ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༡༢ ཉིན་དཀར་མཛེས་ས་ཁུལ་ཉག་རོང་རྫོང་གི་བོད་མི་ཁག་གཅིག་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་དང༌། སྲིང་ལམ་དུ་ཡིག་ཆ་འདྲ་མིན་གཏོར་འགྲེམས་བྱས་བར་བརྟེན། ཉེན་རྟོག་པ་དང་དམག་མིས་ཞི་རྒོལ་བ་གསུམ་འཛིན་བཟུང་བྱས་ཡོད་པ་དང༌། ཁོང་ཚོར་ཉེས་རྡུང་ཚབས་ཆེ་བཏང་སྟེ། མི་གཅིག་གི་རྐང་པ་ཡང་བཅགས་ཡོད་འདུག ཉག་རོང་རྫོང་དུ་ཕྱི་ཚེས་ ༡༢ ཡས་མས་སུ་གཞུང་གི་ལས་ཁུངས་ཁག་གི་མདུན་དུ་བོད་རང་བཙན་གྱི་སྦྱར་ཡིག་དང༌། སློབ་གྲྭ་ཞིག་གི་ནང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་སྟབས། རྫོང་ཉེན་རྟོག་པས་ཚེས་ ༡༢ ཉིན་གྱི་དགོང་དྲོ་འཛིན་བཟུང་བྱས་པའི་བོད་མི་དེ་གསུམ་ཁྲོམ་དཀྱིལ་དུ་འཁྲིད་དེ། ཁོང་ཚོའི་རོགས་པ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ། དངུལ་གྱི་བྱ་དགའ་སྤྲོད་རྒྱུ་གསལ་བསྒྲགས་བྱས་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།