བོད་འབྱོར་རྩོམ་ཡིག ལྷམ་ཀོག་འམ་རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས།
བོད་ཀྱིས་མཁས་མི་མཁས་ཀྱི་ཚད་གཞི་ཆོས་གཞུང་གི་སྟེང་ནས་འཇོག་གིན་ཡོད་ལ། ཆོས་གཞུང་གིས་བོད་སྐྱོབ་ཐུབ་པར་འདོད་ཡོད། ད་ལྟའི་བོད་ཁྱིམ་གསར་བ་ཞིག་བསུ་ན་ཡང་ཆོས་ཀྱི་སྒང་ནས་བསུ་དགོས་པ་རེད་སྙམ་འདུག ཡ་མཚར་དགོས་པ་ཞིག་ལ་མ་འོངས་པའི་ཁྲིམས་ལུགས་དེ་ཡང་འདུལ་ཁྲིམས་ལྟར་བཅའ་ཡང་སྲིད་པ་ཞིག་ཆགས་འདུག ཆོས་གཞུང་འདི་ཡོད་པས་བོད་པ་ཁ་ཐོར་དུ་མ་སོང་བ་བདེན་ཡང་། ཆོས་གཞུང་འདིས་མི་རིགས་ཤིག་གི་རང་དབང་ལོན་པར་འདོད་པ་དེ་གླེན་རྟགས་ཁོ་ན་ལས་མ་འདས་སོ།།
ན་ནིང་དོ་ཚིགས་ཀྱི་གྲྭ་བས་འོས་ལངས་དེ་ཡང་ཆོས་སུ་བརྩི་གིན་ཡོད་མོད། དེ་ནི་ཆོས་དང་དྲང་མོར་བཤད་ན་མཐུན་པ་ལས་མི་མཐུན་པ་ཤུགས་ཆེན་པ་ཞིག་རེད། དཔེར་ན། ད་ལོའི་དམིགས་བསལ་ཚོགས་ཆེན་སྐབས་སུ་ཡང་ཆབ་སྲིད་ཀྱི་གནད་ཟིན་པའི་སྐད་ཆ་ཤོད་མཁན་གཅིག་ཀྱང་མེད་པ་དེའང་ད་རག་ལ་ཆོས་ལུགས་རྐྱང་བ་ལས་ཤེས་བྱའི་སྒོ་གཞན་མ་མཐོང་བས་ལན་པ་རེད། བཀའ་བློན་ནས་བཟུང་སྟེ་དངོས་ཡོད་ཀྱི་འཐབ་རྩོད་དེ་ལ་རིམ་གྲོ་སྒྲུབ་པ་དང་མོ་རྩིས་རེ་བྱས་ནས་སྡོད་པ་ནི་ཕ་རོལ་བོར་བཞད་གད་སློང་བའི་རྒྱུ་རུ་ཟད་དོ།།
རྡོག་རྩ་ཆིག་སྒྲིལ་གྱི་ལས་ལ་མི་སྒྲིམས་པར་ལྷ་འདྲེ་ཞིག་བརྩད་ནས་སྡོད་པ་དེའང་དམངས་གཙོ་བྱས་པ་དེ་ལ་ཡང་འགལ་འདུག་པ་ཞིག་མ་རེད་དམ། ཐན་དུ་ལྟ་བའི་གུང་ཁྲན་གྱིས་ཀྱང་ཆོས་དད་པ་ལ་རང་དབང་དང་མ་དད་པ་ལ་རང་དབང་སྟེར་གིན་འདུག ད་རག་བར་དུ་སྤྱི་ཚོགས་དང་སློབ་གྲྭ་ནས་ཀྱང་ཆོས་སྦྱངས། དགོན་པ་དང་སྲིད་གཞུང་གིས་ཀྱང་ཆོས་བརྩད་ནས་བསྡད་དེ། མཐར་གཏུགས་སྲིད་ལ་ཡ་ལན་སྤྲོད་མཁན་ཞིག་གང་དུ་ཡང་མ་བྱུང་བ་ནི་ཤེས་བྱར་གོ་འཛོལ་བྱུང་བའི་རྟགས་རེད། ༧ཡིད་བཞིན་ནོར་བུ་གཅིག་པོར་བལྟས་ནས། ཁྲོམ་སྲང་ནས་འུར་རེ་བརྒྱབས་ཏེ་འདུག་པ་ཙམ་ལས་བསམ་བློའི་ཆ་ན་གན་དང་འདི་བྱེད་ཟེར་བ་གཅིག་ཀྱང་མི་འདུག ཚང་མ་ཚ་རྐོང་གཅིག་གི་ཚ་ཚ་རེད།
དེང་རབས་ན་གཞོན་ཟླ་བ་ནོར་བུ་དང་པདྨ་འབུམ་སོགས་ཀྱིས་བསམ་ཚུལ་རེ་བརྗོད་ན་ལྟ་ལོག་པའི་ཉེས་མིང་འདོགས་པར་མ་ཟད། སྲོག་ལ་གཟན་པའི་ལས་ལ་ཡང་སྐུལ་གྱིན་ཡོད། ངོ་མ་ད་རག་བར་དུ་༧ཡིད་བཞིན་ནོར་བུས་སྐད་བརྒྱབས་བརྒྱབས་པ་དེ་དག་ལ་རྒྱབ་སྐྱོར་བྱེད་ནུས་པ་གཅིག་ཀྱང་མི་འདུག མདོར་ན་སྲིད་གཞུང་གི་ལས་ཀ་དང་དགོན་པའི་ལས་ཀ་གཉིས་བར་ལ་དབྱེ་ཁྱད་གསལ་བོ་ཞིག་ཀྱང་མི་འདུག་སྟབས། ཕྲན་ཧ་ཅང་གི་སྐྱོ་དགོས་བྱུང་སོང་།
ཀློག་པ་པོ་དག་གིས་སྡིག་རྐྱང་མ་བྱེད་པར་བསམ་བློ་བཏང་མཐར་ང་ལ་ལྟ་ལོག་པ་ཞེས་ཤོད། སྤྱིར་འུ་ཅག་གི་ཁ་ལ་ལྟ་ལོག་པ་ཞེས་པ་འདི་མཁས་མི་མཁས་གཉིས་ཀྱི་སྤྱི་ནོར་ལྟ་བུ་ཞིག་ཡིན་པས། བཤད་ཆོག་ཆོག་དང་འདོགས་ཆོག་ཆོག་གི་ཚུལ་དུ་ཡོད་མོད། འོན་ཀྱང་། ཞིབ་འདང་རེ་བརྒྱག་དགོས་བྱུང་འདུག མིག་གསལ་བོ་གྱིས། བསམ་བློ་སྒམ་པོར་གྱིས། རང་མི་ལྟ་ལོག་པ་ཇི་འདྲ་ཞིག་ཡིན་རུང་ཕ་མ་ཉེ་དུ་འདོར་མཁན་རེ་གཉིས་ལས་ཡོད་མི་སྲིད། དེའི་ཕྱིར་སྐབས་ཀྱི་སྙན་པ་ལ་མཐེབ་མོ་སྟོན་པ་དང་། མི་སྙན་པ་ལ་སྡིག་མཛུབ་སྟོན་རྐྱང་མ་རེད། འདི་ནས་གོ་འཛོལ་འབྱུང་མི་ཉེན་ས་ཞིག་ནི་ངས་ཆོས་ལུགས་མི་ཟབ་ཀི་ཞེས་པ་དང་དེ་གཏན་ནས་མི་དགོས་ཟེར་བ་འམ། ཡང་ན་དེས་ང་ཚོར་ཕན་བཏགས་མ་མྱོང་ཞུ་བ་དེ་མ་ཡིན་པར་གོ་དགོས་སོ།།
འཁྲུལ་བ་འབྱམས་སུ་ཀླས་ཀྱང་གླེན་པ་ཞིག་གིས་དུངས་ཞེན་ཁར་ཕུད་པ་ཙམ་དུ་གོ་ནས་བཀའ་བཀྱོན་མི་གནང་བར་ཞུ། བསམ་ཚུལ་འདི་དེ་ག་ནས་དྲ་གནས་དང་ཚགས་ཤོག་དུས་དེབ་ཅི་རིགས་སུ་འགོད་ཐུབ་ན་བཀའ་དྲིན་ཆེ་མིང་ལྷམ་ཀོག་འམ་རོང་བོ་དགེ་འདུན་ལྷུན་གྲུབ།
ཁོ་ནི་དོལ་རྒྱལ་རྗེས་འབྲང་པ་ཞིག་ཡིན་ངེས་རེད།
གསལ་བཤད། བསམ་འཆར་འདི་ཧི་གཟུགས་བརྒྱུད་ནས་ཁོའི་མིག་ལམ་དུ་བསྟར་ན་ཡང་། ཚུར་གནང་བའི་ལན་ནི་འདི་འདྲ་ཞིག་རེད། ༼གྲོགས་པོ་བློ་དབང་ལགས་ལ། ན་སོ་ཤེད་མ་རྒྱས་པའི་ཕྲན་ལ་མཚོན་ན་ཆབ་སྲིད་ནི་དངོས་ཡོད་གདོང་ཐུག་གི་ཁྲོད་ཀྱི་འཐབ་རྩོད་ཅིག་ཡིན་པར་ངོས་བཟུང་དྲག་པས། དོལ་རྒྱལ་རྩོད་པ་ནི་དངོས་མེད་ཅིག་གི་རྩོད་པར་འདོད་པས། དེ་གཉིས་བར་གྱི་འབྲེལ་བ་དེ་ང་ལ་གསལ་ཁ་མེད་པས། སྐུ་ཉིད་ཀྱིས་དབྱེ་འབྱེད་བྱེད་པར་མཛོད། ༽
སྲན་མ་ཐུབ་པའི་ཉེས་བཤད་བོད་ལ་ཤོར་བ་ཞེས་པར་བལྟས་རྗེས།
དྲ་གྲོགས་ལྷམ་གོག་ལགས་སུ་བཤད་འདོད་པ་ནི། ཐོག་མར་ཁྱེད་ཀྱི་ཞུམ་མེད་སྙིང་སྟོབས་དང་བཅས་འདི་ལྟའི་རྩོམ་ཡིག་སྤེལ་བར་དགའ་གུས་ཡི་རང་དང་བཅས་ངོ་སོ་བསྟོད་རྒྱུ་ཡིན།
དེ་ནས་ཆོས་དང་ཆབ་སྲིད་ཟེར་བ་གཉིས་ཀྱི་ས་མཚམས་ཀྱི་སྐོར་ཡིན། ངས་བསམ་ན་ཆོས་ལུགས་སྤྱི་དང་ཁྱད་པར་དུ་རང་རེའི་ནང་ཆོས་ལ་མཚོན་ན་དངོས་ཡོད་འཚོ་བའི་ཁྲོད་ཀྱི་སྣང་ཚུལ་སྣ་ཚོགས་ལ་ངོས་འཛིན་དང་དང་ལེན། ཡང་ན་ལྡོག་ཟླར་ལངས་ཚུལ་ལས་བརྩམས་པའི་གཞུང་ལུགས་ཤིག་ཡིན་ལ། ལྷག་པར་དུ་མི་ཟེར་བའི་སྲོག་ཆགས་འདི་སྐྱེ་རྒ་ན་འཆི་དང་། བདེ་སྡུག་བཏང་སྙོམ་གྱི་ཚོར་བའི་ཁྲོད་ཇི་ལྟར་བྱས་ཏེ་འཚོ་བ་བདེ་བོ་ཞིག་རོལ་དགོས་པའི་བསླབ་བྱ་ཞིག་ཡིན། ཆབ་སྲིད་ཟེར་བའང་དེ་ལས་མ་འདས་ལ། ཆབ་སྲིད་ཀྱི་མ་མཐའི་གོ་དོན་ནི་འཚོ་བ་ལ་སྲུང་སྐྱོབ་བྱེད་པ་ཞེས་པར་གོ་ཆོག དེའི་ཕྱིར་གུས་པས་རྨོངས་བློས་ཇི་ལྟར་གཞིགས་ཀྱང་ཆོས་དང་ཆབ་སྲིད་དགར་མི་ཐུབ་པ་མ་ཟད། བསམ་ཞིང་བསམ་ན་དབྱེར་མེད་རོ་གཅིག་ཏུ་གྱུར་འགྲོ་གི་འདུག གང་ལྟར་ཡང་ཁྱེད་ཀྱིས་གསུངས་པའི་སྐད་ཆ་འདི་ཚོའི་ཁྲོད་དོན་ལ་གནས་པའི་སྐད་ཆ་རེའང་འདུག་ལ། དོན་སྟོང་གི་སྐད་ཆའང་མང་པོ་འདུག་སྙམ། དཔེར་ན། ༼ཡ་མཚར་དགོས་པ་ཞིག་ལ་མ་འོངས་པའི་ཁྲིམས་ལུགས་དེ་ཡང་འདུལ་ཁྲིམས་ལྟར་བཅའ་ཡང་སྲིད་ཀི ༽ ལྟ་བུ་རེད། འདི་འདྲ་ནི་ཁྱེད་ཀྱི་བཤད་སྟངས་ཀྱི་མཛེས་པ་ཞིག་ཡིན་ན་མ་གཏོགས་དེ་འདྲའི་དོན་དངོས་ཀྱི་དོགས་པ་ཞིག་གཏན་ནས་ཡོང་ཚུལ་མེད། གཞན་དོལ་རྒྱལ་བསྟེན་གསོལ་བྱེད་དང་མི་བྱེད་ཟེར་བ་ནི་ཆོས་ལུགས་གཅིག་བུའི་གནད་དོན་ཞིག་མིན་པ་མ་ཟད། དེ་ནི་ཆབ་སྲིད་རྐྱང་བའི་གནད་དོན་ཞིག་ཡིན་ཞེས་བརྗོད་ཀྱང་འོས། རྒྱུ་མཚན་ནི་དོལ་རྒྱལ་ཟེར་བ་ཞིག་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། གང་ལྟར་དོན་དངོས་ཁྲོད་ཁོ་ལ་ནུས་ཤུགས་ཤིག་ཡོད་པ་དང་། དེ་ནི་མི་རིགས་ནང་ཁུལ་གྱི་ཆིག་སྒྲིལ་གཏོར་བ་དང་། ཡིད་ཆེས་བརླགས་པ་སོགས་མང་པོ་ཞིག་ཡོད། དེའི་ཕྱིར་དོལ་རྒྱལ་ཟེར་བ་བཀག་འགོག་བྱས་ཤིང་དེ་ལ་བརྟེན་ནས་རྙོག་འཛིང་ཡང་མི་ཆུང་བ་ཞིག་བྱུང་བ་བདེན་པ་རེད་མོད། གལ་སྲིད་དོལ་རྒྱལ་བཀག་འགོག་བྱས་མེད་པའི་དབང་དུ་བཏང་ན་ད་ལྟའི་བོད་ཀྱི་གནས་ཚུལ་ནི་དངོས་གནས་བསམ་མི་ཕོད་པ་ཞིག་ཡིན་ངེས། དེའི་སྐོར་རྙོག་གླེང་འདིའི་སྔ་ཕྱིའི་འབྱུང་རྐྱེན་ལ་རྒྱུས་གསལ་བོ་ཡོད་མཁན་ཞིག་ལ་དྲིས་དང་ཤེས་ངེས། དེ་མིན་ཆོས་ལུགས་ཀྱིས་རང་བཙན་ལོན་ངེས་ཀྱི་ཡིད་ཆེས་ཡོད་མཁན་ཞིག་ཕལ་ཆེར་མེད་ངེས་ལ། གལ་སྲིད་ཡོད་དབང་དུ་བཏང་ན་དངོས་ནས་གླེན་རྟགས་ལས་མ་འདས། ང་རང་རྒྱུས་ཡོད་ཀྱི་ཆ་ནས་བཤད་ན། ད་ལྟ་རྡ་རམ་ས་ལ་གཙོས་པའི་ཕྱི་ཡུལ་བོད་ཀྱི་ཆབ་སྲིད་པ་སུ་འདྲ་ཞིག་ལ་ཡང་དེ་འདྲ་མེད་ངེས་རེད། གདན་སའི་བླ་རྒན་རེ་འགའ་ཡོད་ལས་ཀྱང་ཆེ། ཚང་མར་ངེས་ཤེས་ཤིག་ཡོད་པ་ནི་སྟོབས་ཤུགས་དང་འབལ་རྩོལ་ཟེར་བ་དེ་རེད་ལ། དེའི་ཕྱོགས་ནས་འཐུས་ཚང་ཞིག་མེད་པ་དེར་ཚང་མས་སྡུག་སྨྲེ་འདོན་བཞིན་འདུག དེ་མིན་རང་རེའི་སྐྱབས་བཅོལ་སྲིད་གཞུང་ལ་དོན་དངོས་ཐོག་བཤད་ན་སྒེར་གྱི་ཚོགས་པ་ཞིག་གི་ཐོབ་ཐང་ལས་མེད་བཞིན་དུ་འཛམ་གླིང་ཧྲིལ་བོའི་ཆབ་སྲིད་འཕོ་འགྱུར་དང་། དཔལ་འབྱོར་གྱི་འགྱུར་ལྡོག དམག་དོན་གྱི་གནས་ཚུལ་སོགས་བརྗོད་དཀའ་བའི་གནས་སྟངས་མང་པོ་ཞིག་དུས་བསྟུན་མིག་ལྟོས་ཀྱིས་བྱ་གཞག་ལྷུན་པོའི་གཏོས་དང་མཉམ་པ་ཞིག་སྒྲུབ་ཡོད། ད་ལྟའི་བར་ཚོགས་པ་འདིས་བསྒྲུབ་པའི་བྱ་གཞག་ནི་འཛམ་གླིང་ན་ངོམ་དུ་རུ་བའི་བོད་མི་རིགས་ཀྱི་ངོ་མཚར་ཆེ་བའི་ལེའུ་གསར་བ་ཞིག་ཏུ་བརྩི་ཆོག
དེ་མིན་དམིགས་བསལ་ཚོགས་ཆེན་སྐབས་ཀྱི་བགྲོ་གླེང་ཡང་ཁྱེད་ཀྱིས་གསུངས་པ་དེ་འདྲ་གཏན་ནས་མིན། འོན་ཀྱང་གོ་སྐབས་བྱུང་ན་བརྒྱུད་ལམ་གཞན་ཞིག་ནས་བགྲོ་གླེང་བྱ་ཆོག ཧི་གཟུགས་ཟིན་བྲིས་ཀྱི་མ་འོངས་པར་བསམ་དགོས་པ་དང་། སྐུ་ཉིད་ཀྱི་བདེ་འཇགས་ལ་ཡང་གཟབ་དགོས་པས་གནས་སྐབས་དེ་ཙམ་བྱ། མཐའ་དོན། ཁྱེད་དང་ཁྱེད་ལྟ་བུའི་གཞིས་བཞུགས་ལྷག་བསམ་དང་སྙིང་སྟོབས་ཅན་ཚོ་བསམ་ན་ལྡོམ་པོ་ངའི་སྙིང་རྩ་དྲོད་ཀྱིས་ཁྱབ་བཞིན་ཡོད།
ངའི་གླེང་མོལ། ༤༢༠༦༠༡༥༡༩
གསལ་བཤད། སྐད་ཆ་འདི་རྣམས་ཐོག་མར་ཁྱེད་ཀྱི་བསམ་འཆར་འབྲི་སའི་ནང་འགོད་འདོད་ཡོད་མོད། ཇི་ལྟར་བྱས་ཀྱང་དེར་བཀོད་མ་ཐུབ་པས་ཟིན་བྲིས་སུ་བཀོད་པ་ཡིན། གལ་སྲིད་སྐད་ཡིག་དྲ་ཚིགས་ལ་གནོད་སྐྱོན་འབྱུང་དོགས་ན་ཐད་ཀར་བསུབ་རོགས།
དེང་སང་”ལྷམ་གཞུས་ངོ་རྒོལ”(shoeprotest)་དར་བའི་སྐབས་དང་བསྟུན་ནས་། འབྱུང་པོ་གདོན་འདྲེས་བརྒྱུད་བརླམས་པ་ཁྱོད་ཀྱིས་ཀྱང་”ལྷམ་ཀོག་”ཅེས་པའི་གསང་མིང་ཞིག་བཏཊ་ནས་བཙན་བྱོལ་བོད་མི་དབུ་འོག་ཡོངས་ལ་ངན་སྨྲས་བྱེད་ཅིང་རྒྱ་ཇག་ལ་ཞར་ལ་བསྟོད་པ་ནི་རང་གི་ཁུ་ཚུར་རང་ལ་བསྣུན་པ་ཞིག་ལས་མ་འདས་པས་སྡུག་ལྷམ་དྲི་ངན་ཅན་དེ་ཁྱོད་རང་གི་བསྙས་འོག་ཏུ་བསྣན་ཏེ་ཉོལ་ནས་སྡོད་ཅིག །
དྲ་གྲོགས་ལྷམ་གོག་ལགས་སུ་བཤད་འདོད་པ་ནི། ཐོག་མར་ཁྱེད་ཀྱི་ཞུམ་
ངས་རྩོམ་ཡིག་ཧྲིལ་བོ་ཀློག་མེད། རྒྱུ་མཚན་རྩོམ་ཡིག་འདིའི་མགོ་ནས་བཟུང་གནས་ལུགས་དང་དྲང་བདེན་གྱིས་ཕོངས་འདུག་པས་ཡིན། གལ་སྲིད་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ནག་ཉེས་ཤིག་ཐེར་འདོན་བྱ་འདོད་པ་ཡིན་ན། ཐེར་འདོན་བྱེད་སྟངས་དེ་འདྲ་མ་རེད། བཙན་བྱོལ་བོད་གཞུང་ལ་སྐྱོན་ཡོད་ལ་བཟང་ཡང་ཡོད་མོད་ཀྱང་། ལྷམ་ཀོག་གིས་བརྗོད་བཞིན་པའི་སྐད་ཆ་དེ་འདྲ་ཞིག་གཏན་ནས་མ་རེད། ལྷམ་ཀོག་ལགས། ཁྱེད་རང་གཞིས་བཞུགས་པ་ཞིག་གི་ཁ་ནས་སྐད་ཆ་འདི་ལྟ་བུ་ལས་ཐོས་རྒྱུ་མེད་སྟབས་ངོ་མ་སེམས་སྐྱོ་གི བཙན་བྱོལ་སྤྱི་ཚོགས་བཟང་ན་ངན་ན་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་ཐུབ་ཀྱི་ཡད་པ་རེད་ལ། ད་ལྟ་རྒྱ་ནག་ཀྱང་ཨུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་ཏེ། དུས་ནས་དུས་སུ་བཙན་བྱོལ་བོད་གཞུང་དང་དེའི་དབུ་ཁྲིད་དམ་པ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་བྱེད་དང་བྱེད་མོས་རེད། དེའི་སྟེང་དུ་ཁྱོད་ལྟ་བུའི་གདོན་ཕྲུག་ཅིག་གིས་བསྐུར་འདེབས་ཀྱང་བབ་ཡོང་བསམ་བསམ་མ་བྱུང་ལགས།
དེ་རིང་ངས་རོང་བོ་དགེ་འདུན་ལྷུན་འགྲུབ་ཟེར་བའི་གདོན་ཕྲུག་ཁྱོད་ཀྱི་ད་བར་བོད་དོན་ཆེད་བསྒྲུབ་བཞག་པའི་བྱས་རྗེས་དང་བྱས་ཉེས་ལ་བརྟག་སྐབས། བྱས་རྗེས་ཁབ་སྐུད་ཙམ་བགྲེང་རྒྱུ་མེད་ཐོག ད་བར་བོད་གཞིས་བྱེས་གཉིས་ཀྱི་མགོ་༸གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ནས། དམའ་བ་རྒྱ་སྲང་གི་སྤྲང་བོ་ཚུན་ཆད་ལ་སྡིག་ར་བྱས་པ་ཙམ་དང་། གུང་ཁྲན་གྱིས་ཀྱང་ཆོས་ལུགས་དད་དང་མ་དད་པ་ལ་རང་དབང་སྟེར་གྱི་འདུག་ཟེར་བའི་ངོ་དགའ་སྤྲེལ་ལད་ཀྱི་སྡར་གཏམ་རེ་ལས་ཅང་མི་འདུག
གུང་ཁྲན་གྱིས་ཁྱོད་ལྟ་བུའི་ངོ་བཙོང་མཁན་རང་རང་བཙོང་། རྒྱལ་ཁབ་བཙོང་མཁན་ལ་ཆོས་ལུགས་དད་དང་མ་དད་ཀྱི་རང་དབང་སྟེར་ན་མ་གཏོགས། ས་སྟེང་གི་ས་རྡོ་ཆུ་བྲག་ཡན་གྱིས་ཤེས་ཤིང་རྟོགས་པའི་བདེན་དོན་ནི་དེ་ལྟ་བུ་ཞིག་མ་རེད་ལགས།
ད་དུང་བཤད་རྒྱུ་མང་མོད། ཁྱོད་ལྟ་བུའི་གདོན་ཕྲུག་ཅིག་ལ་བསམ་ཚུལ་བརྗོད་པ་ནི་རང་གི་ལག་པ་ན་བྱེད་དང་སེམས་ཁམས་དཀྲུགས་པའི་རྒྱུ་ཁོ་ན་ཙམ་དུ་ཟད་པས་འདི་ཙམ་གྱིས་འཐུས་པར་བྱས་སོ། །
གོང་གི་ལྷམ་ཀོག་དེ་བོད་ཀྱི་ལྷམ་ཀོག་ཞིག་ཡིན་མིན་མི་ཤེས་མོད ། བོད་ཀྱི་ལྷམ་ཀོག་ཞིག་ཡིན་ན་ཁོའི་འདོད་ཚུལ་དེ་སྐུ་ཞབས་ཞོགས་དུང་གི་འདོད་ཚུལ་དང་འདྲ་སེ་འདུག། འདིར་ང་ཚོ་དམངས་གཙོའི་ལམ་བུ་ཞིག་སྙེགས་བཞིན་ཡོད་པས་ཉིད་ཀྱི་འདོད་ཚུལ་སྤེལ་བར་ཐུགས་རྗེ་ཆེ་ཞུ་བ་ཡིན ། དགག་བཞག་ནི་ཡོངས་ཤས་ཆེ་འདི་གླེང་སྟེགས་འདི་ཡང་རང་དབང་གི་གླེང་ཞིག་རེད ། ཁྱོད་ལ་སྨྲ་བརྗོད་ཀྱི་རང་དབང་ཡོད་ལ་གུང་ཁྲན་བཞིན་བཀག་འགོག་མེད ། འོན་ཀྱང་བོད་པ་ཚང་གི་ནོར་བུ་གཅིག་པུ་ལ་ངན་བཤད་བྱས་ན་རང་ཉིད་བོད་ཀྱི་སྤྱི་ཚོགས་ནང་དུ་གདོན་རྫས་སུ་འགྱུར་རྒྱུ་གཞན་གང་ཡང་མེད ། འདི་ཡང་བོད་སྤྱི་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་ལམ་བུ་ཞིག་ཡིན ། གཞན་ཁྱོད་ཀྱིས་ལྟ་བ་དང་ལངས་ཕྱོགས་མི་མཐུན་ས་གང་ནས་ཡང་རང་ཉིད་ཀྱི་བསམ་ཚུལ་སྤེལ་བར་དགའ་བསུ་ཞུ །
བོད་ལ་འགྲོ་མཁན་འདྲ་ཡོད་ན། རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ལ། ལྷམ་ཀོག་དེ་བརྗེ་བོ་རྒྱག་རོགས་ཞེས་བསྐུར་ཅིག་བཤད་རོགས།
རོང་བོ་དགེ་འདུན་ལྷུན་གྲུབ་ཡང་རྩོམ་འབྲི་བ་རྙིང་བ་རེད། ལྷམ་ཀོག་དེ་ཡང་ཏན་ཏན་རྙིང་བ་ཆགས་ཡོད་པ་འདྲ།
ཁྱེད་རང་ལྟ་ལོག་པ་མ་རེད་། ཁྱེད་ཀྱིས་ལྷམ་ཀོག་གྱོན་སྟངས་ཅུང་ཙམ་ནོར་འདུག