ང་ཚོས་གཞོན་སྐྱེས་རྣམ་དཔྱོད་ཅན་དག་ལ་ཤེས་ཡོན་གྱི་གཞི་རྐང་ཞིག་ཚུགས་པར་ཤུགས་རྒྱག་གི་ཡོད་ཟེར།
ཕྱི་ཟླ་ ༤ ཚེས་ ༡ ཉིན་ལྗང་རླུང་རྩོག་སྒྲིག་ཁང་གིས་གོ་སྒྲིག་འོག་སེར་བྱེས་གྲྭ་ཚང་གི་ཆོས་རྭའི་ནང་གྲྭ་མང་ལ་སུམ་རྟགས་ཀུན་བཟང་དགོངས་རྒྱན་གྱི་འཆད་འཁྲིད་གནང་གི་ཡོད་འདུག་ལ། དེར་བྱ་བྲལ་ཀེ་ཚང་རིན་པོ་ཆེ་སོགས་སྤྲུལ་སྐུ་ཁག་ཅིག་དང་ལྷ་རམས་པ་དང་བཀའ་རམས་པའི་དགེ་བཤེས་ནས་བསྡུས་གྲྭ་བར་གྱི་གྲྭ་པ་ ༤༠༠ ལྷག་ཅིག་ཕེབས་ཀྱི་ཡོད་འདུག
རིག་གནས་འཆད་ཁྲིད་ཀྱི་ལས་གཞི་འདི་ཕྱི་ལོ་ ༢༠༠༧ ལོར་ལྗང་རླུང་ཚོགས་པ་བཙུགས་པ་ནས་མགོ་བརྩམས་ཡོད་འདུག་ལ། འཆད་ཁྲིད་ཀྱི་སྐབས་སུ་དམ་པ་བར་མ་ཆད་པའི་མན་ངག་གི་བརྒྱུད་རིམ་ལ་མཉམ་འཇོག་བྱས་ཏེ། ལུང་རྒྱུན་ཡོད་མེད་ལ་རྩད་གཅོད་བྱེད་ཀྱིན་ཡོད་པ་དང་། འཆད་ཁྲིད་དང་པོ་དེ་སེར་བྱེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་སུམ་རྟགས་མཐའ་དཔྱོད་ཆེན་མོ་ཐོན་མའི་ཞལ་ལུང་གི་ལུང་རྒྱུན་འཆད་ཁྲིད་གནང་འདུག་ལ། བླ་སྤྲུལ་དགེ་བཤེས་གཙོ་བོར་གྱུར་བའི་གྲྭ་པ་ ༨༠༠ ལྷག་འཛོམས་ཡོད་འདུག
དེ་བཞིན་འཆད་ཁྲིད་ཆེན་མོ་ཐེངས་གཉིས་པའི་སྐབས་སུ་སེར་བྱེས་འབྲིང་རིམ་སློབ་གྲྭའི་དགེ་རྒན་ཆེན་མོ་དགེ་བཤེས་སྐལ་བཟང་ཨེ་ལགས་མཆོག་གིས་རྟགས་འཇུག་གི་རྩ་འགྲེལ་འཆད་ཁྲིད་གནང་བར་གྲྭ་པ་ ༡༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག འཆད་ཁྲིད་ཐེངས་གསུམ་པར་སེར་བྱེས་བསམ་བློ་ཁང་ཚན་གྱི་བྱ་གཞུང་ཀླུ་སྒྲུབ་ལགས་ཀྱིས་དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་སྙན་ངག་སྤྱི་དོན་དང་དཔལ་སྒང་ལོ་ཙཱ་བའི་དག་ཡིག་ངག་སྒྲོན་དང་། ཁུ་ནུ་བླ་མ་བསྟན་པའི་རྒྱལ་མཚན་གི་འགྲེལ་བ་བཅས་འཆད་ཁྲིད་གནང་བར་དགེ་འདུན་པ་ ༤༣༠ ལྷག་འདུ་འཛོམས་བྱུང་ཡོད་འདུག
ལྗང་རླུང་ཚགས་པར་རྩོམ་སྒྲིག་པ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་འདི་ཐད་གསུངས་དོན། ང་ཚོས་འཆད་ཁྲིད་གོ་སྒྲིག་བྱས་པ་འདི་ལ་འདི་ལྟར་བློ་ཡུལ་ལས་འདས་པའི་འདུ་འཛོམས་ཆེན་པོ་ཞིག་བྱུང་བ་དེ་གྲྭ་མང་ལ་དམིགས་བསལ་བོད་ཀྱི་རིག་གཞུང་ལ་དུངས་ཀ་དང་དོ་སྣང་ཆེ་བ་དང་ང་ཚོའི་ལས་གཞི་འདི་གནད་ལ་སྨིན་གྱིན་ཡོད་པའི་རྟགས་མཚན་ཆེན་པོ་ཞིག་རེད། ང་ཚོས་གཞོན་སྐྱེས་རྣམ་དཔྱོད་ཅན་དག་ལ་ཤེས་ཡོན་གྱི་གཞི་རྐང་ཞིག་ཚུགས་པར་ཤུགས་རྒྱག་གི་ཡོད།
༢༠༠༧ ལོའི་འཆད་ཁྲིད་འདི་དག་གོ་སྒྲིག་མ་བྱས་པའི་སྔོན་དུ་ཉིན་གུང་གི་དུས་ཚོད་ནི་གྲྭ་མང་ཡོངས་གཉིད་ཁུག་པའི་དུས་ཚོད་ཡིན་པ་ལས། འདི་ལྟ་བུའི་རིག་གནས་དཔེ་ཁྲིད་རིགས་མེད་མོད། འཆད་ཁྲིད་འདི་གོ་སྒྲིག་བྱས་པ་ནས་གྲྭ་མང་ཚོས་གཉིད་ཁུག་པའི་དུས་ཚོད་བེད་སྤྱོད་པ་ལས་འཕྲོ་བརླག་ཏུ་གཏོང་གི་མེད་ལ། ད་ལྟ་སུམ་རྟགས་དག་གསུམ་དང་རྩོམ་རིགས་སོགས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུར་ཚ་ཚ་འུར་འུར་གྱི་རླབས་ཆེན་པོ་ཞིག་འཕྱུར་བཞིན་པའི་དུས་རེད་ལ། འཆད་ཁྲིད་འདིའི་གྲུབ་འབྲས་ལྟ་བུར་དེང་སྐབས་རྩོམ་ཡིག་ཀློག་མཁན་དང་འབྲི་མཁན་མང་དུ་ཕྱིན་ཅིང་ཁང་ཚན་རེ་ཟུང་གིས་དུས་དེབ་ཀྱང་འདོན་སྤེལ་བྱེད་མགོ་བརྩམས་འདུག་ཅེས་གསུངས་བྱུང་།
དྲ་གྲོགས་དགའ་བ་ལགས། ཁྱེད་ལ་ངོ་མ་གྲྭ་བའི་གཤིས་ཀ་ལྡན་གི། འདི་གལ་ཆེན་རེད། ང་ཚོ་བོད་ཀྱི་ཁ་དཔེ་ལ། མཚན་ཉིད་པའི་ཨུ་ཚུགས་ལྗི་བ་འདྲ། །རི་ཁྲོད་པའི་ཨུ་ཚུགས་གཡག་དང་འདྲ། །ཞེས་པའི་བཤད་ཚུལ་ཡོད་པ་རེད་ལ། ང་ཚོ་གྲྭ་བ་མཚན་ཉིད་པ་དག་གིས་གདན་ས་ཆེན་མོའི་ཆོས་གྲྭ་ནང་ནས་ཟླ་བ་རེ་ལ་དམ་བཅའ་སྟོང་ཕྲག་མང་པོ་གཏོར་གི་ཡོད་པ་རེད། དམ་བཅའ་སྟོང་ཕྲག་མང་པོ་ཤོར་གི་ཡོད་པ་རེད། དེའི་ཕྱིར་རང་ཉིད་ཀྱི་འདོད་ཕྱོགས་ལ་ཨུ་ཚུགས་མི་བྱེད་པ་འདི་གྲྭ་བ་མཚན་ཉིད་པའི་ཁྱད་ཆོས་ཨང་གི་དང་པོ་ཞིག་རེད། ཤེས་ཡོན་པ་ཞིག་ཡིན་ན་འདི་དགོས་ཀྱི་འདུག ཡིན་ནའང་ཨ་མདོ་རྒད་པོ་ཚོས་འདིའི་ཕྱོགས་ནས་སྒོ་འབྱེད་བྱེད་ཐུབ་ཀི་མི་འདུག དེའི་ཕྱིར་ཁྱེད་ཀྱི་དྲང་བདེན་དང་རང་ལྟ་མཁྲེགས་བཟུང་མི་བྱེད་པའི་གཤིས་ཀ་འདིར་ང་ཧ་ཅང་དགའ་གི། ཁྱེད་ཀྱིས་བཤད་པ་བཞིན་ཐ་སྙད་རིག་གནས་གཞུང་ཆེན་མོར་ལྟ་བུའི་གེགས་སུ་སོང་ན་མི་འགྲིག་གི། བསྡུས་གྲྭ་སྐབས་སུ་སྙན་ངག་ལ་དབྱིངས་ཞུགས་སོང་ན་གཞུང་ལ་ལྟ་བུའི་གེགས་སུ་བུད་འགྲོ་གི། ཡང་ཆུང་དུས་ནས་སྙན་ངག་ལ་མ་བལྟས་ན་ལོ་རྒན་པ་ཆགས་དུས་སྒྱུ་རྩལ་རྩོམ་རིག་ཡོང་མི་ཐུབ་ཀི། འདི་ནི་ཕལ་ཆེར་རིག་གནས་གཉིས་ཀྱིས་འགལ་བའི་ཁ་ཕྱོགས་ཤིག་ཡིན་པ་འདྲ།
གཞན། དྲ་གྲོགས་ཁྱེད་ཀྱིས་ངས་རེ་མདོ་བའི་རྩོམ་ཡིག་གཤག་གཏུབ་བྱས་ནས་རེ་མདོ་བ་ནག་པོ་བཟོས་ཡོད་པ་འདྲ་ཞིག་བཤད་ཡོད་པ་ད་དུང་ཡིན་ནའང། གསལ་བཤད་བྱེད་པའི་རེ་བ་ཡོད། རྒྱུ་མཚན་ན་ིངས་རེ་མདོ་བ་ནག་པོ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡང་མེད། ང་ལ་ཁོང་གི་རྩོམ་རིག་སྟེང་ན་དགའ་བའི་ཕྱོགས་ཡང་ཤིན་ཏུ་མང་པོ་ཡོད། ད་དུང་རྨོག་རུའི་སྐོར་ལའང་ངས་དྲང་མོར་བཤད་ཡོད་སེམས་བཞིན་ཡོད། སྤྱིར་བཏང་ངས་དགེ་བསྐོས་ལགས་དང་འབྲེལ་བ་ཅི་ཡང་མེད་པས་ཁོའི་ཕྱོགས་བྱེད་དགོས་དོན་མེད། ཡིན་ནའང། རིགས་མ་ཆུམས་པ་དང་གསལ་ཆ་མ་བྱུང་བ་བཅས་ཀྱིས་ནོར་འཁྲུལ་ཡོད་སྲིད་པ་ཞིག་རེད། ་ཡོད་ན་རྗེན་འཆར་གསལ་བཤད་གནོངས་དང་དགའ་བསུ་ཡོད། དེ་ལུགས་ཐུགས་འཇགས་འཚལ།
བོན་རབ་ལགས། ངས་དེ་ལྟར་བཤད་པ་ལ་མི་མངོན་པའིོ་རྒྱབ་ལྗོངས་གང་ཡང་མེད། ངའི་བསམ་པར་གདན་སའི་དཔེ་ཆ་པ་ཚོ་རིག་གནས་ལ་དང་བ་ཆེ་དྲགས་ན་དུས་ཚོད་མང་པོ་ཞིག་རིག་གནས་ཀྱི་ཐོག་ཏུ་གཏོང་བའི་ཉེན་ཁ་ཆེན་པོ་ཡིན་སྟབས་དཔེ་ཆ་ལ་འཐུས་ཤོར་འགྲོ་ཨེ་སྲིད་སྙམ་པ་ཡིན། དེ་ལྟར་གྱུར་ན། གུང་བསྟན་པའི་སྒྲོན་མེས། སྒྲ་སྙན་སྨས་རྩིས་སོགས་ལ་མགོ་འཁོར་ནས། །རྩ་བ་བོར་ནས་ཞེས་གསུངས་པ་ལྟར་དུ་གྱུར་འགྲོ། གདན་སའི་གྲྭ་པ་ཚོས་དཔེ་ཆ་ལ་གཟིགས་རྒྱུ་འཐུས་ཤོར་དུ་འགྲོ་བ་ཡིན་ན། གངས་ཅན་པར་གང་ཡང་མ་ལྷག་པ་རེད། དཔེ་ཆ་འཐུས་ཤོར་དུ་འགྲོ་མ་དགོས་པའི་ཐོག་ནས་རིག་གནས་ལ་མཁས་པར་སྦྱངས་ཐུབ་ན་ང་ཚོ་ལ་མཁས་པ་མང་འགྲོ་བའི་དཀའ་ངལ་མེད། རྒྱུ་མཚན་དེ་ཡིན།
དྲ་གྲོགས་རྣམས་ཀྱིས་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ། མི་སུ་ཞིག་ཡིན་ནའང་ལས་ཀ་ལས་དུས་རྒྱབ་སྐྱོར་དགོས་ཀྱི་འདུག དེ་རིང་ཁྱེད་ཅག་གིས་དྲ་ཐོག་ནས་མཆན་བུ་བཏབ་པ་འདི་དག་ཡང་ངེད་དག་གི་རྒྱབ་སྐྱོར་རེད།
ཡིན་ནའང། དྲ་་གྲོགས་དགའ་བ་ལགས་ཀྱིས་ ༼ ངའི་བསམ་པར་གདན་ས་ཁག་གི་དགེ་འདུན་པ་རྣམས་ལ་རིག་གནས་ཀྱི་ཤེས་ཡོན་འབྲི་རྩོམ་རང་མགོ་ཐོན་པ་ཙམ་གྱིས་ཆོག་པ་ལས་རིག་གནས་ལ་མཁས་པ་མང་པོ་དགོས་དོན་མེད་སྙམ། ༽ འདི་ཡི་ནང་དོན་གོ་གི་མི་འདུག རིག་གནས་མཁས་མང་པོ་མི་དགོས་པའི་རྒྱུ་མཚན་ཅི་རེད།
Oh wow, It’s great. I heard some Geshe’s don’t know how to write even simple letters because they have not studied Grammar.
I think it’s should have study everything at the beginning. Hope it’s goes well with all the students.
All my best wishes,
སངས་རྒྱས་འཐོབ་པར་མི་འདོད་གཞན་དུ་གྱིས། །
དེ་མིན་རིག་པའི་གནས་ལྔར་མ་སྦྱངས་པར། །
ཐམས་ཅད་མཁྱེན་པའི་གོ་འཕང་མི་འཐོབ་ཅེས། །
རྒྱ་གར་མཁས་པ་བྱམས་པ་མགོན་པོས་གསུངས། །
དགོས་པས་མི་ཚད་འཕྱིས་པའི་གསར་འགྱུར་འདི། །
མཐོང་བའི་མོད་ལ་ངོ་མཚར་འཕེལ་བ་དང་། །
བསམ་བཞིན་བུ་མོ་གཞོན་ནུ་འདོད་བདེ་ཡིས། །
མྱོས་པས་མི་མཚོན་སེམས་ཁོང་དགའ་བས་གཏམས། །
བོན་རྒྱ་བུ་རྒོད་པོ་བྱེད་ལུགས་འདི་ཤིན་ཏུ་བཟང་གི བོད་གཞིས་གཉིས་ཀྱི་གྲྭ་སའི་དགེ་བཤེས་ཚོའི་ནང་དུ་རིག་གནས་གཞུང་ཆེན་མོར་བལྟ་བའི་གེགས་ཡིན་ཟེར་ནས་མཐའ་གཅིག་ཏུ་དགག་པ་གནང་མཁན་རིགས་ཤིག་གང་དུ་ཡང་ཡོང་གི་ཡོད། འོན་ཀྱང་དྲང་མོར་བཤད་ན་གཞུང་ཆེན་མོ་སློབ་པའི་གཞི་རིམ་གྱི་ཆ་རྐྱེན་ལྟ་བུར་རིག་གནས་མི་ཤེས་མི་རུང་བ་ཡིན་ལ། རིག་གནས་ཀྱི་རྨང་གཞི་ཡོད་པའི་ཐོག་ནས་གཞུང་ཆེན་མོའི་འཆད་ཉན་ལ་ཞུགས་ན་གོ་བའི་ས་ཆོད་མ་འདྲ་བ་ཞིག་འོང་། རིག་པའི་གཞུང་ལུགས་གང་དུ་གནས་པའི་སྐད་ཡིག་བརྡ་སྤྲོད་ཀྱི་རྣམ་གཞག་མ་ཤེས་ན། སྐད་ཡིག་དང་བརྡ་སྤྲོད་དེའི་བརྗོད་ཐབས་ཀྱིས་བསྟན་བཞག་པའི་རིག་པའི་གཞུང་ལུགས་ཀྱི་ཚིག་དོན་གྱི་གོ་བ་ཇི་དཔྱིས་ཕྱིན་པ་རྙེད་དཀའ། དམིགས་བསལ་བ་རེ་ཟུང་ཡོང་སྲིད་སྤྱིའི་ཆ་ནས་དེ་ལྟར་རེད། དེར་བརྟེན་བོད་ཀྱི་རིག་གཞུང་གི་ཕ་ས་ལྟ་བུའི་གདན་ས་ཁག་ཏུ་ཡི་གེའི་རིག་གནས་ཀྱི་ཤེས་ཡོན་སྤེལ་བཞིན་པ་འདིར་ངས་ཁྱོད་ཚོ་ལ་སྙིང་ནས་ཡི་རང་བྱེད། ཡི་གེའི་རིག་གནས་འདི་དེང་རབས་ཀྱི་ཤེས་ཡོན་ལ་འཇུག་པའི་ལྡེ་མིག་ལྟ་བུ་ཞིག་ཏུ་རང་བཞིན་གྱིས་འགྱུར་ངེས་ཡིན། འོན་ཀྱང་རེ་སྐུལ་ཞུ་རྒྱུ་ཞིག་ལ་དཔེ་ཆར་བལྟ་བའི་གེགས་སུ་མ་སོང་བ་ཞིག་ངེས་པར་བྱ་དགོས། ངའི་བསམ་པར་གདན་ས་ཁག་གི་དགེ་འདུན་པ་རྣམས་ལ་རིག་གནས་ཀྱི་ཤེས་ཡོན་འབྲི་རྩོམ་རང་མགོ་ཐོན་པ་ཙམ་གྱིས་ཆོག་པ་ལས་རིག་གནས་ལ་མཁས་པ་མང་པོ་དགོས་དོན་མེད་སྙམ།