགས་ཤིག་གི་ལོ་རྒྱུས་ནང་བགྲང་བྱ་ལྔ་བཅུ་དེ་ཙམ་རིང་རྒྱུ་མེད་ཀྱང༌། མི་ཚེ་ཞིག་གི་ལོ་རྒྱུས་ནང་ལོ་ངོ་ལྔ་བཅུ་དེ་འདྲ་ཐུང་རྒྱུའང་མེད། གོ་སྐབས་འདི་ནི་སྐྱབས་བཅོལ་བོད་མི་ཚོར་ཡང་བསྐྱར་ལོ་ངོ་ལྔ་བཅུར་སྐྱབས་བཅོལ་དུ་འདུག་འདོད་ཡོད་དམ་ཞེས་པའི་དྲི་རྟགས་ཆེན་པོ་ཞིག་ཡིན། འདས་པའི་དུས་རབས་ཕྱེད་ཀའི་བྱུང་རབས་ལོ་རྒྱུས་རྩད་ནས་དཀྲུག་དཀྲུག་བཏང་སྟེ། མི་སྒེར་ནས་ཚོགས་སྡེ་དང༌། མི་རིགས་ནས་རྒྱལ་ཁབ་བར་གྱི་ཕྱི་ནང་གསེང་གསུམ་གྱི་གནད་དོན་རེ་རེ་བཞིན་སྔོག་འདོན་བྱས་ཏེ། བཙན་བྱོལ་བོད་པའི་སྲིད་འབྱོར་རིག་གསུམ་དུས་རབས་ལ་ཁ་ཕྱོགས་པ། འཛམ་གླིང་ལ་ཁ་ཕྱོགས་པ། དངོས་ཡོད་ལ་ཁ་ཕྱོགས་པ། ལག་ལེན་ལ་ཁ་ཕྱོགས་པར་བྱ་དགོས། གལ་སྲིད་མཐར་ཐུག་གི་གྲུབ་འབྲས་ཤིག་འདོད་ན། བླངས་དོར་དང་གསར་བརྗེ། ལེགས་བཅོས་དང་གསར་སྐྲུན། ཞིབ་དཔྱོད་ཆེན་མོ་འདི་དག་གི་གོ་རིམ་ཁྲོད། མི་རེ་ངོས་རེ་ནས་གནས་སྐབས་ཀྱི་གྱོང་རྒུད་དང་ཕངས་སེམས་མང་པོ་ཞིག་འཁུར་དགོས་ལ། བློས་གཏོང་དང་ན་ཟུག་མང་པོ་ཞིག་ལ་བཟོད་བསྲན་ཡང་བྱ་དགོས། འདི་ནི་ངྷ་སའི་བཙན་བྱོལ་བོད་གཞུང་གི་ལྔ་བཅུའི་དུས་དྲན་སྲུང་གཙིའི་དགོས་པ་ཡིན་ལ། སྐྱབས་བཅོལ་བོད་པའི་མི་ལོ་ལྔ་བཅུའི་མཐའ་སྡོམ་ཡང་ཡིན།
thupkalÈààÛ
མི་ལོ་ལྔ་ཅུའི་དུས་དྲན་འདི་གཞུང་འབྲེལ་སྲུང་བརྩི་བྱེད་རྒྱུ་ལོ་འཁོར་གཅིག་གི་ལས་རིམ་ཞིག་ཡིན་འདུག་པས། ཅི་ལྟར་བྱེད་མིན་ད་ལྟ་གླེང་ན་ཕལ་ཆེར་ལས་རིམ་ནང་དུ་སླེབས་ཐུབ་རྒྱུ་ཁག་པོ་ཡིན་ཚོད། སོང་ཙང་། བོད་ལ་བཙན་འཛུལ་བྱས་ནས་མི་ལོ་དྲུག་ཅུ་འཁོར་བར་མི་དམངས་ཀྱི་ངོས་ནས་སྲུང་བརྩི་བྱས་ན་ཧ་ཅང་འོས་མཚམས་ཡིན་མོད། དེའི་ཐད་གླེང་སློང་བྱེད་པོ་མཐོང་རེ་དཀོན། རང་གཞུང་གི་ངོས་ནས་བོད་གཞུང་བཙན་བྱོལ་དུ་ཕེབས་ནས་མི་ལོ་ལྔ་བཅུར་དྲན་གསོ་དང་། མི་དམངས་ཀྱི་ངོས་ནས་བོད་སར་རྒྱ་དམར་གྱིས་བཙན་འཛུལ་མགོ་འཛུགས་བྱས་པ་ནས་མི་ལོ་དྲུག་ཅུ་འཁོར་བར་དྲན་གསོ་བྱེད་པ་ནི་གཞུང་དམངས་ལང་ཕྱོགས་ཁ་ཁ་སོང་བ་དང་། གཞུང་གི་ཆེ་མཐོང་ལ་གནོད་གཞི་ཅི་ཡང་མ་ཡིན་པས་དེའི་ཐད་ལམ་ཕྱོགས་ལངས་ཕྱོགས་ཤིག་ཡོད་ན་ཡག་ལེ་རེད་མོད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཚོར་འདིའི་ཐད་བསམ་ཚུལ་ཅི་ཡང་མེད་ཚོད། སྤྱིར་རང་བཙན་གྱི་ལང་ཕྱོགས་འཛིན་མཁན་ཞིག་གི་ངོས་ནས། ལྷག་པར་དུ་ལོ་རྒྱུས་ངོས་ནས་རང་བཙན་ཡིན་པ་རྒྱུ་མཚན་དུ་བྱས་ནས་རང་བཙན་འདོད་མཁན་ཞིག་གིས་འདི་ལྟར་གླེང་སློང་བྱེད་པ་ཧ་ཅང་གི་འོས་མཚམས་ཤིག་མ་རེད་དམ། ལྷན་རྒྱས།
ང་ཚོས་རྟག་ཏུ་གཞུང་གིས་འཐུས་ཤོར་གྱི་ཞན་ཆ་གླེང་དགོས་པ་དངོས་ཡོད་གནས་ཚུལ་ལྟ་བུར་སྣང་ཡང་། ལྟ་སྟངས་གཞན་ཞིག་གི་ཐོག་ནས་བཤད་ན་གཞུང་ཟེར་ནས་སྤྱི་གཙོ་བོ་ཞིག་མེད་སྟབས་གང་ཟག་རང་རང་གི་དེ་སྔའི་ལོ་རྒྱུས་ནང་གི་འཐུས་ཤོར་གླེང་དགོས་པ་ཤིན་ཏུ་གལ་ཆེ། གང་ཟག་རེ་རེས་ལས་དོན་འཐུས་ཤོར་དུ་མ་བཏང་ན་སྤྱི་བའི་ལས་དོན་གང་ཡང་འཐུས་ཤོར་དུ་འགྲོ་སྲིད། སྤྱི་བའི་ལས་དོན་གྱི་འཐུས་ཤོར་ཡང་སྒེར་བའི་ལས་ཀ་བྱེད་སྟངས་ཀྱི་ཐོག་ནས་སོང་བ་ཡིན་པ་ངོས་ཟིན་དགོས་ཀྱི་འདུག
གོང་དུ་ཡོན་བྷེ་ཟེར་བ་ཞིག་གིས་བོད་རྒྱ་ཚིག་མཛོད་སོགས་དག་ཡིག་ཁུངས་མ་མང་པོའི་ནང་ཉམས་རྒྱུད་ཀྱི་དོན་རྒྱས་འགྲེལ་བྱས་ཏེ་ཉམས་གུད་ནི་ཉམས་རྒྱུད་དང་འདྲ་ཞེས་གསལ་ཡོད། དེའི་ཕྱིར་འདི་ལ་དོན་སྟེང་ནས་དག་མ་དག་གི་སྐད་ཆ་བཤད་རྒྱུ་མི་འདུག་ཟེར་འདུག ཁོ་རང་གིས་མཐོང་བའི་ཚིག་མཛོད་དེ་འཇིག་རྟེན་གཞན་པའི་ཚིག་མཛོད་ཅིག་ཡིན་ལས་ཆེ་མ་གཏོགས། ང་ཚོའི་འཇིག་རྟེན་དུ་ཡོད་པའི་བོད་རྒྱ་ཚིག་མཛོད་ནང་ཉམས་གུད་དང་ཉམས་རྒྱུད་གཉིས་དོན་གཅིག་ཏུ་སུས་ཀྱང་བཤད་མེད། ཁོས་བཤད་འདོད་པ་ངོ་མ་ཉམས་རྒུད་དང་ཉམས་གུད་ཡིན་ཚོད་འདུག་ཀྱང་། ནོར་བཅོས་ཙམ་ཡང་བྱས་མི་འདུག ཁྱོད་ཚོས་མ་དག་པས་དག་པ་སུན་འབྱིན་པ་འདི་མགལ་མེ་འཁོར་ལོ་བཞིན་དུ་གྱུར་འདུག
ཐེངས་དང་པོའི་ཚོད་ལྟ་ཡིན་པས། གཏམ་གསར་པ་གང་ཡང་བཤད་རྒྱུ་མེད།
རྩོམ་སྒྲིག་པས་ཉེན་ཁར་མཛུབ་མོ་བཙུགས་པ་མ་ཟད། ད་ལྟ་གང་ཞིག་བྱེད་དགོས་མིན་གྱི་བསམ་ཚུལ་ལྷུག་བརྗོད་གནང་བ་ནི་ངོ་མ་རྗེས་སུ་ཡི་རང་ཞུ་འོས་པ་ཞིག་རེད། བཙན་བྱོལ་བོད་གཞུང་གིས་ལོ་ལྔ་བཅུའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་ལ་དོན་དངོས་དང་མཐུན་པའི་ཆབ་སྲིད་ཀྱི་ལས་འགུལ་མང་པོ་ཞིག་གི་བཀོད་སྒྲིག་གནང་དགོས་པར་མཐོང་ལ། ཆོས་ཕྱོགས་ནས་མཆོད་འབུལ་ཙམ་གྱི་ཡོང་ཐབས་མེད་པ་གསལ་བོ་རེད། དེར་བརྟེན་གཞུང་འཛིན་ལས་བྱེད་ཆེ་ཆུང་ཡོངས་ཀྱིས་དོན་གནད་འདིར་བསམ་བློ་ཏན་ཏན་གཏོང་དགོས་ངེས་སུ་མཐོང༌། ལས་འགུལ་གྱི་རྣམ་གྲངས་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་པ་མ་ཟད། འགན་ལེན་དགོས་པ་ཞིག་ཀྱང་རེད། ད་བར་བཙན་བྱོལ་བོད་གཞུང་གི་ལས་འགུལ་མང་ཆེ་བར་མི་མང་འཛུལ་ཞུགས་ཉུང་བའི་སྐྱོན་ཞིག་འདུག་པས་དེ་ཚོར་བསྐྱར་ཞིབ་ཅིག་གནང་གལ་ཡང་ཆེ། ལས་འགུལ་གོ་སྒྲིག་དང་མགོ་ཁྲིད་མཁན་གྱི་སྟེང་ནས་ཅུང་ཟད་འཐུས་ཤོར་འགྲོ་གི་མེད་འགྲོ་སྙམ།
༄༅།། ཤེས་ནས་སྨྲ་བ་གང་ན་སུ་བཞུགས་དག་གི་མདུན་སར།
༼དུས་བབ་ཡར་སློང་དག་ཡིག༽ཅིག་རྩོམ་སྐུལ་ཞུ་ཡིག
སྔོན་ཚེ་སློབ་དཔོན་ཐོན་མི་ཞེས།།
གངས་ཅན་མཁས་པའི་སྔ་ཐོག་ཏུ།།
བཞེངས་དེས་བསྟན་པའི་བརྡ་སྤྲོད་གཞུང༌།།
ལག་ལེན་ཞུན་ཐིགས་བསགས་པའི་ནོར།།
ཕ་ལག་བུ་ཚར་བརྒྱུད་པའི་ཆུ།།
གཅིག་ཏུ་འཁྱིལ་བའི་རྒྱ་མཚོ་ལས།།
དུས་བབ་ཡར་སློང་དག་ཡིག་ཅིག།
རྩོམ་པའི་བཀའ་དྲིན་མི་ཆུང་ཞུ།།
དྲ་གྲོགས་བསྟན་འཛིན་ལགས། ངོས་ལེན་བྱེད་མིན་གྱི་ཐད་ང་ལ་ངེས་པར་དུ་ངོས་ལེན་བྱེད་དགོས་ཟེར་རྒྱུ་མེད། ཡིན་ཡང་ད་དུང་གསལ་འདེབས་བྱེད་རྒྱུ་ཞིག་ལ། བོད་རྒྱ་ཚིག་མཛོད་སོགས་དག་ཡིག་ཁུངས་མ་མང་པོའི་ནང་ཉམས་རྒྱུད་ཀྱི་དོན་རྒྱས་འགྲེལ་བྱས་ཏེ་ཉམས་གུད་ནི་ཉམས་རྒྱུད་དང་འདྲ་ཞེས་གསལ་ཡོད། དེའི་ཕྱིར་འདི་ལ་དོན་སྟེང་ནས་དག་མ་དག་གི་སྐད་ཆ་བཤད་རྒྱུ་མི་འདུག་སྙམ། ཡིན་ཡང་ཚིག་གི་བརྗོད་བབས་ཀྱི་ཆ་ནས་གླེང་ན་ཅུང་གླེང་རྒྱུ་ཡོད་ལས་ཆེ།
དྲ་གྲོགས་ཡོན་བྷེ་ལགས།
བསམ་ཚུལ་སྤེལ་བ་ཐུགས་རྗེ་ཆེ། རྒུད་དང་གུད་གཉིས་བསྟན་དོན་གཅིག་ཡིན་པ་ངས་ཁས་མི་ལེན། ལྷག་པར་དུའང༌། རྒྱུད་དང་རྒུད་གཉིས་ཁྱེད་ཀྱིས་བསྟན་དོན་གཅིག་ཏུ་བཞེད་བབ་འདི་ངས་དེ་བས་ཀྱང་ཁས་མི་ལེན། དཔེ་ཡི་སྒོ་ནས་ཞུས་ན། མཐུན་འབྲེལ་དང༌། མཉམ་འབྲེལ་གཉིས་ཀྱི་བསྟན་དོན་རྣམ་པ་ཐམས་ཅད་དུ་གཅིག་ཡིན་པར་སྒྲུབ་མི་ཐུབ་པ་ལྟ་བུས་རིགས་བསྒྲེ། ༼ཉམས༽་འཇོག་ཅེས་བྲིས་པ་ཁྱེད་ནོར། ༼མཉམ༽་འཇོག་ཅེས་འབྲི་བ་དག་ཅེས་ཞུའོ།།
ཡིག་ནོར་ཤོར་འདུག་པ་དངོས་ཡོད་ལ་སོང་ཐད་གར་དག་བཅོས་བྱས་པ་ཐུགས་རྗེ་ཆེ། འཛེམས་ཟོན་མེད་པའི་ཐོག་ནས་དེ་ལྟར་བྱེད་དགོས་ངེས་རེད། ཡིན་ཡང་གཟབ་གཟབ་བྱེད་དགོས་ས་ཞིག་ལ་ཕྱིན་ཆད་དག་བཅོས་བྱེད་དུས་དང་ཐོག་ཡིག་ནོར་ཡིན་མིན་ལ་ངེས་པར་བརྟག་དཔྱད་ལེགས་པོ་བྱེད་དགོས། དེ་མིན་དག་པ་མ་དག་པ་བཟོ་རྒྱུའི་ཉེན་ཁ་ཡོད། གོང་དུ་རྒྱུད་ཅེས་པ་ནོར་འདུག་པས་གུད་ཅེས་འབྲི་དགོས་རབས་གསུངས་འདུག་མོད། དེ་ནི་ངས་བསམ་ན་དུས་བབ་རྩོམ་སྒྲིག་པས་ནོར་བ་ཞིག་མ་རེད། གུད་དང་རྒྱུད་གང་བྲིས་རུང་འགྲིག་བསྡད་ཡོད་པ་རེད། གང་ཡིན་ཟེར་ན་ཡི་གེ་འདི་གཉིས་ཀྱི་གོ་དོན་འབབ་ས་གཅིག་ཡིན་པ་རེད། རང་གི་བརྗོད་ཚིག་གི་བབ་ལ་བལྟ་བཞིན་བཀོལ་ཆོག་པ་ཞིག་རེད། དེའི་ཕྱིར་རྗེས་མར་དག་བཅོས་བྱེད་དུས་འདི་ལྟ་བུའི་རིགས་ལ་ངེས་པར་ཉམས་འཇོག་བྱེད་རོགས།
ནམ་རྒྱུན་ངས་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་ནི། གནད་དོན་མང་པོ་ཕྱོགས་བསྡོམས་དང༌། དབྱེ་ཞིབ་རྩལ་འདོན་གྱི་ཉམས་འགྱུར་དོད་ཤོས་དང༌། ཧ་ལམ་ཡིག་ནོར་མེད་པའི་ས་ཁོད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
དང་པོ། ད་ནི་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་གྱི་ནང་དུའང་ཡིག་ནོར་སླེབས་འདུག་པར་མཛུབ་མོ་བཙུགས་ནས་ཞུས་ན། བརྟན་༼རླིང༽ཞེས་བྲིས་པ་ནོར་ནས་འདུག བརྟན་༼བརླིང༽ཞེས་འབྲི་དགོས། བདེན་པ་༼ཕྱར༽ཞེས་བྲིས་པ་ནོར་འདུག བདེན་པ་༼འཕྱར༽ཞེས་འབྲི་དགོས། ཕྱི་ནང་༼གསེང་༽གསུམ་ཞེས་བྲིས་པ་ནོར་འདུག ཕྱི་ནང་༼གསང་༽གསུམ་ཞེས་འབྲི་དགོས། གྱོང་༼རྒུད༽་ཅེས་བྲིས་པ་ནོར་འདུག གྱོང་༼གུད༽ཅེས་འབྲི་དགོས། གཞན། གསར་གནས་དག་གི་ཡིག་ནོར་ནི་སྔར་བས་ཇེ་མང་དུ་ཕྱིན་ནས་འདུག
གཉིས་པ། མི་ལོ་ལྔ་བཅུའི་གནས་སྟངས་ལ་དབྱེ་ཞིབ་དང༌། ཕྱིར་དྲན་གནང་རྒྱུ་ལས་ལྡོག་སྟེ། བོད་གཞུང་ལ་སྐྱོན་འཛུགས་ལྟ་བུ་ཞིག་བྱས་འདུག་པ་ནི། བསྟན་པ་རྒྱུས་བཤིག་ཏུ་སོང་ནས་འདུག་ལ། བརྗོད་འདོད་དང་ཚིག་སྦྱོར་ལ་ཞིབ་ཀྱིས་བརྟག་པས། ལོ་ངོ་བཅུ་གྲངས་རིང༌། རྩོམ་སྒྲིག་པའི་གཏམ་གྱི་ས་ཆ་འདིར། ཚིག་ཚོགས་རྫོབ་ཤོས་སྤེལ་བ་ཞིག་ཀྱང་ཆགས་ནས་འདུག་སྟབས། གཟབ་གཟབ་གནང་རོགས་ཞེས་དང༌། དུས་བབ་གསར་འཛུགས་གནངས་མཁན་དག་གིས་མགོ་འདྲེན་ལམ་སྟོན་གནངས་རན་ནས་འདུག་ཅེས་ཤ་ཚ་ཚ་དང་སྙིང་ཉེ་ཉེས་ཞུ་འདོད་བྱུང༌།
རེད་ཡ་ང་ཚོ་བོད་འདི་སྔོན་ཆད་འདི་ལྟར་རྒུད་མྱོང་ལ་དེང་སྐབས་ཡང་འདི་ལྟར་ཕོང་བཞིན་ཡོད ། བཙན་བྱོལ་བོད་གཞུང་གི་མཛད་གཙོ་ཁ་ཤས་ཀྱི་ཀླད་པ་འདག་རྫས་ཀྱིས་མ་ཁྲུས་ན་མུ་མཐུད་འདི་ལྟར་གནས་ངེས་རེད།
བཙན་བྱོལ་བས་མི་ལོ་ལྔ་བཅུའི་རྗེས་དྲན་འདི་ངས་བལྟས་ན་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་ནས་བོད་ལ་གནོད་སྐྱོན་ཅི་ཐེབས་པ་དང་གཏོར་བརླག་བྱས་པ་སོགས་ངན་ཕྱོགས་ནས་མཇུག་སྡོམ་བྱས་ཏེ་འཛམ་གླིང་མི་དམངས་ལ་ཁྱབ་སྒྲོག་བྱེད་དགོས་པ་ལས་དུས་དྲན་སྲུང་རྩི་ཙམ་ཞིག་ལ་ངོས་བཟུང་ན་མི་འགྲིག །
བོད་ཤོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་འདི་ལས་བསྡོམས་ལྟ་བུ་ཞིག་གིས་འཇུག་བསྒྲིལ་ན་གཏན་ནས་མི་འགྲིགས། ལོ་ངོ་ལྔ་བཅུ་འདིའི་ནང་ང་ཚོས་གང་ཞིག་ལ་འཐུས་ཤོར་ཕྱིན་ཡོད་པ་དང། གང་ཞིག་ལ་དགའ་འོས་པའི་གྲུབ་འབྲས་བླངས་ཡོད་པ་བཅས་ཀྱི་ཐོག་དབྱེ་ཞིབ་དང། རྒྱུ་མཚན་ལྡན་པའི་སྒོ་ནས་སྤངས་བླང་བྱེད་དགོས་པ་གལ་ཆེན་རེད་སྙམ།