མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་དགེ་ལུཌ་ལོ་རྒྱུས་ཆེན་མོ་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

གསེར་རྟ་ཆོས་དབྱིངས། ནོར་གླིང་།

སྤྱི་ལོ་ ༢༠༠༩ ཟླ་ ༣ པའི་ཚེས་ ༢༠ ཉིན་ཨ་རིའི་གློག་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དུ་མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བའི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ཀྱིས་མདོ་སྨད་ན་དགོན་སྡེ་ ༡༤༦༠ ཡོད་པ་ཆ་ཚང་དགེ་ལུགས་པའི་གདན་ས་དྲུག་དང་འབྲེལ་བ་མེད་པ་གཅིག་ཀྱང་མེད་ཚུལ་དང་། དེ་བཞིན་འཇམ་བཞེད་འཇིགས་མེད་དབང་པོ་ནི་མདོ་སྨད་བསྟན་པའི་བདག་པོ་ཞེས་བཤད་ན་ཆོག་གི་རེད་ཅེས་བཤད་སོང་བ་དེ་ནི་ཧ་ཅང་ཧམ་པ་ཆེ་བའི་གཏམ་ཞིག་རེད། སྐད་ཆ་དེས་ནི་མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བའི་ནང་དོན་གང་ཡིན་ཡང་ཕལ་ཆེར་ཤེས་ཐུབ་པ་དང་། ཁོ་བོས་བྲིས་པའི་མདོ་སྨད་ཀྱི་ས་ཁོངས་སུ་ཡོད་པའི་དགེ་ལུགས་པ་མ་གཏོགས་པའི་ཆོས་བརྒྱུད་གཞན་པ་ཁག་གི་ལོ་རྒྱུས་ནག་སུབ་གཏོང་གི་ཡོད་པ་དེ་ནི་རྒྱ་ནག་གི་སྲིད་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བརྗོད་བྱེད་བཞིན་ཡོད་པའི་སྲིད་བྱུས་དེ་ཁོ་པས་བོད་ནང་ཁུལ་ལ་བེད་སྤྱོད་བྱས་པ་ཞིག་རེད། གཞན་ཡང་མདོ་སྨད་ཀྱི་ཁོངས་སུ་ཡོད་པའི་རྙིང་མ། ས་སྐྱ། བཀའ་བརྒྱུད། ཇོ་ནང་། གཡང་དྲུང་བོན་དང་བཅས་པའི་ཆོས་རྒྱུད་ཁག་ནི་སོ་སོའི་དགོན་སྡེ་ཁག་གི་ཆོས་འབྱུང་ལོ་རྒྱུས་ཙམ་ཡང་སྨྲ་མི་ཤེས་པའི་བླུན་པོ་ཤ་སྟག་ཡིན་སྙམ་པའི་བརྙས་བཅོས་ཚད་ལས་བརྒལ་བ་ཞིག་བྱས་ཡོད་པ་དེ་ཤེས་དགོས་པ་རེད། དེ་ཡང་མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བ་དེ་མདོ་སྨད་སྤྱི་ཁྱབ་ཀྱི་ལོ་རྒྱུས་ཡིན་ནམ་མདོ་སྨད་དུ་ཡོད་པའི་དགེ་ལུགས་པའི་ལོ་རྒྱུས་དམིགས་བསལ་བ་ཞིག་ཡིན། མདོ་སྨད་སྤྱི་ཁྱབ་ཀྱི་ལོ་རྒྱུས་ཡིན་ཚེ་མདོ་སྨད་ཀྱི་ཁོངས་གཏོགས་ས་དགེ་བཀའ་རྙིང་གཡང་དྲུང་བོན་དང་བཅས་པའི་སོ་སོའི་ཆོས་འབྱུང་ལོ་རྒྱུས་ནང་གང་ཡོད་པ་དེ་དྲང་པོར་བཤད་དགོས་ཀྱི་ཡོད་པ་ལས་དགེ་ལུགས་པའི་ལོ་རྒྱུས་གཅིག་པུ་བྲིས་ནས་མདོ་སྨད་ལོ་རྒྱུས་ཆེན་མོའི་མིང་བཏགས་ན་འགྲིག་གི་མ་རེད་ཟེར་གྱི་ཡོད། ཁོ་པའི་ལོ་རྒྱུས་དེར་དབལ་ཤུལ་གསེར་རྟའི་ལུང་པ་ཡང་མདོ་སྨད་ཀྱི་ཁོངས་སུ་བྲིས་ཡོད་པར་གོ་ཐོས་བྱུང་། ཁོ་པའི་ལོ་རྒྱུས་དངོས་སུ་མ་མཐོང་ལ་ངས་འདིར་གསེར་རྟ་མདོ་སྟོད་སྨད་གང་ཡིན་གླེང་གི་མེད། ཡིན་ན་ཡང་གསེར་རྟའི་ལོ་རྒྱུས་དྲང་པོར་མ་བཤད་ན་དེ་འགྲིག་གི་མ་རེད་ཟེར་གྱི་ཡོད། དབལ་ཤུལ་གསེར་རྟའི་ས་ཁོངས་སུ་སྤྱི་ལོ་ ༡༩༥༩ ལོ་ཡན་ཆད་ནས་ཡོད་བསྡད་པའི་དགོན་སྡེ་སུམ་ཅུ་ལྷག་ཡོད་པ་ཆ་ཚང་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་གཙང་མ་གཙང་རྐྱང་དེའི་ནང་ནས་དགོན་སྡེ་མང་ཆེ་བ་རྙིང་མའི་གདན་ས་དྲུག་གི་ནང་ཚན་རྒྱལ་བ་དབལ་ཡུལ་ཚང་གི་དགོན་ལག་ཤ་སྟག་ཡིན་པ་ལས་དགེ་ལུགས་པའི་གདན་ས་དྲུག་སུ་ལ་ཡང་འབྲེལ་བ་མེད་པར་དགོན་པ་སོ་སོའི་ཆོས་འབྱུང་ལོ་རྒྱུས་ཀྱི་སྟེང་ནས་ངོ་སྤྲོད་བྱེད་ཐུབ། དེ་བཞིན་དགོན་སྡེ་དེ་དག་གི་དགེ་འདུན་པ་ལ་མཚོན་ན་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་སྟོད་ན་རྡོ་བྲག་དང་སྨིན་གླིང་། བར་ན་རྫོགས་ཆེན་དང་ཞེ་ཆེན། སྨད་ན་ཀཿཐོག་དང་དབལ་ཡུལ་ཏེ་སྔ་འགྱུར་རྙིང་མའི་གདན་ས་དྲུག་ཏུ་ཐོས་བསམ་སློབ་གཉེར་ལ་ཕེབས་ཀྱི་ཡོད་པ་ལས་དགེ་ལུགས་པའི་གདན་ས་ཁག་དང་འབྲེལ་བ་གང་ཡང་མེད། དེ་བཞིན་མགོ་ལོག རྒྱལ་རོང་། རེབ་གོང་སོགས་མདོ་སྨད་ཀྱི་ཁོངས་སུ་ཡོད་པའི་རྙིང་དགོན་ཕལ་ཆེ་བའི་ལོ་རྒྱུས་ཀྱང་འདི་དང་གཅིག་མཚུངས་དགེ་ལུགས་པའི་གདན་ས་དྲུག་དང་འབྲེལ་བ་གང་ཡང་མེད་ཅེས་ཤོད་ཀྱི་ཡོད་པ་འདི་རི་བོ་དགེ་ལུགས་པ་ལ་མ་དད་པ་དང་ཆོས་ལུགས་ཕྱོགས་རིས་ཀྱི་སྐད་ཆ་བཤད་འདོད་ཀྱིས་བྲིས་པ་མིན་ན་ཡང་ཧོར་གཙང་འཇིགས་མེད་ར་བཟི་བའི་འཆལ་གཏམ་དེར་དྲང་བདེན་གྱི་ལན་འདེབས་ཤིག་མ་བྱས་ན་སྤྲེའུ་ཡན་གར་དུ་བཏང་ན་དཔའ་བོ་སྟག་གི་གོང་བར་རྒྱུག་པར་འདུག་པས་མཚོན་ཙམ་ཞིག་བྲིས་པ་ཡིན། གནད་དོན་འདི་ལ་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཡོད་མདོག་གི་གཡོ་སྒྱུའི་སྐད་ཆ་ཞིག་ཤོད་ཀྱི་ཡིན་ན་དེ་ནི་བོད་དབུས་གཙང་གི་ཆོས་ལུགས་རིས་མེད་ཀྱི་ཐོག་ནས་བཤད་ན་འགྲིག་གི་ཡོད་པ་ལས་ཡིན་གཅིག་མིན་གཅིག་དགེ་ལུགས་པའི་གདན་ས་དྲུག་ཁོ་ན་དང་འབྲེལ་བ་ཡོད་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད། ད་དུང་རྒྱས་པར་རྗེས་ནས་གླེང་བར་བྱ་བས་རེ་ཞིག་སྒུག་ཨང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

ཆུ་ཚོད་ ༡༠ སྔོན་ལ།
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠

མཆན། 36

  1. lobsang says:
    ལོ་ 16 སྔོན།

    ནོར་བཅོས། ཧོར་འདུལ་གསོལ་འདེབས་གང་མང་གསོག་བསྒྲུབ་བྱེད་རྒྱུ་ལས་ཞེས་བཅོས་དགོས།

    Reply
  2. lobsang says:
    ལོ་ 16 སྔོན།

    ཨ་རོགས་ཚོ། ད་དེའི་སྐོར་གླེང་མ་གླེང་ཡོད་ནི་མ་རེད་ཡ། ཁོས་ལོ་རྒྱུས་ཅིག་བྲིས་ན་ཡང་མཇུག་འབྲས་རྙོག་དྲ་ཞིག་མི་མི་འདུག་ག ཁོ་ལ་མྱི་ཟེར་ནི་ཞིག་ཡོད་པ་མ་རེད། ཁོས་ནམ་རྒྱུན་རྙོག་དྲ་ཞིག་སློང་ནས་བསྡད་ཡོད། ཚང་མས་ཤེས་གསལ་ལྟར་རེད། ངས་བཤད་དགོས་ནི་མ་རེད། ཁོས་ལོ་རྒྱུས་ཚང་མ་རྫུན་བཟོ་བྱས་འདུག་ག ད་ཚང་མས་གཟབ་གཟབ་མ་བྱས་ན་ང་ཚོའི་ལོ་རྒྱུས་དེ་ཚོ་རྡོ་རྗེ་གཅོད་པ་ལོག་ཉེན་འདུག་ད། ཁོ་དེ་འདྲ་ཞིག་ལོས་ཡིན། ཁོ་མ་རྒན་མ་ཡང་སྐྱེས་དམན་ལ་སྐྲག་ནས་ནང་ལ་ཁྲིད་མི་ཕོད་མཁན་དེ་རེད་པ། སྙིང་རྗེ། ཡོན་ཏན་ཅུང་ཞིག་ཡོད་ན་ཡང་བེད་སྤྱོད་ཡག་པོ་བཏང་མི་ཤེས་པ་དེ་ག་རེ་ཡིན་ནམ།

    Reply
  3. ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    ཧོར་འཇིགས་ཀྱི་དེབ་དེར་དཀའ་ལསཆེན་པོ་རྒབ་ཡོད་པ་དང་། ལས་གཞི་གལ་ཆེན་ཡིན་པ་བདེན་པ་རེད། ང་ཚོས་ཡ་ཡོ་མེད་པའི་གདེངས་འཇོག་ཅིག་བྱེད་དགོས། ཡིན་ན་ཡང་། ད་ལྟ་ནས་གླེང་སློང་བྱས་པ་དེས་ཁོང་དང་ཁོང་གི་བརྩམ་ཆོས་ལ་ཤེས་རྟོགས་དང་དོ་སྣང་གི་མཐུན་རྐྱེན་ལྟ་བུ་རེད། དོན་དངོས་མ་མཁྱོགས་པར་སྨོན།
    དོན་དག་གཞན་ཞིག་ནི་ཟླ་འགའི་སྔོན་ངས་ལྡི་ལིའི་ཨར་ཆ་ན་པར་ཁང་དུ་སྐུ་ཞབས་ཁོང་གིས་དེབ་དུག་ཀ་ཤོག་སྒམ་ཞིག་ཏུ་བསྣམས་ནས་ཐ་མའི་དག་བཅོས་ཆེད་སླེབས་ཀྱི་འདུག ཡིན་ན་ཡང་དེབ་ཆ་ཚང་ཚར་ཁ་ཤས་བཟོས་ཟིན་པར་མ་ཟད་ཁོས་གོང་ས་མཆོག་དང་ཆ་ལ་དེབ་དྲུག་ཀ་ཅོག་ཙེ་ཞིག་དུ་བཤམས་ཏེ་པར་གཏབ་འདུག་པ་ངས་དངོས་སུ་མཐོང་བྱུང་། དེ་ནི་འབྱུང་འགྱུར་ལོ་རྒྱུུས་ཆེན་མོའི་མདུན་ཤོག་ནང་མའི་ཆེད་དུ་ཡིན་ངེས།
    གནས་སྐབས་དེ་ཡིན།

    Reply
  4. བསེ་རུ། says:
    ལོ་ 16 སྔོན།

    མི་ངན་པའི་ཁ་ལ་ཉན་རྒྱུ་མེད། །རང་ངན་པར་འགྱུར་ལ་ཐེ་ཚོམ་མེད། །
    ཨ་རོགས་ཚོ། སྟོང་བཤད་མ་རྒྱག

    Reply
  5. ཨརྱ། says:
    ལོ་ 16 སྔོན།

    གསེར་རྟ་ཆོས་དབྱངས་ཀྱིས་ཅི་ཞིག་བཤད་རྩིས་ཡིན་མི་ཤེས་གི་ཕལ་ཆེར་འདི་ལའང་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་ངན་པ་དེའི་དྲི་བྲོ་བ་འདྲ། ཁོས་གསེར་རྟ་མདོ་སྨད་མིན་པ་འདྲ་ཞིག་བཤད་ནས་ཡང་བསྐྱར་གསེར་རྟའི་དགོན་པ་ཡོངས་རྙིང་མ་ཡིན་རབས་དང་དེ་དག་ལ་ཀུན་མཁྱེན་གཉིས་པས་མ་ཁྱབ་པས་ན་ཀུན་མཁྱེན་མདོ་སྨད་བསྟན་པའི་བདག་པོ་མིན་པར་བསྒྲུབས་འདུག་ལ་འདིར་ཧམ་བཤད་ཀྱི་ཆ་ཡང་ཅུང་ཙམ་འདུག་སྟེ་གསེར་རྟའི་སེ་ར་དགོན་པ་དགེ་ལུགས་མིན་ནམ་ཡང་ན་གསེར་རྟའི་ཁོངས་མིན། སྤྱིར་ཧོར་འཇིགས་ཀྱིས་ཏེ་ལྟར་བཤད་པ་སྤྱིར་བཏང་ལས་མཐའ་བཟུང་བ་དེ་འདྲའང་རེད་དམ། གཞན་ཁ་བ་དཀར་པོས་ཤར་ཕྱོགས་ཨ་མདོའི་ས་ཆ་དེ་བོད་གཞུང་གི་མངའ་ཁོངས་ཡིན་ཚུལ་དེ་ཨེ་ཇེབ་ཀྱི་མཆོད་རྟེན་ཟུར་གསུམ་དེ་ལ་དཔེ་བླངས་ནས་བརྗོད་སོང་ཟེར་བ་དེའང་ཧོར་འཇིགས་ཀྱིས་མདོ་སྨད་བོད་གཞུང་གི་མངའ་ཁོངས་ཡིན་པའི་དཔེར་བཞག་པ་རེད་དམ་མདོ་སྨད་ལ་དགའ་ལྡན་ཕོ་བྲང་གིས་དབང་ཤུགས་ཅི་ཙམ་ཁྱབ་པའི་དཔེར་བཞག་པ་རེད་ཡག་པོ་ཉན་དགོས་འདུག་ལ་ད་དུང་དཔེ་ཆ་དངོས་སུ་མཐོང་དུས་སྐད་ཆ་བཤད་ན་འོས་འཚམས་རེད་འདོད། གཞན་ཁ་ཤས་ཤིག་གིས་ཧོར་འཇིགས་ཀྱི་མི་གཞི་ངན་རབས་དང་ཁོ་ལ་བྱས་ཉེས་མང་རབས་བཤད་འདུག་པ་འདི་དག་གིས་ཅི་ཞིག་བཤད་རྩིས་ཐེ་ཚོམ་ལས་སྐབས་དོན་དང་འབྲེལ་བ་ཞིག་འདུག་གམ། གལ་སྲིད་དེ་དག་ལ་འབྲེལ་བ་ཞིག་ཡོད་རྩིས་བྱེད་ན་ང་ཚོ་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་སོང་བ་མིན་ནམ། ཡང་བཤད་སྟངས་གཞན་ཞིག་བྱས་ན་ང་ཚོ་དོན་དངོས་ལ་གཞོལ་མ་ཐུབ་པ་མིན་ནམ། དོན་དངོས་ལས་ཕྱོགས་རེས་ཞེན་ཁོག་གི་སྐད་ཆ་འདི་དག་ང་ཚོའི་ཁོར་ཡུག་འདིར་ཡོང་ས་མེད་ན་བཟང་གི

    Reply
  6. ཨརྱ། says:
    ལོ་ 16 སྔོན།

    གསེར་རྟ་ཆོས་དབྱངས་ཀྱིས་ཅི་ཞིག་བཤད་རྩིས་ཡིན་མི་ཤེས་གི་ཕལ་ཆེར་འདི་ལའང་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་ངན་པ་དེའི་དྲི་བྲོ་བ་འདྲ། ཁོས་གསེར་རྟ་མདོ་སྨད་མིན་པ་འདྲ་ཞིག་བཤད་ནས་ཡང་བསྐྱར་གསེར་རྟའི་དགོན་པ་ཡོངས་རྙིང་མ་ཡིན་རབས་དང་དེ་དག་ལ་ཀུན་མཁྱེན་གཉིས་པས་མ་ཁྱབ་པས་ན་ཀུན་མཁྱེན་མདོ་སྨད་བསྟན་པའི་བདག་པོ་མིན་པར་བསྒྲུབས་འདུག་ལ་འདིར་ཧམ་བཤད་ཀྱི་ཆ་ཡང་ཅུང་ཙམ་འདུག་སྟེ་གསེར་རྟའི་སེ་ར་དགོན་པ་དགེ་ལུགས་མིན་ནམ་ཡང་ན་གསེར་རྟའི་ཁོངས་མིན། སྤྱིར་ཧོར་འཇིགས་ཀྱིས་ཏེ་ལྟར་བཤད་པ་སྤྱིར་བཏང་ལས་མཐའ་བཟུང་བ་དེ་འདྲའང་རེད་དམ། གཞན་ཁ་བ་དཀར་པོས་ཤར་ཕྱོགས་ཨ་མདོའི་ས་ཆ་དེ་བོད་གཞུང་གི་མངའ་ཁོངས་ཡིན་ཚུལ་དེ་ཨེ་ཇེབ་ཀྱི་མཆོད་རྟེན་ཟུར་གསུམ་དེ་ལ་དཔེ་བླངས་ནས་བརྗོད་སོང་ཟེར་བ་དེའང་ཧོར་འཇིགས་ཀྱིས་མདོ་སྨད་བོད་གཞུང་གི་མངའ་ཁོངས་ཡིན་པའི་དཔེར་བཞག་པ་རེད་དམ་མདོ་སྨད་ལ་དགའ་ལྡན་ཕོ་བྲང་གིས་དབང་ཤུགས་ཅི་ཙམ་ཁྱབ་པའི་དཔེར་བཞག་པ་རེད་ཡག་པོ་ཉན་དགོས་འདུག་ལ་ད་དུང་དཔེ་ཆ་དངོས་སུ་མཐོང་དུས་སྐད་ཆ་བཤད་ན་འོས་འཚམས་རེད་འདོད། གཞན་ཁ་ཤས་ཤིག་གིས་ཧོར་འཇིགས་ཀྱི་མི་གཞི་ངན་རབས་དང་ཁོ་ལ་བྱས་ཉེས་མང་རབས་བཤད་འདུག་པ་འདི་དག་གིས་ཅི་ཞིག་བཤད་རྩིས་ཐེ་ཚོམ་ལས་སྐབས་དོན་དང་འབྲེལ་བ་ཞིག་འདུག་གམ། གལ་སྲིད་དེ་དག་ལ་འབྲེལ་བ་ཞིག་ཡོད་རྩིས་བྱེད་ན་ང་ཚོ་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་སོང་བ་མིན་ནམ། ཡང་བཤད་སྟངས་གཞན་ཞིག་བྱས་ན་ང་ཚོ་དོན་དངོས་ལ་གཞོལ་མ་ཐུབ་པ་མིན་ནམ། དོན་དངོས་ལས་ཕྱོགས་རེས་ཞེན་ཁོག་གི་སྐད་ཆ་འདི་དག་ང་ཚོའི་ཁོར་ཡུག་འདིར་ཡོང་ས་མེད་ན་བཟང་གི

    Reply
  7. མིག་གསུམ་པ། says:
    ལོ་ 16 སྔོན།

    ཨ་རོགས་ཚོ། བསམ་བློ་་ཞིབ་ཏུ་བཏང་ན་གསེར་རྟ་ཆོས་དབྱིངས་ལའང་རྒྱུ་མཚན་ཞིག་བཤད་རྒྱུ་མེད་ན་ཆང་མ་འཐུང་གོང་ལ་ར་བཟི་བའི་ཉམས་ཤིག་ཐོན་དོན་མི་འདུག་ག མདོ་སྨད་ལོ་རྒྱུས་ཆེན་མོ་བཀྲམས་ཡོད་མེད་ལ་མ་ལྟོས་པར་གལ་སྲིད་ཁོང་དངོས་སུ་དྲ་ཐོག་འདིར་ཕེབས་ཡོད་ན་ང་ཚོས་ཁོང་དང་མཉམ་དུ་རྩོད་གླེང་བྱས་ཀྱང་དོན་སྙིང་ཅུང་ཡོད་པ་ལས། དེ་མིན་གྱི་འུར་ཤོད་བྱས་པ་ལ་དོན་སྙིང་མི་འདུག་ག།

    Reply
  8. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    རེད་ཡ་ཨ་རོགས་ཚོ་འུར་མ་རྒྱག་འུར་མ་རྒྱག་ཅུང་ཙམ་སྒུགས་དང་ཉིན་ཤས་རྗེས་ནས་ཁྱོད་ཚོའི་མིག་མདུན་དུ་ཧོར་འཇིགས་ཀྱི་པོད་ཏི་དྲུག་དེ་བཤམས་རྒྱུ་རེད་དེ་དུས་ས་བཤར་ན་རྡོ་ལྷང་ལ་འབུད་ཀྱིས་རེད །

    Reply
  9. ཨརྱ། says:
    ལོ་ 16 སྔོན།

    སྤྱིར་བཏང་དམིགས་ཀྱིས་བསལ་བ་དག །བསྟན་བཅོས་ཀུན་ལ་རབ་ཏུ་གཅེས། །ཞེས་དང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་སོགས་བརླབས་ཆེ་བའི་རྟོན་བཞིའི་རྣམ་བཞག་ཅིག་གྱང་ང་ཚོར་བསྟན་ཡོད་པ་མ་ཡིན་ནམ། དཔྡད་བརྗོད་ངོ་མ་རེ་བྱེད་འདོད་ཡོད་ན་ཧོར་འཇིགས་ཀྱི་མི་གཞི་མདོ་སྨད་ལོ་སྒྱུས་གཉིས་གཏན་ནས་སྦྱར་དགོས་དོན་མི་འདུག

    Reply
  10. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    ང་ཚོས་བྱ་བ་ལེགས་ཉེས་གང་ཡིན་ཀྱང་བརྟག་དཔྱད་བཏང་རྒྱུར་གལ་ཆེན་རེད།བྱ་བ་རྩོམ་མཁན་ཆེན་པོ་དང་ཉེར་པོར་ཡིན་པའི་རྒྱུ་མཚན་དུ་བྱས་ནས་གང་བཤད་འཐད་ལྡན་དུ་ཁས་ལེན་རྒྱུ་མེད།དེས་ན་ཆོས་དབྱིངས་ཀྱིས་དཔྱད་རྕོམ་སྤེས་བར་སྔར་མི་འདུག་སྟེ།ཁོས་ལོ་རྟྱུས་ཆེན་པོ་བཀླགས་མ་ཟིན་ཡང་།ཧོར་འཇིགས་ཀྱིས་བརྙན་འཕྲིན་ལས་བཤད་པའི་སྐད་ཆ་དག་གསལ་པོ་གོ་ཡོད་པས་དཔྱད་གཏམ་སྤེལ་པར་འོས་འཚམས་སུ་མཐོང་།

    Reply
  11. ཨ་བྱམས་རྒྱལ says:
    ལོ་ 16 སྔོན།

    དེབ་དེ་ཚོ་མི་མང་གིས་གང་ལ་གང་མཚམ་བལྟས་ཚར་བའི་རྗེས་ལ་བསམ་ཚུལ་བཏོན་ན་དོན་སྙིང་མི་འདུག་གམ། དེབ་དེ་བཟང་ངན་གང་ཞིག་ཡིན་ཀྱང་མི་མང་གིས་ལྟ་དགོས་པ་གལ་ཆེན་རེད་འདོད།

    Reply
  12. ཨ་བྱམས་རྒྱལ says:
    ལོ་ 16 སྔོན།

    ཆོས་དབྱངས་ལགས་ལ། དེ་འདྲའི་བྲེལ་བ་ཞིག་ཡོད་པ་ནི་ཅི་ཞིག་ཡིན་མིན་བརྟགས་དགོས་པ་འདྲ། དེབ་དེ་ཁོང་གིས་མ་ཀློག་པར་འདི་ལྟར་འབྲི་དགོས་པ་ནི་ཡ་མཚན་ཞིག་རེད་འདོད།

    Reply
  13. གངས་ཕྲུག says:
    ལོ་ 16 སྔོན།

    དགོངས་དག དམིགས་བསལ་ཞིག

    Reply
  14. གངས་ཕྲུག says:
    ལོ་ 16 སྔོན།

    དུས་བབ་ལས་སྣེ་རྣམས་ལ་རེ་བ་ཞུ་རྒྱུར། རྗེས་མར་ཧོར་འཇིཊ་ཚང་གི་དེབ་སྤྱི་ཚོགས་ནང་བཀྲམས་རྗེས་དྲྭ་གྲོགས་ཚོ་ཚོགས་སའི་རྩོད་རྭ་དམིགས་གསལ་ཞིག་ངེས་པར་དུ་བསྐྲུན་རོགས་གནང་།

    Reply
  15. དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    ཐོག་མ་ཁྱེད་རྣམས་པ་ཚོས་ཧོར་གཙང་འཇིགས་མེད་ལགས་ཀྱིས་རྩོམ་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བ་དེ་ཡག་པོ་ཞིག་ཀློག དེ་ནས་དགག་སྒྲུབ་རེ་མཛད་ན་ཤིན་ཏུ་ལེགས། དེ་མ་གཏོགས་ཡིན་ས་རེད། བསམ་གྱི་འདུག མི་ཚོས་དེ་འདྲ་ཟེར་གྱི་འདུག ཞེས་བསམ་ཚད་འཕངས་མ་ཡོང་རོགས།
    ༸གོང་ས་མཆོག་གིས་ཧོར་གཙང་འཇིགས་མེད་ལགས་དམིགས་གསལ་ལོ་རྒྱུས་དེའི་ཆེད་དུ་བཏང་ཡོད་པ་འདྲ། དེ་འདྲ་ཡིན་དུས། ཧོར་གཙང་འཇིགས་མེད་ལགས་ཀྱིས་མ་རང་པ་ལོ་རྒྱུས་ཞིག་བྲིས་ཡོད་རྒྱུ་ནམ་ཡང་བསམ་གྱི་མི་འདུག

    Reply
  16. Tenpa Nyima says:
    ལོ་ 16 སྔོན།

    བློ་གྲོས་རྒྱལ་མཚན་ལགས་ཁྱེད་ཀྱིས་གསུངས་པ་དེ་བདེན་པ་ཡིན་མོད། དངོས་ཡོད་གནས་ཚུལ་བཤད་སྐབས་དང་སྙན་ངག་གིས་བརྒྱན་པའི་བསྟོད་པ་ཅུང་མི་འདྲ་ཡང་འགལ་བར་ཡང་མ་མཐོང་ངོ༌། སྤྱིར་ཕ་རོལ་བ་ཞིག་དགག་པ་ལ་དང་བོ་དགག་བྱའི་གཞི་དེར་གོ་བ་དཔྱིས་ཕྱིན་པ་ཞིག་ངེས་པར་དུ་ལེན་དགོས། འཇམ་བཞད་མདོ་སྨད་བསྟན་པའི་བདག་པོ་ཟེར་ན་ཞེས་པའི་ན་དེ་ཡང་དགག་ཚིག་ཡིན་པས། ཁོང་གཅིག་པུ་མདོ་སྨད་བསྟནཔའི་བདག་པོ་མ་ཡིན་པར་གཞན་ཡོད་པ་གསལ་བོ་ཤེས་ཐུབ། ང་གློག་ཀླད་ལ་བོད་ཡིག་གི་གོམས་འདྲིས་ཞན་སྟབས་ཚིག་ཁ་ཤས་ཤིག་འབྲི་བ་ལའང་ཡུན་རིང་འགོར་གྱིས་འདུག ད་ཁ་དྲོ་བཀྲ་ཤིས།

    Reply
  17. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཁ་སངས་པོར་བཤད་ན་འདི་འདྲ་རེད། ཧོར་གཙང་འཇིགས་མེད་ཀྱི་དྲང་བདེན་གྱི་བསླུས་པའི་སློང་མོ་བའི་ནང་དུ་དགེ་ཆོས་ཀྱི་འདོད་པའི་བསྟན་བཅོས་འདི་སྔགས་ཉམས་ལེན་དང་འབྲེལ་ཡོད་མེད་སྐོར་ལ་བདུད་འཇོམས་གདོང་ཐོག་སོགས་ཀྱིས་ཤེས་མི་འདུག་མདོག་མདོག་གི་ཟུར་ཟའི་ཚིག་ཁ་ཤས་ཤིག་ཐོན་ཡོད་པ་རེད། དེ་བཞིན་ྐླུ་སྒྲུབ་དགོང་རྒྱན་ལ་དགག་ཡིག་འབྲི་མཁན་བརྒྱད་ཡིན་ནམ་དགུ་ཡིན་ནམ་ཅིག་བྱུང་བའི་ནང་ནས་མང་ཆེ་བ་ཨ་མདོ་བ་ཡིན་པས་མ་འགྲིགས་མདོག་མདོག་ཅིག་བཤད་འདུག དགེ་ཆོས་མདོ་སྨད་པ་ཡིན་སྟབས་ཆོལ་ཁའི་ལ་རྒྱ་བརྩི་དགོས་མདོག་མདོག་ཅིག་ཡིན་ངེས་རེད། བདུད་འཇོམས་དང་ྐླུ་དགོང་ལ་འབྲེལ་བ་གང་ཡོད་འདི་རེད་ཟེར་བ་ཞིག་མི་འདུག་མོད་ྐླུ་སྒྲུབ་དགོང་རྒྱན་གྱི་མཇུག་ཏུ་བདུད་འཇོམས་པས་ཆེ་བསྟོད་ཀྱི་ཤོ་ལོ་ཀ་ཁ་ཤས་ཤིག་བྲིས་ཡོད་པ་རེད། ངས་དོན་མེད་དུ་དམའ་འབེབས་གང་ཡང་མིན། ཁྱེད་ཚོས་ཧོར་འཇིགས་ཀྱི་དེབ་དྲང་བདེན་གྱི་བསླུས་པའི་སློང་མོ་བ་ཞེས་པ་དེ་ྐློག་དང་གསལ་པོར་ཤེས་ཀྱི་རེད། ངས་དེབ་དེ་ལོ་མང་པོའི་སྔོན་དུ་བྐླགས་སྟབས་ལམ་ཙམ་ལས་དྲན་གྱིན་མི་འདུག གཅིག་བྱས་ན་ངས་ནོར་ཡང་ཡོད་སྲིད།

    Reply
  18. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཡིག་ནོར། དགེ་ཆོས་ཀྱི་ དགེ་ཆོས་ཀྱིས་ ཅང་མོད་ ཅང་མེད་་་

    Reply
  19. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    གོང་ནས་དྲ་གྲོགས་ཤིག་གིས་ཧོར་འཇིགས་ཀྱིས་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་བདུད་འཇོམས་རིན་པོ་ཆེར་ཆང་རིན་དུ་བྲིས་པ་རེད་ཅེས་བྲིས་ཡོད་ལུགས་ཤིག་བརྗོད་པར། དགེ་ཆོས་དང་བདུད་འཇོམས་རིན་པོ་ཆེ་གཉིས་མཇལ་འཕྲད་བྱུང་ལུགས་དགེ་ཆོས་ཀྱི་ལོ་རྒྱུས་ཁོང་གི་དགེ་ཕྲུག་ཧོར་ཁང་དང་རག་ར་ལྟ་བུས་བྲིས་པའི་ནང་དུ་ཁ་གསལ་གང་ཡང་མེད་ལ། ཀླུ་དགོངས་ཟིན་བྲིས་སུ་འདེབས་པ་པོ་ནི་ཉག་རོང་ཟླ་བ་བཟང་པོ་ཡིན་པ་ཡོངས་གྲགས་རེད། ཟླ་བཟང་གིས་ཀླུ་དགོངས་ཀྱི་མཇུག་ཏུ་བདུད་འཇོམས་རིན་པོ་ཆེའི་སྐོར་ཅི་ཡང་བྲིས་མེད་པར་བལྟས་ན་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་དང་བདུད་འཇོམས་རིན་པོ་ཆེའི་ཨ་རག་གཉིས་ལ་འབྲེལ་བ་ཅང་མོད་ཚོད་རེད། ཡིན་ན་ཡང་མི་རྒན་ཤེར་རྒྱམ་མམ་གོ་འཇོ་བླ་ཆུང་གིས་ཟི་ཁྲོན་དཔར་མའི་དགེ་ཆོས་ཀྱི་རྣམ་ཐར་གྱི་མགོ་བརྗོད་དུ་འདོད་པའི་བསྟན་བཅོས་དེང་སང་ཀློག་རྒྱུ་ཡོད་པ་འདི་བདུད་འཇོམས་རིན་པོ་ཆེའི་བཀའ་དྲིན་ཡིན་ཞེས་བརྗོད་ལུགས་ལ་བརྟགས་ན། བདུད་འཇོམས་རིན་པོ་ཆེ་ཡང་དགེ་ཆོས་ཀྱི་གསུང་རྩོམ་ལ་དོ་སྣང་ཡོད་མཁན་ཞིག་ཡིན་པ་གསལ་སྟོན་བྱས་འདུག སྐབས་དེའི་རྙིང་མའི་བླ་ཆེན་ཚོའི་ཁྲོད་དུ་སྨིན་གླིང་གཅུང་རིན་པོ་ཆེ་དེ་དང་དགེ་ཆོས་ལ་འབྲེལ་བ་ཡོད་པ་དེ་ནི་ཤེར་རྒྱམ་པའི་མགོ་བརྗོད་དེའི་ནང་དུ་ཧ་ཅང་གསལ་བོ་རེད།

    Reply
  20. བློ་གྲོས་རྒྱལ་མཚན། says:
    ལོ་ 17 སྔོན།

    སྐུ་ཞབས་བསྟན་པའི་ཉི་མ་ལགས། ངས་བལྟས་ན་ད་ཐེངས་ཁྱེད་ཀྱིས་ནོར་འདུག གང་ཡིན་ཟེར་ན་སྙན་ངག་འབྲི་བའི་སྐབས་དང་། གུས་པ་བརྗོད་པའི་སྐབས། དོན་དངོས་ཐོག་གི་སྐད་ཆ་བཤད་པའི་སྐབས་རྣམས་ཆེས་མི་འདྲ་བ་རེད། འདི་དག་ས་པཎ་གྱི་སྡོམ་གསུམ་རབ་དབྱེའི་ནང་གི་གངས་རི་ཏི་སེ་དང་མ་ཕམ་གཡུ་མཚོ་གཉིས་མདོ་ལས་བཤད་པའི་རི་བོ་གངས་ཅན་དང་། མཚོ་མ་དྲོས་པ་གཉིས་ཡིན་ཡིན་དཔྱད་པའི་སྐབས་སུ་ཆེས་གསལ་བོར་གསུངས་ཡོད་པས་དེར་ལྟོས། དངོས་ཀྱི་དབང་དུ་བཏང་ན་ཡང་དཔེར་ན་ཧོར་གཙང་གིས་རང་གི་བླ་མ་ལ་ཆེ་བསྟོད་བྱེད་པའི་སྐབས་སུ་མདོ་སྨད་ཀྱི་བསྟན་པའི་བདག་པོ་ཙམ་མ་ཟད་ས་གསུམ་གྱི་བསྟན་པའི་བདག་པོ་ཞེས་བརྗོད་རུང་དེ་འགྲིག་པ་ཞིག་རེད་མོད། གསར་འགོད་པར་དོན་དངོས་ཐོག་གི་ལན་འདེབས་བྱེད་དུས་མདོ་སྨད་ཙམ་མ་ཟད་རེབ་གོང་དང་བླ་བྲང་གཉིས་ཀྱི་བསྟན་པའི་བདག་པོ་རེད་ཅེས་བརྗོད་རུང་ད་དུང་བརྟག་རྒྱུ་ཡོད་པ་ཞིག་རེད། ངས་མིག་གིས་མཐོང་བ་དང་རྣ་བས་གོ་བ་གཉིས་ནོར་མེད་ན་ཧོར་གཙང་གིས་བོད་ཆོལ་ག་གསུམ་པོ་གདན་སའི་ཁམས་ཚན་ལ་བགོས་ཡོད་ཟེར་བ་དང་། འཇམ་བཞད་མདོ་སྨད་ཀྱི་བསྟན་པའི་བདག་པོ་རེད་ཟེར་བ་དེ་གཉིས་ཀ་ཆེ་བསྟོད་བྱས་པ་ཙམ་མིན་པར་དོན་ངོ་མའི་ཐོག་ལ་དེ་ལྟར་བཤད་ཀྱི་ཡོད་པ་འདྲ་སྟེ། དཔེར་ན་དུས་བབ་གསར་འགོད་པའི་དྲིས་ལན་ལ། “བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ཀྱི་ཁྱིམ་ཚང་གཅིག་ཀྱང་མ་ལུས་པར་གདན་སའི་ཁམས་ཚན་ཁག་ཏུ་བགོ་བཤའ་བརྒྱབས་ཡོད་”ཟེར་བ་དེ་ཁོང་གི་ཚིག་ངོ་མ་རེད། དུམ་ཚན་འདི་ཐད་ཀར་པར་སློག་བྱས་ནས་འདིར་བཅུག་པ་ཡིན་པས་ངས་ཁོང་གི་ཚིག་ལ་རྐང་ལག་བཏགས་པ་དེ་འདྲ་མ་རེད། འདི་ལ་བལྟས་ན་མདོ་སྨད་ལོ་རྒྱུས་དེ་དྲང་པོ་ཞིག་བྲིས་ཨེ་ཡོད་བསམ་པའི་བློ་དོགས་ཞིག་མི་སྐྱེ་རང་སྐྱེ་མ་རེད་དམ། འོན་ཀྱང་ང་ཚོས་གླེང་སློང་བྱེད་རྒྱུ་དེ་ད་དུང་སྔ་བསྡད་ཡོད་པ་བདེན་པ་རེད།

    Reply
  21. Tenpa Nyima says:
    ལོ་ 17 སྔོན།

    ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ་ཅེས་བརྗོད་ན། ཁྱོད་ཀྱིས་དགག་པ་རྒྱག་གམ་མི་རྒྱག ངས་ཧོར་འཇིགས་ཤེས་ཀྱི་མེད་ལ་ཁོའི་རྩོམ་ཡང་མཐོང་མ་མྱོང༌། འོན་ཀྱང་མདོ་སྨད་ལོ་རྒྱུས་དྲང་བོར་བྲིས་མེད་ན་དེ་ལ་ངེས་པར་དུ་རྣམ་དཔྱོད་ཅན་རྣམས་ཀྱིས་ལུང་དང་རིག་པས་བསྒྲུབ་ནས་དགག་པ་རྒྱག་རྒྱུ་སྨོས་ཅི་དགོས།

    Reply
  22. Tenpa Nyima says:
    ལོ་ 17 སྔོན།

    གསེར་རྟ་ཆོས་དབྱིངས་ནས། འཇམ་བཞད་མདོ་སྨད་བསྟན་པའི་བདག་པོ་ཟེར་བ་ཧམ་བཤད་རེད་ཅེས་བརྗོད་པ་ནི་བླུན་པོའི་རང་མཚང་སྟོན་པ་ཅི་མི་ཡིན། གངས་ཅན་བསྟན་པའི་གསལ་བྱེད་ཟེར་ན་ཧམ་བཤད་ཡིན་ནམ། གངས་ཅན་བསྟན་པའི་གསལ་བྱེད་ཟེར་བ་ཙམ་གྱིས། བོད་གངས་ཅན་དུ་བསྟན་པ་གསལ་བར་བྱེད་པར་གང་ཟག་གཅིག་མ་གཏོགས་མེད་པར་གཏན་ནས་མི་གོའོ། མདོ་སྨད་བསྟན་པའི་བདག་པོ་ཟེར་བ་ཙམ་གྱིས་མདོ་སྨད་ཡོངས་རྫོགས་ཁོང་གི་ལུགས་ཡིན་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད། འདི་ནི་རང་གི་བླ་མར་ཆེས་བསྟོད་ཙམ་ལས་ཕྱོགས་ལྷུང་གི་གཏམ་ཞིག་མིན་པ་ངེས་པར་དུ་ཤེས་དགོས་སོ།

    Reply
  23. བསྟན་འཛིན says:
    ལོ་ 17 སྔོན།

    བསམ་ཚུལ་འདོན་མཁན་ཚོས། མདོ་སྨད་ལོ་རྒྱུས་ཆེན་མོའི་དེབ་དེ་ཚོ་མ་བཀླགས་གོང་ནས་སྡོམ་རྒྱག་རྒྱུ་འདི་འོས་པོ་མི་འདུག དང་པོ་དེབ་དེ་ཚོ་སླེབས་བཅུག གཉིས་པར་དེབ་དེ་ཚོ་བཀླགས། གསུམ་པར་བསམ་ཚུལ་སྤེལ་བ་ཡིན་ན། འཆར་ཅན་གྱི་ལོ་གསར་ལ་དམིགས་བསལ་གྱི་གསལ་བསྒྲགས་དགོས་དང་མི་དགོས་ཤེས་རྒྱུ་རེད། དེ་དུས་བུ་སྐྱེས་པ་ལ་མིང་བཏགས་ཆོག་གི་རེད། ཆང་དྲངས་པ་ལ་གཏམ་བཤད་ཆོག་གི་རེད། བདེན་ཡོད་འགྲོ་སའི་ལམ་དང༌། བདེན་མེད་གཅུར་སའི་འཕྲང་གང་ལ་འབུད་དགོས་ཀྱི་ཚོད་དེ་ནས་ཐིག་ཡོང་གི་རེད། དྲ་གྲོགས་ཚོ། གླེང་སློང་བྱས་པ་ཡག་པོ་འདུག་སྟེ། ཅུང་སྔ་དྲགས་པ་མིན་འགྲོ།

    Reply
  24. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    དེབ་རེ་གཉིས་ཤིག་པར་ཕུད་ལ་ཕུལ་ཡོད་འདུག་ཀྱང་གཞན་རྣམས་སྤྱི་ཚོགས་ཐོག་བཀྲམས་མི་འདུག པར་ཕུད་ཁག་ལས་གཞན་རྣམས་ད་ལྟ་ལྡི་ལི་པར་ཁང་ནས་རང་དུ་ལས་མཇུག་མ་བསྒྲིལ་བར་ལྷག་ཡོད་རེད།

    Reply
  25. དགའ་བ། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ། ཧོར་ཚང་གི་ཞི་ལིའི་དེབ་མ་མཐོང་བའི་གོང་དུ་སྐད་ཆ་གང་བཤད་ཀྱང་གནད་དུ་འཁེལ་བ་ཡོང་ཐུབ་ཀྱི་མ་རེད། སྤྱིར་བཏང་རྩོམ་པ་པོའི་མི་གཞི་དང་བརྩམ་ཆོས་ཀྱི་བར་ལ་འབྲེལ་བ་དམ་པོ་ཞིག་ཡོད་པར་བརྟེན། ཧོར་ཚང་གི་ལོ་རྒྱུས་ང་ཚོའི་མི་སྔར་སླེབས་སྐབས་ཡ་མཚར་བའི་ལྟད་མོ་སྣ་ཚོགས་ཡོད་རྒྱུ་རེད་བསམ་གྱི་ཡོད། ཁོས་འཇམ་བཞད་མདོ་སྨད་བསྟན་པའི་བདག་པོ་རེད་ཟེར་བ་དང་། མདོ་སྨད་ཀྱི་དགོན་སྡེ་ཡོངས་རྫོགས་དབུས་ཀྱི་གདན་ས་ཁག་ལ་འབྲེལ་ཡོད་པ་རེད་ཟེར་བ་སོགས་ཀྱི་གཏམ་གྱིས་ང་ཚོར་ཁོའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཚར་ཡོད། མ་གཞི་ཧོར་ཚང་འདི་སྟོང་ལབ་བྱེད་པར་དགའ་མཁན་ཞིག་དང་། རང་གིས་ལྔ་བཅུ་ཐམ་པ་ཤེས་ཀྱི་ཡོད་ན་ཧམ་པས་བརྒྱ་ཐམ་པ་བྱས་ནས་བཤད་མཁན་ཞིག་ཡིན། འདིས་བྱ་སྤྱོད་མཚོན་ཐུབ་པས་ཁོའི་ལོ་རྒྱུས་ལ་འདིའི་ཞེད་མང་པོ་ཞིག་སླེབས་ཡོད་པ་སྨོས་མ་དགོས། ཧོར་ཚང་གི་སྙན་རྩོམ་བྲིས་ན་ཚིག་སྦྱོར་སྙན་པོ་ཞིག་ཡོད་ཀྱང་བྲིས་ཚད་མི་ཁ་གྲམ་མཆུ་ཤ་སྟག་མ་གཏོགས་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་སྐད་ཆ་སྣ་གཅིག་ཀྱང་མི་འདུག་ཟེར་ནས་བཤད་ཀྱང་ཧམ་པར་མི་འགྱུར།

    Reply
  26. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    བློ་གྲོས་རྒྱལ་མཚན་གྱིས་བཤད་པ་ལ་རྒྱུ་མཚན་མི་འདུག་ལབ་ག་ལ་ཐུབ། ཧོར་འཇིགས་ཀྱིས་བདུད་འཇོམས་རིན་པོ་ཆེ་ནང་པ་ཡིན་མིན་ཐེ་ཚོམ་ཡོད་གང་དུ་ལབ་ཡོད་མི་ཤེས་མོད། ངས་དྲན་པ་ཞིག་ལ་ཧོར་འཇིགས་ཀྱིས་བྲིས་པའི་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ཡིན་ནམ་དེའི་ནང་དུ་ྐླུ་སྒྲུབ་དགོང་རྒྱན་འདི་དགེ་ཆོས་ཀྱིས་བདུད་འཇོམས་ལ་ཆང་རིན་དུ་བྲིས་པ་རེད་ཅེས་དངོས་གནས་བཤད་འདུག མ་གཞི་ཧོར་འཇིགས་འདི་གྲས་ཀྱིས་དེ་འདྲ་རེ་མ་གླེང་ན་གོ་ས་རག་གི་མ་རེད་ལ་ཕྱུག་པོ་ཡང་ཆགས་ཀྱི་མ་རེད། མི་འདི་རིགས་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ཡང་ཁོ་རང་གི་རིགས་སུ་གྱུར་པ་ཚོ་ཡིན་པ་རེད། སྤྱང་པོ་ཚོས་དེ་འདྲ་རེ་བཤད་དགོས་པ་ཤེས་ཀྱིན་ཡོད་པ་རེད། སྨོན་ལམ་མཐར་ཕྱིན་གྱིས་དེབ་དཔར་བསྐྲུན་བྱས་ཚར་མེད་ཚུལ་དེ་གང་ཡིན་ནམ། དེབ་དེ་ཚོའི་འདྲ་པར་དྲ་རྒྱའི་སྟེང་དུ་བཀྲམ་སོང་སྙམ། བདེན་དོན་ཟེར་བ་དེ་ཆེ་རྒྱལ་དོན་ནས་ཆུང་བཟའ་འཁོན་གྱི་བར་ཡན་ཆད་དོན་དག་ཆེ་ཆུང་ཆེ་ཆུང་ཐམས་ཅད་ཀྱི་ཐོག་ལ་མ་རྩོད་རང་རྩོད་རེད་ཅེས་པ་དེ་ནི་དངོས་གནས་ཧ་ཅང་ཡིད་ལ་འཐད་པ་བྱུང་། སངས་རྒྱས་ཡིན་ན་ཡང་དེ་ལས་ལྷག་ཅིག་ཅི་གསུངས་སྙམ་པ་ཞིག་འདུག

    Reply
  27. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    ཁོང་གི་དེབ་གཅིག་གཉིས་ཤིག་བཀྲམས་ཡོད་ཚོད་ཀྱང་དེབ་དྲུག་པོ་ཆ་ཚང་པར་བསྐྲུན་ཟིན་ཡོད་ཚོད་མི་འདུག་ཅིང༌། ཁག་ཅིག་ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཨར་ཆ་ན་པར་སྐྲུན་ཁང་ནས་པར་སྐྲུན་བྱེད་བཞིན་པ་རེད་འདུག་ཟེར། ང་ཚོ་ཚང་མས་ཐོག་མར་དེབ་དེ་བཀླག་ན་ཡག་པོ་ཡོད་འགྲོ། ཡིན་ནའང་ཁ་སྔོན་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་བརྙན་འཕྲིན་ནང་བལ་ཡུལ་ནས་མི་ཞིག་གིས་མདོ་སྨད་ཀྱི་བོན་དགོན་ཁག་ཅིག་དང་འབྲེལ་བའི་དྲི་བ་ཞིག་ཧོར་གཙང་འཇིགས་མེད་ལགས་སུ་ཕུལ་སོང་ཡང་ལན་བསྐྱོན་གནང་མ་སོང་བས་ཡ་མཚན་འདྲ་བྱུང༌། སྤྱིར་བཏང་ཁོང་གིས་ལོ་རྒྱུས་བྲིས་པའི་སྐབས་སུ་གཡུང་དྲུང་བོན་དང་འབྲེལ་བའི་ཐོག་ཞིབ་འཇུག་དང་བཅར་འདྲི་དེ་འདྲ་གནང་སོང་ཡང་བྲིས་ཚར་རྗེས་ག་འདྲ་བྲིས་གནང་ཡོད་མེད་ཤེས་རྟོགས་ཅི་ཡང་མ་བྱུང༌། གང་ལགས་ཤེ་ན། དེབ་དེ་ད་ལྟ་སྤྱི་ཚོགས་ཁྲོད་མཐོང་རྒྱུ་མེད་པས་ཡིན།

    Reply
  28. རྭ་ལོ། says:
    ལོ་ 17 སྔོན།

    ཨ་ཡོ་ཤུ། ཡང་ཉལ་སའི་ནང་ནས་མགོ་འགྱོག་དགོས་བྱུང་ཐལ།

    ཨ་རོགས་ཚོ། སྐད་མགོ་ཏོག་ཙམ་དམའ་མོ་བྱོས།
    ཧོར་གཙང་འཇིགས་མེད་ཀྱི་དེབ་དེ་ད་དུང་བཀྲམས་མེད་པ་འདྲ། ཡིན་ནའང་དེབ་མ་བཀྲམས་པའི་སྔོན་དུ་རྩོམ་པ་པོ་ཁོང་གིས་བརྒྱུད་ལམ་ཁག་ལ་དེབ་དེའི་སྐོར་གྱི་སྐད་ཆ་བཤད་པ་རེད། འདི་ན་འཁང་ར་དང་བསྟོད་ར་བྱེད་མཁན་ཚོས་ཀྱང་ཧོར་འཇིགས་ཀྱི་སྐད་ཆར་ཉན་ནས་ལན་རྒྱག་གི་ཡོད་པ་རེད། རྩོམ་པ་པོའི་དེབ་ཀློག་དགོས་པ་ངོ་མ་རེད། དེ་བཞིན་དུ་རྩོམ་པ་པོས་ཡོངས་གྲགས་ཀྱི་བརྒྱུད་ལམ་ནས་སྐད་ཆ་བཤད་ན་དེ་ལ་ཉན་ནས་ལན་བརྒྱབས་ནའང་འགྲིག་པ་ཞིག་རེད། མ་གཞི་ནས་ཧོར་འཇིགས་ལ་མཚོན་ན་དེབ་འདིར་ཇི་ཙམ་གྱི་གླེང་སློང་བྱས་ན་དེ་ཙམ་གྱི་རྩིས་ཐང་རེ་བརྒྱབ་ཆོག་གི་རེད། དེ་བཞིན་ཀློག་པ་པོ་ཚོར་མཚོན་ན་ཡང་དེབ་མ་ཀློག་གོང་ནས་འདིའི་ཕྱོགས་ལ་རྒྱུས་ལོན་མང་ཙམ་བྱས་ན་དེ་ཙམ་གྱི་ཁེ་ཕན་ཡོད་ཀྱི་རེད། དེར་བརྟེན་དེབ་མ་བཀླག་གོང་ལ་སྐད་ཆ་མ་བཤད་མ་ཟེར།

    Reply
  29. བློ་གྲོས་རྒྱལ་མཚན། says:
    ལོ་ 17 སྔོན།

    ཨ་རོགས་སྤོབས་པ། ངས་བལྟས་ན་ཆོས་དབྱིངས་ཀྱིས་མིང་གི་མགོར་གསེར་རྟ་དང་། མཇུག་ཏུ་ནོར་གླིང་དྲུད་ཡོང་བ་དེ་ཁོང་གི་གཟི་བརྗིད་ཅིག་རེད་བསམ་གྱི་འདུག གང་ཡིན་ཟེར་ན་དེང་སང་མི་མང་པོ་ཞིག་གིས་མིང་རྫུན་མ་བཟོས་ནས་གོ་སྐབས་བྱུང་ཚད་ལ་ཆོས་ལུགས་དང་ཆོལ་ཁ་སྒེར་གྱི་སྙིང་ནད་ཡན་ཆད་དྲ་ཐོག་ནས་རྩོད་ཀྱི་ཡོད་པ་དང་། ཡང་ན་སྙིང་ནད་མིན་རུང་ཕྲག་དོག་དང་དོན་མེད་ཀྱི་ཀྱག་ཀྱག་ཚུན་ཆད་བྱས་ཏེ་སྤྱི་ཚོགས་ནང་ནས་འབུར་དུ་ཐོན་པའི་མི་རྣམས་ནག་པོ་བཟོ་བཞིན་ཡོད་པ་རེད། དཔེར་ན་ཁར་སང་ཁར་ཉིན་འཆི་མེད་དགའ་ཚལ་གླིང་ལེགས་གྲུབ་བྱུང་བ་ཞེས་པའི་འོག་གི་མཆན་དེ་ཚོར་གཅིག་ལྟོས་དང། དེར་བརྟེན་ཁོང་གིས་གསེར་རྟ་ཆོས་དབྱིངས་ཞེས་སྨྲོས་པ་དེས་མིང་རྫུན་མ་བེད་སྤྱོད་གཏོང་གི་མེད་པ་དང་། ནོར་གླིང་ཞེས་བྲིས་པ་དེས་ད་སྐབས་ཀྱི་སྡོད་གནས་གསལ་བོར་བསྟན་ཡོད་པས་ངས་བལྟས་ན་ཁོང་མི་རང་གཤིས་དྲང་པོ་དང་དོན་གྱི་སྤོབས་པ་ཁོག་ལ་ཡོད་མཁན་ཞིག་རེད་འདུག་བསམ་གྱི་ཡོད། དེ་བཞིན་ཁྱོས་ཀྱིས་ཆོས་བརྒྱུད་ཀྱི་ན་ཚ་ཞིག་དྲུད་ནས་ཟེར་བ་དེ་ཡང་ཡག་པོ་མ་རེད། ཆོས་བརྒྱུད་དང་འབྲེལ་བ་ཡོད་པའི་རྩོམ་ཡིག་སྤེལ་དུས་ཆོས་བརྒྱུད་ཀྱི་སྐད་ཆ་མི་བཤད་རང་བཤད་རེད་པ། གལ་ཏེ་བཀུར་འོས་སྐུ་ཞབས་ཧོར་གཙང་གིས་ཆོས་བརྒྱུད་ཀྱི་ཐོག་ནས་དཀྱོག་འབྲི་གནང་ཡོད་ན་ཆོས་བརྒྱུད་གཞན་པའི་མིས་བདེན་དོན་གྱི་སྐད་ཆ་བཤད་པ་དེ་འོས་བབ་ཅིག་རེད། མི་མང་པོ་ཞིག་གིས་ཁོང་གི་དེབ་དེ་ཚོ་ད་བར་མཐོང་མེད་ཀྱང་ཁོང་གིས་གསར་འགོད་པར་ལན་རྒྱག་སྟངས་ཀྱི་ཐོག་ནས་ཐེ་ཚོམ་སྣ་ཚོགས་ཤིག་རང་བཞིན་གྱིས་སླེབས་ཀྱི་ཡོད་པ་རེད། དཔེར་ན་ཁོང་གིས་སྔོན་བདུད་འཇོམས་རིན་པོ་ཆེ་ནང་པ་ཡིན་མིན་གྱི་ཐེ་ཚོམ་ཡོད་ཚུལ་སོགས་ཆོས་ལུགས་ཀྱི་ན་ཚ་དང་འབྲེལ་བའི་དཔྱད་བརྗོད་རྣ་བ་ལ་མི་འགྲོ་བ་མང་པོ་སྤེལ་མྱོང་བ་རེད། སྐབས་དེར་ང་ཡང་འཐད་པ་རྩ་ནས་མ་བྱུང་མོད། སྨྱུག་ཁ་ནང་ལ་བསྐོར་རྒྱུ་དེ་ཐབས་སྡུག་གི་ལས་ཀ་ཞིག་རེད་བསམ་ནས་བཟོད་སྲན་བྱས་པ་ཡིན། གལ་ཏེ་ད་དུང་ཁོང་གིས་མུ་མཐུད་དུ་དེ་འདྲ་གནང་གི་ཡོད་ན་སྤྱི་ཚོགས་ཀྱི་ནང་དུ་ལན་རྒྱག་མཁན་མང་པོ་སླེབས་ཡོང་བ་ཆོས་ཉིད་རེད། གལ་དེ་བསམ་གཟས་ནས་དོན་དངོས་ལས་བརྒལ་བའི་དཀྱོག་འབྲི་གནང་ཡོད་ན་ད་ཐེངས་རྒད་པོ་ངས་ཀྱང་བདེན་གཏམ་ངོ་མ་རེ་འབྲི་ཨེ་ཤེས་བལྟ་གི་ཡིན། སྤོབས་པ། བདེན་དོན་ཟེར་བ་དེ་ཆེ་རྒྱལ་དོན་ནས་ཆུང་བཟའ་འཁོན་གྱི་བར་ཡན་ཆད་དོན་དག་ཆེ་ཆུང་ཐམས་ཅད་ཀྱི་ཐོག་ལ་མ་རྩོད་རང་རྩོད་ཅིག་རེད་ཡ།
    ད་དུང་སྲིན་བུས་ཟོས་པའི་ཤིང་ལ་སྟབས་ལྟས་དབང་གིས་ཡི་གེའི་གཟུགས་རིས་བྱུང་བ་ཞེས་སོགས་ཁྱེད་ཀྱིས་ཀྱང་ཐོག་མ་ཉིད་ནས་ཁོང་ལ་འཁོན་སེམས་ཤིག་ཡོད་པའི་རྣམ་འགྱུར་འདྲ་ཞིག་ཐོན་འདུག་པ་དེས། ཁྱེད་ཀྱང་རྩ་མི་ཚང་བ་ཞིག་ཡིན་པར་གསལ་བཤད་བྱེད་ཀྱི་ཡོད་དམ། སྐད་ཆ་སོམས་ལ་ཤོད། རྩམ་པ་ལྡོད་ལ་མྱིད།།

    Reply
  30. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ཆོས་དབྱིངས་ཟེར་བ་འདི་ཡང་མི་རྩ་ཚང་མཁན་ཞིག་གི་བཟོ་ལྟ་ཐོག་མ་མཐོང་གིན་འདུག མིང་གི་མགོར་གསེར་རྟ་དང་མིང་གི་གཞུག་ཏུ་ནོར་གླིང་སོགས་དྲུད་ནས་སླེབས་འདུག ཞོར་དུ་ཆོས་རྒྱུད་ཀྱི་ན་ཚ་ཞིག་ཀྱང་དྲུད་ནས་སླེབས་འདུག ཡིན་ན་ཡང་སྲིན་འབུས་ཟོས་པའི་ཤིང་པའི་ཤིང་ལ་ཡི་གེའི་གཟུགས་རིས་བྱུང་ཡང་སྲིན་འབུ་ཡིག་མཁན་དུ་གྱུར་པ་ལས་བྱུང་བ་མ་ཡིན་པར་སྟབས་སྟེས་དབང་གིས་བྱུང་བ་ལྟར་མི་འདིའི་སྐད་ཆ་ལ་བདེན་པའི་ཆ་རེ་ཡང་འདྲེས་ཡོད་པ་འདྲ། ངས་ཧོར་འཇིགས་ཀྱི་དེབ་དེ་ྐློག་མ་མྱོང་མོད་ཉེ་སྔོན་དུས་བབ་ཀྱི་སྟེང་དུ་ཧོར་འཇིགས་ལ་དེབ་དེའི་སྐོར་ལས་དྲི་བ་དྲིས་ལན་གྱི་སྐོར་ཞིག་བཀོད་འདུག དེའི་སྐབས་སུ་མདོ་སྨད་ཀྱི་ཆབ་སྲིད་བདག་དབང་གླེང་སྐབས་གདན་ས་གསུམ་གྱི་གྲྭ་རྒྱུན་ཐོབ་ཁུངས་ཀྱི་སྐོར་ཞིག་དང་འབྲེལ་ནས་གླེང་འདུག དེ་ལྟ་བུ་ནས་བསམ་ན་ལོ་རྒྱུས་དེའི་གཞི་རྩའི་སྒྲོམ་གཞི་སྒྲུབ་སྟངས་ཤིག་ལ་སྐྱོན་ཡོད་པ་ཐོག་མ་ནས་མཐོང་ཡོང་གིན་འདུག

    Reply
  31. རྩེ། ཆུ་མིག says:
    ལོ་ 17 སྔོན།

    ནོར་གླིང་ཆོས་དབྱིངས་ལགས། ཁྱེད་ཀྱིས་དེབ་རྒན་དེ་ཚང་མ་ཀློག་ཚར་ཡོད་དམ། མེད་ན་གོ་ཐོས་བྱུང་ཞེས་འདི་འདྲའི་ཁོང་ཁྲོ་ཟོས་ན་གོ་ཐོས་འདྲ་མིན་ཡོང་གི་རེད། གོང་དུ་བཤད་པ་ལྟར་དང་པོ་ཀློག་དགོས་ལ་ཀློག་སྐབས་ཀྱང་ཀློག་ཚར་བའི་རྗེས་རྙོག་དྲ་ཞིག་ཅི་ལྟར་བཤད་པར་བསམ་བློ་བཏང་ནས་མ་ཀློག དཔེར་ན་སྒྲུང་རྩོམ་ཞིག་ཀློག་སྐབས་ཀྱང་དང་པོ་མགོ་བརྩམས་པ་ནས་སྐྱོན་ཞིག་གི་ཆེད་དུ་ཀློག་པ་ཡིན་ན་དགེ་མཚན་ཆེར་མི་འདུག་ལ་ཁྱེད་ཀྱིས་སྒྲུང་དེའི་ཡང་སྙིང་རྟོགས་རྒྱུར་ཡང་བཀག་རྒྱ་ཧ་ཅང་ཆེ་བ་ལྟར་རོ། ཁོང་ཁྲོ་མ་ཟ་ནོར་གླིང་པ། ལྷོད་ལྷོད་གསུང་ཡ་གྲོགས་པོ་ལགས།

    Reply
  32. བློ་གྲོས་རྒྱལ་མཚན་ says:
    ལོ་ 17 སྔོན།

    ནོར་བཅོས།   རྩོམ་པ་པོ་དྲག་ཤོས་

    Reply
  33. བློ་གྲོས་རྒྱལ་མཚན་ says:
    ལོ་ 17 སྔོན།

    མི་སུ་ཞིག་ཡིན་ན་ཡང་སྐྱོན་དང་ཡོན་ཏན་གཉིས་ཀ་ཡོད་པ་སྨྲོས་ཅི་དགོས། དེར་བརྟེན་སྐུ་ཞབས་ཧོར་གཙང་འཇིགས་མེད་མཆོག་ལ་ཡང་སྐྱོན་དང་ཡོན་ཏན་གཉིས་ཀ་ཡོད་ངེས་ཡིན། འོན་ཀྱང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ནི་ཁོང་ང་ཚོ་བཙན་བྱོལ་བའི་མི་ལོ་ལྔ་བཅུའི་རིང་གི་རྩོམ་པ་པོ་གྲགས་ཤོས་དེ་རེད། ཁོང་ཤེས་རབ་ཆེ། ཁོང་བརྩོན་འགྲུས་ཆེ། གལ་ཏེ་ཁོང་གི་མདོ་སྨད་ལོ་རྒྱུས་ནང་དགག་གཞག་བྱེད་དགོས་པའི་གནད་དོན་འདྲ་ཡོད་ན། ཐད་ཀར་ཁོང་ལ་དྲང་པོའི་བགྲོ་གླེང་བྱེད་པའམ། ཡང་ན་འཕགས་བོད་གཉིས་སུ་མི་ལོ་སྟོང་ཕྲག་དུ་མའི་རིང་དར་བའི་ལུགས་སྲོལ་ལྟར་ལུང་དང་རིགས་པ་དངོས་ཡོད་ཀྱི་ལོ་རྒྱུས་བཅས་ཀྱི་ཐོག་ནས་ཚུལ་མཐུན་གྱི་དགག་ཡིག་བྲིས་ན་དེ་ལུགས་སྲོལ་དང་མཐུན་པ་ཞིག་རེད། མདོར་བསྡུ་ན་ལོ་རྒྱུས་རྩོམ་པ་པོར་གུས་བརྩི་དང་ལོ་རྒྱུས་ཀྱི་ཐོག་ལ་བགྲོ་གླེང་བྱས་ན་དེ་ཡ་རབས་ཀྱི་ལུགས་སྲོལ་རེད།
    དེ་མིན་མིང་རྫུན་མ་རེ་བཟོས་ནས་གོང་འོག་ཀུན་ལ་ཕྲག་དོག་དང་། ཟུར་ཟ་དང་། ཚིག་རྩུབ། ཁྱད་གསོད། འཕྱ་སྨོད། སྐུར་འདེབས་སོགས་བྱས་བསྡད་ན་དེ་རང་གཞན་གཉིས་ཀ་ནག་པོ་བཟོ་སྤྱད་མ་གཏོགས་མེད།
    ད་དུང་ཞུ་རྒྱུ་གལ་ཆེན་ཞིག་ལ། གལ་ཏེ་མདོ་སྨད་ལོ་རྒྱུས་སུ་མདོ་སྨད་ཀྱི་ཆོས་སྲིད་ཡོངས་རྫོགས་དགེ་ལུགས་པས་བཏུམས་བཞག་ཡོད་ན་དེ་ནི་ཁོང་གིས་ནོར་བ་ལས་གཞན་གང་ཡང་མིན། དེ་བཞིན་འཇམ་བཞད་འཇིགས་མེད་དབང་པོ་མདོ་སྨད་ཀྱི་བསྟན་པའི་བདག་པོ་ཞེས་བཤད་ན་ཆོག་གི་རེད་ཅེས་བཤད་སོང་བ་ངས་ཀྱང་གོ་སོང་། དེ་ཁོང་གི་ཧམ་བཤད་དང་ཞེན་ཁོག་གི་སྐད་ཆ་རེད། དཔེར་ན་འཇམ་བཞད་སྐུ་ཕྲེང་དང་པོ་དང་སྨིན་གླིང་གི་བར་མཐུ་དང་དམག་གི་དུ་རྙོག་དྲ་ཞིག་གླེང་སྲོལ་ཡོད་པ་ཀུན་གྱིས་ཤེས་གསལ་བཞིན། ངའི་ཕ་ཡུལ་དུ་རྙིང་དགོན་ཉིས་བརྒྱ་སུམ་བརྒྱ་ཞིག་ཡོད་པ་དེ་དག་གིས་འཇམ་བཞད་རང་རང་གི་བསྟན་པའི་བདག་པོ་ལ་མི་བརྩི་བར་མ་ཟད། ད་དུང་མི་དགའ་བལྟ་མཁན་ཡང་ཉུང་ཉུང་མིན།
    སྤྱིར་བཤད་ན་ཆོས་ལུགས་ཀྱི་འཐེན་ཁྱེར་དང་ཆོལ་ཁའི་འཐེན་ཁྱེར་འདི་སྐྱག་དྲི་བྲོ་བའི་ལས་ཀ་ཆེས་མ་རབ་དང་ཆེས་སྡུག་ཅག་ཅིག་རེད། འོན་ཀྱང་ཚུར་སྡོད་མ་བཅུག་པར་རྙོག་དྲ་ཡང་ཡང་བཟོས་བསྡད་ན་ཁ་བཟུང་ནས་འདུག་ཐབས་མེད་པ་བདེན་མོད། གོང་དུ་ཞུས་ཟིན་པ་ལྟར་གང་ཟག་ལ་གུས་བརྩི་དང་ལྟ་གྲུབ་ལ་དཔྱད་བརྗོད་སྤེལ་རྒྱུ་ཕྲན་གྱི་རེ་བ་ཡིན། ད་དུང་མདོ་སྨད་ལོ་རྒྱུས་ལ་དགག་བཞག་མ་བྱས་གོང་མདོ་སྨད་ལོ་རྒྱུས་ཞིབ་ཀློག་བྱེད་རྒྱུ་གལ་ཆེ། གལ་ཏེ་མདོ་སྨད་ལོ་རྒྱུས་སུ་དངོས་ཡོད་ལས་བརྒལ་ཏེ་བསམ་གཟས་ནས་དཀྱོག་བཤད་ཆེན་པོའི་རིགས་བྱས་ཡོད་ན་དེ་ལ་དགག་བཞག་བྱེད་རྒྱུ་དེ་འོས་པའི་བྱ་བ་ཞིག་རེད་ལ། སྐབས་དེར་དགག་བཞག་བྱེད་མཁན་ཚོར་ཕྲག་དོག་ཅན་དང་། རྒྱ་མིའི་སོ་བ་སོགས་སུ་བསྙད་ན་དེ་ནི་བསྙད་པ་པོའི་སྐྱོན་ཁོ་ན་ཡིན་པས་སེམས་ཁུར་བྱེད་དགོས་དོན་ཅི་ཡང་མེད།

    Reply
  34. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    དེའི་སྐོར་ལ་དམིགས་བསལ་དོ་སྣང་བྱུང་མ་སོང་ཡང་། ཧོར་འཇིགས་ལགས་ནས་བོད་ཤར་ཕྱོགས་ཨ་མདོའི་ས་ཆ་དེ་བོད་གཞུང་གི་མངའ་ཁོངས་ཡིན་ཚུལ་དེ་ཨེ་ཇེབ་ཀྱི་མཆོད་རྟེན་ཟུར་གསུམ་དེ་ལ་དཔེ་བླངས་ནས་བརྗོད་སོང་བས། དཔེ་འཇོག་འདི་ལྟ་བུ་ཞིག་གིས་འདང་གི་ཡོད་ན་དེ་ནི་རྒྱ་གཞུང་གིས་བོད་རྒྱ་ཁོངས་ཡིན་ལུགས་བརྗོད་པའི་ཡིག་ཆ་དེ་དག་གི་མདུན་ནས་ཇི་འདྲའི་ཉམ་ཆུང་ཞིང་དགོད་བྲོ་བ་ཞིག་རེད་ཨང་། ཁོང་གི་ཚིག་ཤུགས་ལས་འདི་ལྟ་བུའི་དཔེ་འཇོག་ཉམ་ཆུང་ཞིག་མ་གཏོགས་ཨ་མདོ་བོད་གཞུང་གི་མངའ་འོག་ཡིན་པའི་སྒྲུབ་བྱེད་ཅིག་རེག་ཁག་པོ་ཡིན་པའི་ལྟ་ཚུལ་ཞིག་ཀྱང་ངམ་ངམ་ཤུགས་ཀྱིས་ཐོན་སོང་བས། ངས་ཁོང་གི་གཏམ་བཤད་དེར་ཐེངས་ཤིག་ཉན་རྗེས་ཅི་ཞིག་ཆད་སོང་བའི་ཚོར་སྣང་ཞིག་དབང་མེད་དུ་སྐྱེས་སོང་།

    Reply
  35. གངས་བུ། says:
    ལོ་ 17 སྔོན།

    བརྟག་དཔྱད་མེད་པའི་གཏམ་བཤད་ཀྱིས་དང་རང་མགོ་གཅོད་པའི་སྟ་རེ་ཡིན་འགྲོ།

    Reply
  36. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    དེབ་དེ་ཚོ་ནོར་གླིང་ན་མེད་ནི་རེད། དང་པོ་ཅིག་ྐློག དེ་ནས་ཅིག་དཔྱད། དེ་ནས་ཅིག་བྲིས་ན་དགེ་ཕན་ཆེ་བ་མེད་འགྲོ
    གང་ལྟར། དེབ་འབྲི་མཁན་དེས་ཞིབ་འཇུག་བྱས་ནས་བྲིས་ཡོད་ཀྱི་རེད། ང་ཚོས་ཀྱང་ཞིབ་འཇུག་བྱས་ནས་བསམ་ཚུལ་འདོན་ཐུབ་ན་ཧ་ཅང་ཡག་གི་སྙམ།
    དེ་ཙམ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese