༄༅། །༣་༡༤ དོན་རྐྱེན་ཐོག་བོད་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་རྒྱུ་རྐྱེན་སྐོར་གྱི་ཞིབ་འཇུག་སྙན་ཐོ།
བཀྲ་ཤིས་དོན་གྲུབ་ཀྱིས་བསྒྱུར།
འདི་ནི་རྒྱ་ནག་དམངས་ཁྲོད་ནས་བྱུང་བའི་ན་ནིང་གི་བོད་ཀྱི་དོན་རྐྱེན་སྐོར་གྱི་རྟོག་ཞིབ་སྙན་ཐོ་ཞིག་རེད། སྙན་ཐོའི་ནང་དོན་རྐྱེན་ཁྲོད་ཀྱི་ཆོས་ལུགས་དང་མིའི་རྒྱུ་རྐྱེན་སྐོར་གཡོལ་ཐབས་བྱས་ཡོད་ནའང༌། རྒྱ་ནག་གི་ཁོར་ཡུག་འོག་སྙན་ཐོ་འདི་ཉིད་ཧ་ཅང་མཐོང་དཀོན་པ་ཞིག་ཡིན་སྟབས་རྒྱབ་གཉེར་ཤུགས་ཆེར་ཞུ་གི་ཡོད། པར་རིས་ནང་བཀོད་པ་ནི། རྒྱ་ནག་སྲིད་གཞུང་གིས་ན་ནིང་གི་བོད་ཀྱི་དོན་རྐྱེན་ཐོག་བསམ་གཞིགས་གང་ཡང་མ་བྱས་པར་འགྲེལ་བརྗོད་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པའི་ཚུལ་ཡིན། དཔེ་མཚོན་འདི་གཉིས་ཙམ་ལས་བཞག་མེད། གཞན་ཡང༌། ཞིབ་འཇུག་སྙན་ཐོ་འདིའི་ཐོག་ལྟ་ཚུལ་ཅི་བྱུང་སྤྱི་དང༌། ཁྱད་པར་བོད་མི་ཚོར་ལྟ་ཚུལ་ཅི་ཞིག་ཡོད་མེད་ཐད་ད་དུང་རྒྱུས་ལོན་བྱ་རྒྱུར་བསྡད་ཡོད།
སྔོན་གླེང༌།
དང་པོ། དེང་རབས་ཅན་དུ་མགྱོགས་པོར་བསྐྱོད་པའི་བརྒྱུད་རིམ་ཁྲོད་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕོ་འགྱུར།
༡་༡ དབུས་གཞུང་གིས་གཙོ་འཁྲིད་བྱས་པའི་དེང་རབས་ཅན་དུ་མགྱོགས་མྱུར་ངང་བསྐྱོད་པའི་བརྒྱུད་རིམ།
༡་༢ དམིགས་བསལ་གཏན་འཁེལ་གྱི་བརྒྱུད་ལམ་འོག་དེང་རབས་ཅན་དུ་བསྐྱོད་པའི་གོམ་འགྲོས་ཇེ་མགྱོགས་སུ་བཏང་བའི་སྤྱི་ཚོགས་ཀྱི་མཇུག་འབྲས།
གཉིས་པ། ལོ་རབས་བདུན་ཅུ་དང་བརྒྱད་ཅུ་པར་སྐྱེས་པའི་བོད་རིགས་གཞོན་སྐྱེས་ཚོའི་འཚོ་གནས་ཀྱི་དཀའ་ངལ།
༢་༡ རྨང་གཞིའི་སློབ་གསོའི་ཐོག་སྐྱོན་ཆ་ཚབས་ཆེན་བྱུང་ཡོད།
༢་༢ ལས་རིགས་སྦྱོང་བརྡར་དང༌། སྤྱི་ཚོགས་ལས་ཞུགས་ཀྱི་གོ་སྐབས་ཉུང་བ།
༢་༣ སྔར་ལྷག་སྒོ་འབྱེད་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ལྟོས་བཅོས་འཕྲོག་ལེན་གྱི་ཚོར་བས་མི་རིགས་ཀྱི་འདུ་ཤེས་ཤུགས་དྲག་བསྐྱེད་པ།
༢་༤ མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ལོ་རྒྱུས་ཐོག་ལམ་ནོར་དང་བརྗེད་ངེས་བྱུང་བ།
གསུམ་པ། བོད་ཁུལ་འཛིན་སྐྱོང་སྒྲོམ་གཞིའི་ཐད་ཀྱི་གནད་དོན་གཙོ་བོ་ཁག
༣་༡ བོད་ཁུལ་གྱི་འཛིན་སྐྱོང་སྒྲོམ་གཞིའི་འགྱུར་རིམ།
༣་༢ བོད་ཁུལ་གྱི་ས་ཁུལ་རང་སྐྱོང་འོག་དབང་ཆའི་སྒྲོམ་གཞིའི་ཐད་གནས་པའི་གནད་དོན།
བཞི་པ། སྲིད་གཞུང་གིས་ ༣་༡༤ དོན་རྐྱེན་མཇུག་སྐྱོང་ལས་དོན་ཐད་ཀྱི་ནོར་འཛོལ་སྐོར།
ལྔ་པ། དེང་སྐབས་དཀའ་རྙོག་ཆེ་བའི་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་གནད་དོན།
དྲུག་པ། མཇུག་སྡོམ་དང་གྲོས་འདོན།
ཟུར་སྦྱར།
དང་པོ། ཨ་མདོ་དང་དབུས་གཙང་ས་ཁུལ་གྱི་རིག་གནས་ལོ་རྒྱུས་རྒྱབ་ལྗོངས་ལ་ཕྱིར་ལྟ་བྱེད་པ།
གཉིས་པ། རྒྱལ་ཁབ་ཀྱིས་བོད་ཁུལ་མི་རིགས་སྲིད་བྱུས་དང༌། ཁྲིམས་སྲོལ་འཕོ་འགྱུར་ལ་འགྱུར་བཅོས།
གསུམ་པ། རྟོག་ཞིབ་དང་བཅར་འདྲིའི་སྐོར་གྱི་དཔྱད་གཞིའི་རྒྱུ་ཆ་ཕྱོགས་བསྒྲིགས།
བཞི་པ། རྟོག་ཞིབ་བྱ་ཡུལ་གྱི་འབྲེལ་མཚོན་རེའུ་མིག
ཕྱི་ལོ་ ༢༠༠༨ ཟླ་ ༣ པ་ནས་ ༤ པའི་བར། རང་རྒྱལ་གྱི་ལྷ་ས་དང༌། ཀན་ལྷོ། རྔ་པ་ས་ཁུལ་དུ་མང་ཚོགས་དྲག་སྤྱོད་ཀྱི་དོན་རྐྱེན་རིམ་པ་ཞིག་བྱུང་ཡོད། དོན་རྐྱེན་བྱུང་སའི་ས་གནས་དབུས་གཙང་དང་ཨ་མདོ་ཁུལ་གཉིས་སུ་ཁྱབ་ཡོད། ས་ཁུལ་སོ་སོའི་གཞོན་སྐྱེས་དང་གྲྭ་པ་སྟོང་ཕྲག་མང་པོ་གཞུང་གི་ལས་ཁུངས་དང༌། ཚོང་ཁང་སོགས་སྤྱི་པའི་སྒྲིག་ཆས་གཏོར་བཅོམ་གྱི་ལས་འགུལ་ཁྲོད་ཞུགས་པ་མ་ཟད། ཉེས་མེད་ཡུལ་མིའི་ཐོག་དྲག་རྒོལ་ཡང་བྱས་ཡོད། བོད་ཁུལ་གྱི་གཞོན་སྐྱེས་དང་གྲྭ་པ་འདི་དག་དྲག་པོའི་དོན་རྐྱེན་སློང་མཁན་དུ་འགྱུར་དོན་ཅི་ཡིན་ནམ། དྲིལ་བསྒྲགས་ནང་བཤད་པའི་སྲིད་དོན་དང་ཆོས་ལུགས་ཐད་ཀྱི་དགོས་འདུན་དྲག་པོ་ཞིག་ཡིན་ནམ། ཡང་ན་སྤྱི་ཚོགས་འཚོ་བར་འདོད་བློ་མ་ཁེངས་པའི་སེམས་ཚོར་ཕྱིར་འདོན་བྱས་པ་ཡིན་ནམ། ཐེངས་འདིའི་དོན་རྐྱེན་ཐོག རྒྱ་ནག་དང་ནུབ་ཕྱོགས་བརྒྱུད་ལམ་ཁག་ནས་བོད་རང་བཙན་དང༌། འགྲོ་བ་མིའི་ཐོབ་ཐང༌། རིག་གཞུང་རྩ་མེད་སོགས་འདུ་ཤེས་མངོན་ཚུལ་སྐོར་གྱི་སྐད་ཆ་མང་པོ་ཞིག་གིས་རང་རང་ས་ནས་འགྲེལ་བརྗོད་ཀྱིས་ཕན་ཚུན་རྩོད་གླེང་དྲག་པོ་བྱས་ཡོད།
༣་༡༤ དོན་རྐྱེན་ལ་ཕྱིའི་རྒྱུ་རྐྱེན་ལོས་ཡོད། དཔེར་ན་ཕྱི་རྒྱལ་དུ་ཡུལ་གྱར་བྱས་པའི་བོད་རིགས་ཁག་ཅིག་གི་སྲིད་དོན་དང་ཆོས་ལུགས་ཐད་ཀྱི་དགོས་འདུན་དང༌། ཕྱི་རྒྱལ་དུ་ཏཱ་ལའི་བླ་མའི་མཚན་སྙན་གྱི་ཤུགས་རྐྱེན་སོགས་ལྟ་བུའོ། འོན་ཀྱང༌། སྤྱི་ཚོགས་ཀྱི་འགལ་བ་ཆེན་པོ་ཞིག་ཡིན་ཕྱིན་ཕྱིའི་རྒྱུ་རྐྱེན་ཁོ་ནར་བརྟེན་ནས་འགྲུབ་མི་སྲིད་པར། དེར་ནང་ཁུལ་གྱི་རྒྱུ་རྐྱེན་ཞིག་ཡོད་ངེས་ཡིན། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་དྲག་པོའི་དོན་རྐྱེན་འབྱུང་སའི་སྤྱི་ཚོགས་ཀྱི་གནས་སྟངས་སྐོར་རྟོག་ཞིབ་བྱས་པ་ཅུང་ཉུང༌། མི་རིགས་ཀྱི་ཞེན་ཁོག་དབང་གིས། གསར་འགྱུར་ཁག་ཅིག་གིས་ད་དུང་སྔར་ལས་གཞི་རྒྱ་ཆེ་བའི་མི་རིགས་དབར་ཕན་ཚུན་ཡིད་ཆེས་མེད་པ་དང་ཕན་ཚུན་ཕར་རྒོལ་བྱེད་པའི་འགོ་བསླངས་ཡོད། བོད་རིགས་མི་མང་གི་འཚོ་བའི་གནས་སྟངས་ལ་དངོས་ཐོག་རྟོག་ཞིབ་འདང་ངེས་མེད་པ་དེས། གཞུང་ལུགས་རིམ་པའི་ཐད་ནས་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་འགལ་བའི་ངོ་བོ་གཙང་སེལ་ལ་མི་ཕན་ལ། དངོས་ཡོད་རིམ་པའི་ཐད་ནས་དཀའ་རྙོག་ཐག་གཅོད་ལའང་ཕན་ཐོགས་མེད། བོད་ཁུལ་གྱི་སློབ་གསོ་དང༌། ལས་ཞུགས་གནས་སྟངས་ཇི་ལྟར་ཡོད་དམ། བོད་མི་དཀྱུས་མའི་འཚོ་བ་དང༌། བསམ་བློའི་གནས་སྟངས་ཇི་ལྟར་ཡིན་ནམ། འདིར་ཐེངས་འདིའི་གློ་བུར་དོན་རྐྱེན་གྱི་རྒྱབ་ལྗོངས་སུ་གྱུར་པའི་སྤྱི་ཚོགས་ཀྱི་གནས་སྟངས་དབྱེ་ཞིབ་ཀྱིས། ས་གནས་དངོས་ཀྱི་རྟོག་ཞིབ་དང་བཅར་འདྲི་བརྒྱུད་ལྟོས་བཅས་དངོས་ཡོད་ཀྱི་སྒོ་ནས་འགྱུར་ལྡོག་འབྱུང་བཞིན་པའི་བོད་ཁུལ་རྒྱུས་ལོན་བྱས་ཏེ། མི་རིགས་ཕན་ཚུན་རྒྱུས་ལོན་དང་གུ་བཤང་ཇེ་ཟབ་ཏུ་གཏོང་ཐབས་དང༌། མི་རིགས་དབར་ཞི་བདེ་འཆམ་མཐུན་ཡོང་ཐབས་བྱ་རྒྱུ་བཅས་ནི། སྤྱི་མཐུན་མནའ་འབྲེལ་གྱིས་ཐེངས་འདིར་རྟོག་ཞིབ་ལ་འཇུག་པའི་ཀུན་སློང་གཙོ་བོ་ཡིན།
བཅོས་སྒྱུར་སྒོ་འབྱེད་རྗེས་སུ། རྒྱ་ནག་སྤྱི་ཚོགས་ཀྱི་དབང་ཆ་དང༌། རྒྱུ་ནོར་བགོ་འགྲེམས་ལམ་ལུགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྤྱི་ཚོགས་འཕོ་འགྱུར་གྱི་གོམ་འགྲོས་མགྱོགས་ཤིང༌། ཕྱི་ཕྱོགས་སྒོ་འབྱེད་ཀྱི་བང་རྩལ་མྱུར་བའི་གནས་སྟངས་འདི་ལྟ་བུའི་འོག རང་རྒྱལ་གྱི་མི་རིགས་སོ་སོས་འཕེལ་རྒྱས་དགོས་མཁོ་དང་ལམ་ཕྱོགས་གསར་པ་འདེམས་པའི་དུས་ལ་བབས་ཡོད་ལ། མི་རབས་ཀྱི་འབྲེལ་བའི་ཐད་བགྲེས་གཞོན་དབར་འགལ་བ་སྣོལ་མར་འབྱུང་བའི་རྙོག་འཛིང་ལྡན་པའི་གནས་སྟངས་ཤིག་བྱུང་ཡོད། ང་ཚོའི་རྟོག་ཞིབ་ཀྱི་ཐོག་མའི་རེ་འདུན་དང་དམིགས་ཡུལ་ནི་ “རྒྱུས་ལོན་” ཡིན་ལ། བརྗོད་གཞི་ནི་ “བོད་ཁུལ་གནད་དོན་གྱི་སྤྱི་ཚོགས་འབྱུང་རྩ་དང་ཉེ་བའི་ལོ་ཤས་རིང་བོད་ཁུལ་སྤྱི་ཚོགས་ཀྱི་འཕོ་འགྱུར་”ཞེས་པ་དེ་ཡིན།
དུས་རབས་ཀྱི་འགྱུར་འགྲོས་བཞིན། མི་རིགས་སོ་སོའི་འཚོ་བར་ཡང་འགྱུར་ལྡོག་འབྱུང་བཞིན་ཡོད། “འཕོ་འགྱུར་” ཞེས་པའི་ཐ་སྙད་བདམས་ཏེ་བལྟས་ཚེ། “ཞིང་བྲན་སྟེ། ས་ཞིང་བཅོས་སྒྱུར། བཅོས་སྒྱུར་སྒོ་འབྱེད་” བཅས་ཀྱི་ཉམས་མྱོང་བརྒྱུད་པའི་རྒན་གྲས་ལ་ཁྱབ་ཐུབ་པ་མ་ཟད། ལོ་རབས་བདུན་ཅུའི་རྗེས་སུ་སྐྱེས་ཤིང༌། གོ་ལ་གཅིག་གྱུར་དང༌། དེང་རབས་ཅན་ལ་གདོང་ལེན་བྱེད་བཞིན་པའི་བོད་ཀྱི་གཞོན་སྐྱེས་ཚོར་དོ་སྣང་བྱེད་པའི་རེ་བ་བྱེད་བཞིན་ཡོད། བོད་ཁུལ་གྱི་མ་འོངས་པར་གྱུར་པའི་གཞོན་སྐྱེས་འདི་དག་གི་འཚོ་བའི་ཁོར་ཡུག་དང་མཐོང་རྒྱ་རྣམས་ཁོ་ཚོའི་ཕ་རབས་དང་ཤིན་ཏུ་མི་མཚུངས་པར། དངོས་ཡོད་གནས་སྟངས་ལ་གཤིབ་བསྡུར་བྱེད་ས་གསར་པ་བྱུང་ཡོད། ཁོ་ཚོའི་ཁོར་ཡུག་དེ་སྔོན་ཆད་ཀྱི་ཞིང་བྲན་སྤྱི་ཚོགས་མ་ཡིན་པར། རང་ཉིད་གནས་ཤིང་མིག་མཐོང་ལག་ཟིན་གྱི་དེང་རབས་འཚོ་བ་དེ་ཡིན། ཁོ་ཚོའི་ཁོར་ཡུག་དེ་རང་བྱུང་ཁོར་ཡུག་གིས་སྲུང་སྐྱོབ་བྱས་པའི་རང་བཞིན་གྱི་མ་ལག་ཚང་བའི་བོད་ཁུལ་ཞིག་མིན་པར། རང་འགུལ་དང་གཞན་དབང་ཅི་རིགས་ཐོག་རྒྱ་ནག་དང་འཛམ་གླིང་ལ་འབྲེལ་བ་དམ་ཟབ་ཡོད་པའི་ས་ཁུལ་ཞིག་ཡིན། འགྱུར་ལྡོག་ཤུགས་དྲག་ལྡན་པའི་སྤྱི་ཚོགས་བཅོས་སྒྱུར་གྱི་བརྒྱུད་རིམ་ཁྲོད། བོད་ཁུལ་སྤྱི་ཚོགས་ཀྱིས་གདོང་ལེན་བྱས་པའི་གནད་དོན་དང་དཀའ་རྙོག་རྣམས་བོད་ཁུལ་རང་སྟེང་གི་དམིགས་བསལ་རང་བཞིན་གྱི་རྐྱེན་གྱིས་འཇིགས་དངངས་དང་ཛ་དྲག་སྔར་ལྷག་ལྡན་པ་ལྟ་བུར་གྱུར།
ཐེངས་འདིའི་རྟོག་ཞིབ་ནང་ཨ་མདོ་ཁུལ་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་རྡལ་དང༌། བསང་ཆུ་རྫོང༌། དབུས་གཙང་ཁུལ་གྱི་ལྷ་ས་གྲོང་ཁྱེར་དང་སྙེའུ་གདོང་རྫོང་བཅས་རྟོག་ཞིབ་བྱ་ཡུལ་དུ་བདམས། ཨ་མདོ་ཁུལ་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་འབྱུང་ཁུངས་གཙོ་གྲས་ཤིག་ཡིན། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད། ཨ་མདོ་ས་ཁུལ་དེ་རྒྱ་བོད་མི་རིགས་ཕན་ཚུན་བརྗེ་རེས་དང་འདྲེས་ཐིམ་གྱི་མདུན་ཕྱོགས་སུ་ཡོད་ཅིང༌། ས་ཁུལ་འདི་ནི་བོད་མི་རིགས་ཀྱི་སྤྱི་ཚོགས་འགྱུར་ལྡོག་ལ་རྟོག་ཞིབ་བྱ་སའི་དཔེ་མཚོན་གསལ་པོ་ཞིག་རེད། དབུས་གཙང་ཁུལ་གྱི་ལྷ་ས་དང་ལྷོ་ཁ་ནི། བོད་ཀྱི་རིག་གནས་ཀྱི་འབྱུང་ཡུལ་དང་གནའ་བོའི་ཆབ་སྲིད་རིག་གནས་ཀྱི་ལྟེ་གནས་ཡིན། བཅོས་སྒྱུར་སྒོ་འབྱེད་ནས་བཟུང༌། དབུས་གཙང་དང་ཨ་མདོ་གཉིས་ཀས་འཕེལ་ཤུགས་ཆེས་མགྱོགས་པའི་བརྒྱུད་རིམ་ཞིག་བརྒྱུད་ཡོད། ཕྱིའི་རྒྱུ་རྐྱེན་གྱིས་ཁུལ་དེའི་རྣམ་པར་ཤུགས་རྐྱེན་དང་འགྱུར་བ་བར་མེད་དུ་གཏོང་བཞིན་ཡོད། ས་ཁུལ་འདི་གཉིས་བདམས་དགོས་དོན་ནི། ས་ཁུལ་འདི་གཉིས་ཀ་ལོ་རྒྱུས་ཀྱི་སྲོལ་རྒྱུན་དང་སྒྲོམ་གཞིའི་ཁྱད་ཆོས་མི་འདྲ་བའི་ཕྱིར་རོ། །ས་ཁུལ་དེ་གཉིས་དབར་གཤིབ་བསྡུར་དང་མཉམ་སྐྱེས་ཀྱིས། བོད་ཁུལ་གྱི་གནད་དོན་གྱི་རྙོག་འཛིང་རང་བཞིན་དང་དཀའ་ངལ་རང་བཞིན་འབུར་དུ་འདོན་ཐུབ། དཔྱད་གཞིའི་ཡིག་ཚགས་ཐབས་འཚོལ་དང་བསྐྱར་སྒྲིག་བྱས་པའི་རྨང་གཞིའི་སྟེང༌། ཚོགས་ཆུང་གི་ཚོགས་མི་རྣམས་གོང་གསལ་ས་ཁུལ་ཁག་ཏུ་བསྐྱོད་དེ། ས་ཁུལ་དེ་དག་གི་ཤེས་ཡོན་ཅན་དང༌། མཁས་པ། གྲྭ་བཙུན། ཞིང་པ། འབྲོག་པ། སྒྱུ་རྩལ་པ། ཚོང་པ། གནས་སྤོས་པ་སོགས་ལ་བཅར་འདྲི་བྱས་ཏེ། ས་གནས་ས་ཐོག་གི་ཡུལ་མིའི་སྐད་སྒྲ་དངོས་ལ་བརྟེན་ནས་དངོས་ཡོད་གསལ་རྗེན་གྱི་སྒོ་ནས་བོད་ཁུལ་མི་མང་གི་འཚོ་བའི་གནས་སྟངས་གསལ་འདོན་བྱ་བའི་རེ་བ་བཟུང་ཡོད།
སྔོན་ཆད་ཀྱི་ཉམས་མྱོང་དང༌། རྟོག་ཞིབ་ཀྱི་དུས་ཡུན་ཚད་ངེས་ཅན་ཞིག་ལས་མེད་པ་བཅས་ལ་བརྟེན། སྒྲོམ་གཞི་ལྡན་པའི་བཅར་འདྲི་ (Structured interview སྒྱུར་བ་པོས། )དང་བསམ་ཤོག་ (Survey སྒྱུར་བ་པོས།) སྡུད་ཐབས་གཉིས་ས་གནས་བོད་མིའི་རིག་གནས་ཆུ་ཚད་དམའ་ཞིང༌། སྐད་ཆ་དང་རིག་གཞུང་ཐད་ཧེ་བག་ཡོད་པའི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་བྱ་རྒྱུར་མི་འཚམས། སྒྲོམ་གཞི་མེད་པའི་བཅར་འདྲི་ (Non structured interview སྒྱུར་བ་པོས།)ཡིས་གཞི་རྒྱ་ཆེ་ཤོས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་འཐོབ་པར་བྱ་ནུས་ཤིང༌། ལྡེམ་མྱུར་ལྡན་པའི་སྒོ་ནས་བཅར་འདྲི་བྱ་ཡུལ་གྱི་གནས་སྟངས་ལ་འཚམ་ཐབས་བྱེད་ནུས། དེར་བརྟེན། ཚོགས་ཆུང་གིས་གཙོ་བོ་མཉམ་ཞུགས་རྟོག་ཞིབ་ (Partcipant observation སྒྱུར་བ་པོས།)དང་སྒྲོམ་གཞི་མེད་པའི་བཅར་འདྲིའི་ཐབས་ལམ་ཟུང་འབྲེལ་གྱི་སྤྱི་ཚོགས་ཞིབ་འཇུག་ཐབས་ལམ་བཀོལ་སྤྱོད་དང༌། སྤྱི་ཚོགས་ཀྱི་གནས་སྟངས་ལ་ཡོངས་ཁྱབ་བརྟག་དཔྱད་དང་བྱེ་བྲག་གནས་ཚུལ་དབྱེ་ཞིབ་ (Case study སྒྱུར་བ་པོས།)ཟུང་འབྲེལ་བྱས་ཏེ། མཇུག་མཐར་གཏིང་ཟབ་བཅར་འདྲི་དང་བགྲོ་གླེང་ཚོགས་འདུ་ཆུང་གྲས་བཅས་ཀྱི་ཐབས་ལམ་བརྒྱུད་མཇུག་སྐྱོང་བྱ་རྒྱུ་ཡིན།
ང་ཚོའི་བསམ་ཚུལ་ལྟར་ན། གོ་ལ་གཅིག་གྱུར་འོག་གི་མི་རིགས་ཀྱི་གནད་དོན་ནི་མི་རིགས་ལྡན་པའི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཐོག་མའི་དོན་ཆེན་ཞིག་ཡིན། རྒྱུས་ལོན་དང་བརྩི་བཀུར་གྱི་རྩ་དོན་འོག མི་རིགས་སོ་སོའི་འབྲེལ་ལམ་སྲུང་སྐྱོབ་དང་སྙོམས་སྒྲིག་ཐད་དོ་སྣང་ཆེན་པོ་བྱ་དགོས། དུས་ཡུན་རིང་པོའི་ནང༌། བོད་ཀྱི་གནད་དོན་ནི་གྲགས་ཟིང་ཆེ་ཤོས་དང༌། རྙོག་འཛིང་ཆེ་ཤོས་ཀྱི་མི་རིགས་ཀྱི་གནད་དོན་གྲས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་བོད་ཁུལ་དུ་འགལ་བ་དང་གདོང་ཐུག་ཛ་དྲག་ཏུ་གྱུར་ཏེ། དེ་ནི་ཕྱོགས་གཅིག་ནས་དུས་ཡུན་རིང་པོར་བསམ་བློའི་འདུ་ཤེས་ཚོད་དཔག་ལས་བྱུང་བའི་གཞུང་ལུགས་རྨོངས་པའི་ཉེར་ལེན་ཡིན་པ་དང༌། ཕྱོགས་གཞན་ནས་འཕོ་འགྱུར་འོག་བྱུང་བའི་འགལ་བ་གསར་པ་དང་གནད་དོན་གསར་པར་དོ་སྣང་འདང་ངེས་མ་བྱུང་བའི་རྐྱེན་གྱིས་ཡིན།
མིག་སྔར་གྱི་གནས་སྟངས་འོག གཞི་རིམ་གྱི་ཐོག་ནས་བོད་ཁུལ་སོགས་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་གྱི་འགལ་བ་དང་གནད་དོན་ཐག་གཅོད་བྱ་དགོས་ན། ཐོག་མར་ས་ཁུལ་དེ་དག་གི་མང་ཚོགས་ལ་བསམ་བློ་དང༌། དཔལ་འབྱོར། འཚོ་བའི་གནས་སྟངས་ཐོག་དངོས་ཐོག་རྟོག་ཞིབ་ལ་ཤུགས་སྣོན་རྒྱག་དགོས། གྲོས་བསྡུར་དང༌། མཐུན་སྒྲིལ། འཕེལ་རྒྱས་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་ནི་རྒྱུས་ལོན་ཡིན། བོད་ཁུལ་དུ་བདེ་ཐང་ལྡན་པའི་འཕེལ་རྒྱས་དངོས་གནས་ཤིག་དགོས་ན། མིག་སྔར་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་བྱུས་ཐད་བསམ་ཕྱོགས་བརྗེ་སྒྱུར་དང༌། བསམ་བློ་སྙོམས་སྒྲིག་བཅས་བྱ་དགོས། སྔར་ནས་རྒྱུན་འཁྱོངས་བྱེད་བཞིན་པའི་མི་རིགས་རྒྱལ་ཁབ་གསར་འཛུགས་ཀྱི་སྤྱི་ཁོག་གི་ལྟ་སྟངས་ནས་གྲངས་ཉུང་མི་རིགས་ས་ཁུལ་མང་ཚོགས་ཀྱི་གཞི་རིམ་འཚོ་བ་དང༌། ཁེ་ཕན་ཁག་ཐེག སྤྱི་དམངས་འདུ་ཤེས་བསྐྱེད་བསྲིང༌། སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་སོགས་དངོས་ཡོད་གནད་དོན་ཐོག་ལྟ་བའི་ལྟ་སྟངས་ཀྱི་ཁ་ཕྱོགས་བརྗེ་དགོས།
ང་ཚོས་འབོད་སྐུལ་ཞུ་རྒྱུར། བོད་རིགས་མི་མང་གི་ལངས་ཕྱོགས་གང་མང་འཛིན་པ་ལས། རྒྱ་རིགས་དང་ཆབ་སྲིད་ཀྱི་འདུ་ཤེས་འཁྱེར་སྟངས་ཀྱི་ལངས་ཕྱོགས་ཐོག་མ་བཟུང་བའི་སྒོ་ནས། བོད་རིགས་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་དགོས་འདུན་ལ་བརྩི་བཀུར་བྱེད་པའི་དེང་རབས་ཅན་དུ་བསྐྱོད་པའི་ལམ་ཁ་ཞིག་བཙལ་ཏེ། བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཆམ་མཐུན་སྤྱི་ཚོགས་ཞིག་བསྐྲུན་དགོས། དོན་དངོས་ཐོག སྲོལ་རྒྱུན་གྱི་འགལ་བ་དང༌། དེང་རབས་ཅན་དུ་འཕེལ་རྒྱས་ཀྱི་གདོང་ཐུག་བཅས་ལ་གདོང་ལེན་བྱེད་སྐབས། རྒྱ་རིགས་དང་བོད་རིགས་གཉིས་ཀས་འདྲ་མཚུངས་ཀྱི་གནས་སྟངས་ལ་གདོང་ལེན་བྱ་དགོས་པར་གྱུར་ཡོད་པས། ཕན་ཚུན་གཅེས་འཛིན་དང༌། ཕན་ཚུན་དཔེ་མཚོན་བལྟ་རེས། ཕན་ཚུན་སྐུལ་འདེད་བཅས་ཀྱི་དགོས་མཁོ་སྔར་ལས་ཆེ། ང་ཚོའི་རེ་བར། ང་ཚོའི་སྙན་ཐོ་འདི་བརྒྱུད་ནས། རྒྱ་ནག་དབུས་གཞུང་དང༌། བོད་ཁུལ་ཕྱི་ལོགས་སུ་ཡོད་པའི་རྒྱ་ནག་མི་མང་གིས་བོད་ཁུལ་སྤྱི་ཚོགས་འཕོ་འགྱུར་ཐད་རྒྱུས་ལོན་གཏིང་ཟབ་ཡོང་བ་དང༌། ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་དངོས་ཡོད་ཀྱི་བདེ་ཐང་དང་འཆམ་མཐུན་གྱི་བོད་ཁུལ་ཞིག་འཛུགས་སྐྲུན་བྱེད་ཐུབ་པའི་རེ་བ་ཡོད།
དང་པོ། དེང་རབས་ཅན་དུ་མགྱོགས་པོར་བསྐྱོད་པའི་བརྒྱུད་རིམ་ཁྲོད་བོད་ཁུལ་གྱི་
དཔལ་འབྱོར་དང་སྤྱི་ཚོགས་འཕོ་འགྱུར།
ཐེངས་འདིའི་རྟོག་ཞིབ་སྐབས་ ༣་༡༤ དོན་རྐྱེན་རྒྱབ་ཀྱི་སྤྱི་ཚོགས་ཀྱི་སྒྲོམ་གཞིའི་གནས་སྟངས་ངོ་མར་དོ་སྣང་བྱེད་ཀྱིན་ཡོད། ས་ཁུལ་དངོས་སུ་ཟླ་གཅིག་ལས་རྟོག་ཞིབ་བྱས་མེད་ནའང༌། ཐེངས་འདིའི་དོན་རྐྱེན་ནང་ཚོགས་སྡེ་རང་བཞིན་གྱི་འདོད་བློ་མ་ཁེངས་པ་དང་ཁོང་ཁྲོའི་གནས་ཚུལ་ནི་ལྷག་པར་རྙོག་འཛིང་ལྡན་པ་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་སྐྱེས་བྱུང༌། དོན་རྐྱེན་གྱིས་ཕྱིར་མངོན་པའི་འགལ་བ་སྣ་ཚོགས་ཁྲོད་ལོ་རྒྱུས་ཀྱི་ཁུངས་རྩ་ཡོད་ལ། གཡོལ་ཐབས་མེད་པའི་ཆོས་ལུགས་ཀྱི་བརྩེ་དུང་དང་མི་རིགས་ངོས་འཛིན་གྱི་རྒྱུ་རྐྱེན་ཡང་ཡོད་པ་མ་ཟད། དངོས་ཡོད་ཀྱི་ཁེ་ཕན་གདོང་ཐུག་བྱུང་བའི་གནད་དོན་གཏིང་ཟབ་ཀྱང་འདུག ང་ཚོའི་རྟོག་ཞིབ་འདིས་གནད་དོན་གྱི་ཕྱོགས་གཅིག་སྟེ། བོད་ཁུལ་དུ་བརྒྱུད་བཞིན་པའི་དེང་རབས་ཅན་དུ་བསྐྱོད་པའི་བརྒྱུད་རིམ་ནས་བགྲོ་གླེང་གི་བརྗོད་གཞིར་འཇུག་ཐབས་བྱས་ཏེ། གནད་དོན་འདིར་དོ་སྣང་དང་བགྲོ་གླེང་གཏིང་ཟབ་བྱེད་པའི་སྣ་འདྲེན་བྱ་རྒྱུ་དེའོ། །བོད་ཁུལ་དེང་རབས་ཅན་དུ་བསྐྱོད་པ་དེ་ཐེངས་འདིའི་ ༣་༡༤ དོན་རྐྱེན་གྱི་ཐད་ཀའི་རྒྱུ་རྐྱེན་དང་སྣ་འདྲེན་མིན་པ་མ་ཟད། བོད་ཁུལ་གནད་དོན་གྱི་ངོ་བོ་དང་ལྟེ་བ་ཡིན་པའི་ངེས་པའང་མེད་མོད། འོན་ཀྱང་ང་ཚོའི་རེ་བ་ལ། ང་ཚོའི་སྙན་ཐོ་འདིས་བོད་ཁུལ་སྤྱི་ཚོགས་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་གཏིང་ཟབ་བྱ་བའི་རྒྱབ་ལྗོངས་མཁོ་འདོན་དང༌། དེང་སྐབས་ཀྱི་བོད་ཁུལ་མི་མང་གི་སེམས་ཁམས་དང་བྱ་སྤྱོད་རྒྱུས་ལོན་ཡོང་བར་སྒོ་མོ་ཞིག་མཁོ་འདོན་བྱ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
ལོ་ངོ་བཅུ་ཕྲག་འགའི་དུས་ཡུན་ཐུང་ཐུང་ནང༌། བོད་མི་རྣམས་འཚོ་སྡོད་བྱེད་སའི་འཇིག་རྟེན་དེ་སྲོལ་རྒྱུན་ནས་དེང་རབས་ཅན་དུ་གྱུར་ཡོད། དེའི་རྒྱབ་ལྗོངས་ནི་གཅིག་གྱུར་གྱི་རྒྱ་ནག་ཆེན་པོ་འབུར་ཐོན་བྱས་པ་དང༌། མགྱོགས་མྱུར་ངང་ཁྲོམ་ར་ཅན་གྱི་ལམ་དུ་བསྐྱོད་པའི་དེང་རབས་རྒྱ་ནག་གི་འཕེལ་རྒྱས་བཅས་ཡིན། ཕྱི་ཕྱོགས་སུ་སྒོ་བརྒྱབ་ཅིང་རྒྱུན་སྲོལ་གྱི་ཆོས་ལུགས་སྤྱི་ཚོགས་དང་ཚོ་པའི་རིག་གཞུང་ཞིག དེང་རབས་ཅན་གྱི་སྒོ་འབྱེད་པའི་སྤྱི་ཚོགས་ལ། སྟབས་བདེའི་ཞིང་འབྲོག་འཚོ་བ་ནས་ཁྲོམ་ར་དང་ཚོང་རྫས་ལམ་སྲོལ་གྱི་དེང་རབས་དཔལ་འབྱོར་དུ་བསྐྱོད་པ་དང༌། ཟུངས་ཁྲག་ནང་གཏིང་ཟབ་ཐིམ་པའི་དད་མོས་ཀྱི་འཚོ་བ་ནས་དེང་རབས་རིན་ཐང་མ་ལག་གིས་ཆོས་ལུགས་བརྩེ་དུང་ལ་གདོང་ཐུག་བྱེད་པའི་འགྱུར་བ། མི་རིགས་རྒྱལ་ཁབ་དང་དེང་རབས་ཁྲིམས་མཐུན་སྐད་བརྡའི་མ་ལག་ཁྲོད། བོད་རིགས་རྣམས་ཀྱི་ཡུལ་མིའི་ངོ་རྟགས་དང༌། རིགས་ཚོའི་ངོ་རྟགས། ཆོས་ལུགས་ངོ་རྟགས་སོགས་སྣ་མང་གས་འཐོར་དང་གོ་ས་བརྗེ་སྒྱུར་གྱི་གནས་སྟངས་ལ་ཐུག་ཡོད། མི་རིགས་དང་རིགས་ཚོ་སུ་ཡིན་ཡང༌། འདི་ལྟ་བུའི་མྱུར་འགྲོས་དང་གཞན་དབང་གི་འགྱུར་ལྡོག་ལ་བསྟུན་ཐབས་མེད་པ་དང༌། འགལ་བས་ཁེངས་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། དངོས་ཡོད་ཀྱི་སྒོ་ནས་བཤད་ན། དེང་རབས་ཅན་དུ་མྱུར་བསྐྱོད་བྱེད་པའི་བརྒྱུད་རིམ་དང་ལམ་ཁ་ནི་བོད་རིགས་མི་མང་གིས་རང་འགུལ་གྱིས་འདེམས་སྒྲུག་བྱས་པའི་མཇུག་འབྲས་ཤིག་མ་ཡིན་པར། ཕྱི་ཕྱོགས་ཀྱི་བཙན་ཤུགས་ཆེན་པོར་བརྟེན་ནས་བྱུང་བ་ཞིག་ཡིན། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲོམ་གཞི་འཕོ་འགྱུར་དང༌། བོད་ཁུལ་དུ་ལྷག་ལུས་བྱུང་བའི་ལོ་རྒྱུས་ཀྱི་གནད་དོན་སྣ་ཚོགས་གཅིག་ཏུ་བསྣོལ་བའི་མཇུག་འབྲས་ཤིག་ཡིན། རྟོག་ཞིབ་དང་བཅར་འདྲིའི་བརྒྱུད་རིམ་ཁྲོད། ང་ཚོས་ཐེངས་གཅིག་ཙམ་མ་ཡིན་པར། དེང་སྐབས་ཀྱི་བོད་ཁུལ་དུ་གས་འཐོར་དང༌། སྡུག་བསྔལ། རྨོངས་ཐོམ་བཅས་ལ་གདོང་ལེན་བྱེད་པ་མྱོང་ཚོར་བྱུང༌།
༣་༡༤ དོན་རྐྱེན་བྱུང་རྗེས། རྒྱ་རིགས་དང་སྲིད་གཞུང་གི་ངོས་ནས་བཤད་ན། བོད་རིགས་རྣམས་ལ་རྒྱུས་ལོན་མི་ཐུབ་པ་དང་ཐ་ན་སྐྱོན་བརྗོད་ཀྱིས། རྒྱལ་ཁབ་ཀྱིས་བོད་ཁུལ་དང་བོད་མི་རྣམས་ལ་རོགས་སྐྱོར་དང་རོགས་རམ་འདི་འདྲ་མང་པོ་ཞིག་བྱས་ཡོད་ན། “རྙོག་དྲ་”སློང་དོན་ཅི་ཡིན་ནམ་འདོད། འོན་ཀྱང་བོད་རིགས་མི་མང་ལ་མཚོན་ན། དེང་རབས་ཅན་གྱི་འཚོ་བ་དང༌། “འཕེལ་རྒྱས་”སྣ་ཚོགས་རྣམས་བདེ་སྐྱིད་ཀྱི་ཚད་གཞི་ཡོད་ཚད་མིན་པར་འདོད། རྒྱ་རིགས་ཀྱིས་འཁྱེར་ཡོང་བའི་འཕེལ་རྒྱས་དང་རོགས་རམ་རྣམས་དང་ལྷན་དུ་བཙན་ཤུགས་ཀྱི་བཅོས་སྒྱུར་དང༌། གདོང་ཐུག བོད་མི་རང་ཉིད་ཀྱི་བསམ་འདུན་ལ་བརྩི་བཀུར་མ་བྱས་པ་བཅས་ཡོང་གི་ཡོད། “བོད་མི་ཚོའི་བདེ་སྐྱིད་ལས་ཤས་ཆེ་བ་ནི་ཆོས་ལུགས་དད་མོས་ཐད་ཀྱི་རང་དབང་དང༌། ཚེ་སྲོག་ལ་བརྩི་བཀུར། གཞན་ལ་སྦྱིན་པ་བཏང་ནས་བྱུང་བའི་བདེ་སྐྱིད་འདི་རིགས་ཡིན།” ཀླུ་འབུམ་ལ་བཅར་འདྲིའི་ཚིག “བཅོས་སྒྱུར་སྒོ་འབྱེད་དང་མཉམ་དུ། བོད་རིགས་མི་མང་ལ་རིན་ཐང་གི་ལྟ་ཚུལ་གསར་པ་ཞིག་སྤྲད་ཡོད་པ་དེ་ནི། བོད་མི་ཚོས་’འཕེལ་རྒྱས་ནི་བདེན་དོན་ངོ་མ་རེད་’ཅེས་པ་བཙན་དབང་གིས་ངོས་ལེན་བྱེད་བཅུག་པ་དེ་ནི། དོན་དངོས་ཐོག་འཛད་སྤྱོད་བྱེད་པ་ནི་བདེན་དོན་ངོ་མ་རེད་ཅེས་པ་བཙན་འགེལ་བྱས་པ་ཞིག་ཡིན། བརྒྱུད་རིམ་འདིའི་ནང༌། ཐོག་མ་ཉིད་ནས་དད་མོས་ཡོད་པའི་མི་རིགས་ཤིག་གི་དད་མོས་རིན་ཐང་གི་ལྟ་བ་བཅོས་སྒྱུར་བྱས་པ་དང་ཆབས་ཅིག དེང་རབས་ཅན་གྱི་བྱེད་ཐབས་ལྟར་བོད་ལྗོངས་ལ་བཅོས་སྒྱུར་བྱས་ཡོད་ལ། དེར་གནས་པའི་མི་མང་གི་འཚོ་བར་བཅོས་སྒྱུར་བྱས་ཡོད།” ལི་ཤའོ་ཧྲན་ལ་བཅར་འདྲིའི་ཚིག དངོས་ཡོད་ཀྱི་ཁེ་ཕན་ཐད་རིམ་ནས་བལྟས་ན། དེང་སྐབས་དེང་རབས་ཅན་དུ་མྱུར་བསྐྱོད་བྱས་པའི་བརྒྱུད་རིམ་གྱིས་བོད་རིགས་མང་ཚོགས་དཀྱུས་མ་རྣམས་ལ་ཁེ་ཕན་ཆེན་པོ་ཞིག་བསྐྲུན་མ་ཐུབ་པའི་ཁར། དེ་ལས་ལྡོག་སྟེ་ཉིན་བཞིན་མཐའ་ཟུར་ལ་འདེད་པའི་གནས་སྟངས་སུ་གྱར་བཞིན་ཡོད།
༣་༡༤ དོན་རྐྱེན་ལ་འགྲེལ་བརྗོད་བྱེད་སྐབས་ལྟ་སྟངས་གལ་ཆེན་ཞིག་ཡོད། དེ་ནི་ས་གནས་སྤྱི་ཚོགས་དང་ཚོགས་སྡེ་ཡིས་ལོ་ངོ་བཅུ་ཕྲག་འགའི་རིང་རང་སྟེང་དུ་བྱུང་བའི་འགྱུར་བ་སྣ་ཚོགས་ལ་སྐབས་འཕྲལ་གྱི་ཚུར་ལྡོག་བྱས་པ་ཞིག་ཡིན། རྒྱུས་ལོན་བྱ་ཐབས་རྩ་ནས་མེད་པ་ལྟ་བུའི་ཕྱིའི་རྣམ་པའི་འོག ཚུལ་མཐུན་གྱི་ཞུ་འདུན་དང་བཅོས་མིན་གྱི་བརྩེ་དུང་དབྱུང་འདོན་བྱས་ཡོད་པ་དེ་ནི། ང་ཚོས་རྒྱུས་ལོན་དང་བསྐྱར་ཞིབ་བྱ་དགོས་པ་ཆགས་ཡོད།
༡་༡ དབུས་གཞུང་གིས་གཙོ་འཁྲིད་བྱས་པའི་དེང་རབས་ཅན་དུ་མགྱོགས་མྱུར་ངང་བསྐྱོད་པའི་བརྒྱུད་རིམ།
Andrew Martin Fischer ཞེས་པའི་མཁས་པ་དེས་ «State Growth and Social Exclusion in Tibet: Challenges of Recent Economic growth» ཞེས་པའི་དཔེ་དེབ་ནང་གསུངས་དོན། ཀྲུང་གོ་གསར་པ་ཚུགས་རྗེས། བོད་ཁུལ་དུ་རྣམ་པ་ཡོངས་སུ་གསར་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་བརྒྱུད་ཡོད། བརྒྱུད་རིམ་འདི་ཉིད་ཀྲུང་གོ་གསར་པའི་གཙོ་འཁྲིད་འོག་སྤེལ་ཡོད། དེང་རབས་ཅན་གྱི་བརྒྱུད་རིམ་འདིས་ཕྱོགས་གཅིག་ནས་བོད་ཁུལ་སྲོལ་རྒྱུན་ནས་དེང་རབས་སུ་བསྐྱོད་དེ། བོད་ཁུལ་གྱི་གཞི་རྩའི་རྣམ་པར་ལེགས་བཅོས་ཆེན་པོ་བྱས་ཏེ། བོད་རིགས་མི་མང་གི་འཚོ་བའི་ཆུ་ཚད་གོང་མཐོར་བཏང་ཡོད། འོན་ཀྱང་འཕེལ་རྒྱས་ཟེར་བའི་གཏན་ཚིགས་དང༌། དེང་རབས་ཅན་གྱི་བརྒྱུད་རིམ་སྟེ། འཕེལ་རྒྱས་ཀྱི་ལམ་ཕྱོགས་དང་མགྱོགས་ཚད་བཅས་ཀྱིས་བོད་ཁུལ་དུ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཡང་ཐེབས་ཡོད། བོད་མི་རྣམས་བོད་ཁུལ་དུ་ཉིན་བཞིན་མཐའ་ཟུར་ལ་འདེད་བཞིན་ཡོད། (M.Godstien སྒྱུར་བ་པོས།) གྱིས་<<གངས་སེང་དང་འབྲུག རྒྱ་ནག་དང་བོད། ཏཱ་ལའི་བླ་མ་>> ཞེས་པའི་དཔེ་དེབ་ནང་ཁོང་གིས་ཕྱི་ལོ་ ༡༩༨༩ ལོའི་དོན་རྐྱེན་སྐོར་གྱི་བསམ་ཚུལ་བཏོན་ཡོད། ཁོང་གིས། ལོ་རྒྱུས་ཀྱི་རྒྱུ་རྐྱེན་ཁོ་ན་མ་ཡིན་པར། ཐལ་སྤྱོད་དང་མགྱོགས་འགྲོས་ཀྱི་དེང་རབས་ཅན་གྱི་བརྒྱུད་རིམ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་བཅས་ཀྱིས་འགལ་བ་དང་གནད་དོན་གསར་པ་བཟོས་ཡོད་པར་འདོད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་བཟུང༌། བོད་ཁུལ་དུ་དེང་རབས་རང་བཞིན་གྱི་ཁྲོམ་ར་ཅན་དུ་སྒྱུར་བའི་མགྱོགས་ཚད་ཁ་སྣོན་བརྒྱབས་པ་དེ་དང༌། འཕེལ་རྒྱས་ཟེར་བའི་སྲིད་བྱུས་ཐད་ཀྱི་བསམ་གཞིགས་བཅས་ཀྱིས། བོད་ཁུལ་དེང་རབས་ཅན་དུ་བདེ་གླགས་ངང་བར་བརྒལ་བྱ་བར་རོགས་ཕན་སྒྲུབ་ཐུབ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་རིམ་པ་མང་པོ་ཞིག་ནས་བོད་རིགས་མི་མང་སྤྱི་ཚོགས་དཔལ་འབྱོར་དང༌། རིག་གནས། མི་རིགས་ཀྱི་མགོ་ཁུངས་དང་ངོ་རྟགས་བཅས་ཀྱི་ཐད་སྒྲོམ་གཞིའི་ཐོག་ནས་མཐའ་ཟུར་དུ་དེད་དེ། འགལ་བ་མང་པོ་ཞིག་ཛ་དྲག་ཅན་དུ་བསྒྱུར་ཡོད། ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་སྔོན་དུ་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དེང་སྐབས་ལས་རྗེས་ལུས་ཡིན་ནའང༌། དེང་སྐབས་དང་བསྡུར་ན་སྤྱི་ཚོགས་བརྟན་བརླིང་དང་ཞི་བདེ་ཡིན་པའི་རྒྱུ་མཚན་ཡང་དེ་ཡིན། འདི་ནི་བོད་ཁུལ་ནས་བྱུང་བ་སྟེ། བོད་རིགས་ཀྱི་སྲོལ་རྒྱུན་དང་དེང་རབས་ཅན་གྱི་བརྒྱུད་རིམ་དབར་འབྱུང་ངེས་པའི་གདོང་ཐུག་དྲག་པོ་དེ་ཡིན་ལ། ཚད་རིམ་ངེས་ཅན་ཞིག་ནས་བོད་རིགས་རང་ངོས་ནས་དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་དང་མགྱོགས་ཚད་ལ་དོན་དངོས་ཐོག་གཙོ་འཁྲིད་དང་སྟངས་འཛིན་བྱེད་མ་ཐུབ་པ་ལས་བྱུང༌། ཐོག་མར་ཀྲུང་དབྱང་གིས་སྐུལ་འདེད་བྱས་པའི་བོད་ཁུལ་དེང་རབས་ཅན་དུ་བསྒྱུར་བའི་བརྒྱུད་རིམ་གྱི་དུས་རིམ་གཙོ་བོ་ཁག་སྟབས་བདེའི་སྤྱི་བསྡོམས་ཤིག་བརྒྱབས་པ་གཤམ་གསལ།
བོད་ལྗོངས་གསར་པ་ཞིག་འཛུགས་སྐྲུན་ཆེད་སྤེལ་བའི་དེང་རབས་ཅན་གྱི་མདུན་བསྐྱོད་ནི་དུས་རབས་ཉི་ཤུ་པ་ནས་བཟུང་བོད་ཁུལ་དང་བོད་ཀྱི་ལས་དབང་ཐག་གཅོད་བྱེད་པའི་གླེང་གཞི་ལྟེ་བ་དེ་ཡིན། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པ་ནས་བཟུང༌། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ཁུལ་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་བྱ་བར་སྐུལ་འདེད་བྱས་ཡོད། སྲོལ་རྒྱུན་གྱི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་དང་ཁ་བྲལ་ཏེ། སྤྱི་ཚོགས་ཀྱི་རྨང་གཞི་གསར་པ་འཛུགས་སྐྲུན་བྱས་ཡོད། དེང་རབས་ཅན་གྱི་ལས་འགུལ་འདིར་སྲིད་དོན་གྱི་ནང་དོན་གལ་ཆེན་ཞིག་ཡོད་པ་སྟེ། ཁྲིམས་མཐུན་རང་བཞིན་གྱི་ལམ་ལུགས་གསར་པ་ཞིག་འཛུགས་རྒྱུ་དེ་ཡིན། དེ་དང་ཆབས་ཅིག་བོད་ཁུལ་གྱི་ཆབ་སྲིད་དང༌། དཔལ་འབྱོར། སྤྱི་ཚོགས་ཀྱི་སྒྲོམ་གཞི་བཅས་ལ་ཕོག་ཐུག་བྱུང་བ་མ་ཟད། བོད་ཁུལ་གྱི་ཆོས་ལུགས་དང་རིག་གནས་སོགས་གཏིང་རིམ་ལ་ཕོག་ཐུག་བྱུང་ཡོད། ཀྲུང་དབྱང་གི་བོད་ཁུལ་སྲིད་བྱུས་དེ། ཀྲུང་གོ་གསར་པ་གསར་འཛུགས་བྱུང་བ་ནས་ད་བར་བོད་ཁུལ་དེང་རབས་ཅན་དུ་བསྒྱུར་བའི་བརྒྱུད་རིམ་དེ་རགས་བསྡུས་ཀྱིས་དུས་རིམ་གཉིས་སུ་ཕྱེ་ཆོག དུས་རིམ་དང་པོ་ནི་ཀྲུང་གོ་གསར་པ་ཚུགས་པ་ནས་རིག་གནས་གསར་བརྗེ་བར་གྱི་བོད་ཁུལ་གྱི་འགྱུར་བཅོས་དང༌། དུས་རིམ་གཉིས་པ་ནི་ཀྲུང་གོ་ཧྲིལ་པོས་བཅོས་སྒྱུར་སྒོ་འབྱེད་དང་ཁྲོམ་ར་ཅན་དུ་སྒྱུར་བ་དང་ལྷན། ལོ་རབས་བརྒྱུད་ཅུ་དང་དགུ་བཅུ་ནས་མགོ་ཚུགས་པའི་དེང་རབས་ཅན་དུ་མགྱོགས་ཚད་སྣོན་པའི་བརྒྱུད་རིམ་བཅས་ཡིན།
༡ དུས་རིམ་དང་པོ། ཁྱོན་ཡོངས་ནས་བོད་ཁུལ་གྱི་སྔར་ཡོད་ཆབ་སྲིད་ལམ་ལུགས་དང་དཔལ་འབྱོར་གྱི་རྣམ་པ་འགྱུར་བཅོས་བཏང་སྟེ། ལམ་ལུགས་གསར་པའི་རྨང་གཞི་འཛུགས་སྐྲུན་བྱེད་པ།
ཕྱི་ལོ་ ༡༩༤༩ ལོར་ཀྲུང་གོའི་སྲིད་དབང་གསར་པ་བཙུགས་རྗེས། རྒྱལ་ཡོངས་ནང་”ཆབ་སྲིད་ཕུང་པོ་གཅིག་གྱུར་”གྱི་ལས་འགུལ་སྤེལ་ཞིང༌། དབུས་གཞུང་དང་ས་གནས་དབར་གྱི་དབང་ཆའི་འབྲེལ་བ་བསྐྱར་བཅོས་དང༌། ས་གནས་དབང་ཆའི་ལས་ཁུངས་བསྐྱར་འཛུགས་བྱས་ཡོད། གྲངས་ཉུང་མི་རིགས་ས་ཁུལ་དུ། ཨུ་རུ་སུའི་ལམ་ལུགས་ལ་ལད་ཟློས་བྱས་ཏེ། “མི་རིགས་”ཀྱི་སྒོ་ནས་དབྱེ་འབྱེད་དང་ངོས་འཛིན་བྱ་བའི་རྨང་གཞིའི་སྟེང༌། གྲངས་ཉུང་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་སྲོལ་གསར་འཛུགས་བྱས། རིམ་པ་སོ་སོའི་མི་རིགས་ས་ཁོངས་སྲིད་དབང་”རིམ་འཛུགས་”བྱས་པ་བརྒྱུད། ཆོས་ལུགས་མགོ་ཁྲིད་དང་ཚོ་པའི་མགོ་དཔོན་གྱི་དམིགས་བསལ་དབང་ཚད་རྩིས་མེད་བཏང་སྟེ། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་དང་ཚོ་ཁག་ལམ་ལུགས་མེད་པར་བཟོས། ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་ས་ཁུལ་ལ་ནུས་པ་ལྡན་པའི་དབང་སྒྱུར་བསྐྱར་འཛུགས་བྱས།
ལོ་རྒྱུས་ཐོག་དབུས་གཞུང་དང་ས་གནས་དབར་གྱི་དབང་ཆའི་འབྲེལ་བའི་དམིགས་བསལ་རང་བཞིན་དང༌། ཆོས་སྲིད་ཟུང་འབྲེལ་གྱི་དམིགས་བསལ་རང་བཞིན། རྒྱ་བོད་མཉམ་གནས་ཀྱི་ཧེ་བག་བཅས་ལ་བརྟེན། དབུས་གཙང་ས་ཁུལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ནས་དབུས་གཞུང་གིས་མགོ་འཁྲིད་པའི་ས་གནས་མི་རིགས་ས་ཁོངས་རང་སྐྱོང་གི་སྒྲོམ་གཞིའི་ཐད་ཨ་མདོ་ས་ཁུལ་ལས་ལྷག་པའི་རྙོག་འཛིང་དང་གཞན་དབང་དུ་གྱུར་པའི་གནས་ཚུལ་བྱུང་ཡོད། དབུས་གཙང་དང་ཨ་མདོ་གང་ཡིན་ཡང༌། ལམ་ལུགས་ཐད་ཀྱི་བཅོས་སྒྱུར་ནི་རྙིང་པ་རྩིས་མེད་དང༌། གསར་པ་འཛུགས་སྐྲུན་བྱ་བའི་བརྒྱུད་རིམ་ཞིག་རེད།
དཔལ་འབྱོར་གྱི་རྨང་གཞིའི་ཐད། ལོ་རབས་ལྔ་བཅུ་པའི་མཇུག་ཙམ་ནས་བཟུང༌། ཀྲུང་དབྱང་གིས་ཨ་མདོ་དང་དབུས་གཙང་ས་ཁུལ་དུ་ས་ཞིང་བཅོས་སྒྱུར་བྱས་ཡོད། དགོན་པའི་དཔལ་འབྱོར་དང༌། ཚོ་ཁག་དང་ཡུལ་དཔོན་སོགས་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་སྒྲོམ་གཞི་རྩ་མེད་བཟོས་ཡོད། ཞིང་བྲན་སོགས་བཀས་བཀོད་རྒྱུད་འཛིན་གྱི་མི་དབང་བདག་ཐོབ་ཀྱི་འབྲེལ་བ་རྩིས་མེད་བཏང་སྟེ། ས་ཞིང་དང་སྒོ་ཕྱུགས་སོགས་གཞི་རྩའི་ཐོན་སྐྱེད་རྒྱུ་ཆ་རྣམས་ཞིང་འབྲོག་མི་མང་ལ་བགོ་འགྲེམས་བྱས་ཡོད། གཞི་རྩའི་ཐོན་སྐྱེད་རྒྱུ་ཆ་ལམ་ལུགས་བཅོས་འགྱུར་བཏང་བ་བརྒྱུད། ཞིང་འབྲོག་མི་མང་ལ་ཐོན་སྐྱེད་རྒྱུ་ཆ་ཐོབ་པས། བོད་རིགས་སྤྱི་ཡོངས་ཀྱི་འཚོ་བའི་ཆུ་ཚད་ཡར་རྒྱས་ཆེན་པོ་ཞིག་བྱུང་ཡོད། སྐབས་དེར་བོད་ཁུལ་གྱི་ཐོན་ལས་གཙོ་བོ་ནི་ཞིང་འབྲོག་ལས་རིགས་དང་གཞི་རིམ་ལག་ཤེས་བཟོ་ལས་བཅས་ཡིན། དཔལ་འབྱོར་གྱི་རྨང་གཞིར་བཅོས་སྒྱུར་བཏང་བ་འདིས་བོད་ཁུལ་མི་མང་གི་འཚོ་བའི་ཆུ་ཚད་ཡར་རྒྱས་ཆེན་པོ་བྱུང་ཡོད་ལ། ཚད་རིམ་ངེས་ཅན་ཞིག་ནས་བོད་ཁུལ་དུ་ཁྲིམས་མཐུན་དང་ངོས་ལེན་གསར་པ་ཞིག་འཛུགས་པར་ལམ་ལྷོང་བྱུང་ཡོད། རྟོག་ཞིབ་ཚོགས་ཆུང་གིས་ཞིང་འབྲོག་མང་ཚོགས་ལ་བཅར་འདྲི་བྱེད་སྐབས། ཁྱིམ་ཚང་མང་པོ་ཞིག་གི་ནང་མའོ་ཙེ་ཏུང་གི་འདྲ་པར་བཤམ་པའམ་མཆོད་ཀྱི་འདུག འཆར་ལྡན་དཔལ་འབྱོར་གྱི་ལམ་ལུགས་འོག བོད་ཁུལ་ལ་ཀྲུང་དབྱང་ནས་མི་ཤུགས་དང༌། དངོས་ཤུགས། རྒྱུ་ཤུགས་ཐོག་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཆབ་སྲིད་ལམ་ལུགས་དང་དཔལ་འབྱོར་ལམ་ལུགས་ལ་བཅོས་སྒྱུར་བཏང་བ་དེས། བོད་ཁུལ་དང་རྒྱ་རིགས་ས་ཁུལ་ལམ་ལུགས་ཀྱི་ཐོག་ནས་གཅིག་མཚུངས་སུ་གྱུར་པ་ཆབས་ཅིག བོད་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྒྲོམ་གཞིར་འགྱུར་བ་ཆེན་པོ་བྱུང་ཡོད།
༢ ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པ་ནས་མགོ་བཙུགས་པའི་ཕྱོགས་ཡོངས་ནས་དེང་རབས་ཅན་དུ་སྒྱུར་བའི་ལས་རིམ།
ཕྱི་ལོ་ ༡༩༧༦ ལོར་རིག་གནས་གསར་བརྗེ་མཇུག་སྒྲིལ་བའི་མཚམས་ནས། ཀྲུང་དབྱང་གི་བོད་ཁུལ་སྲིད་བྱུས་དུས་རིམ་གསར་པ་ཞིག་ལ་སླེབས་ཡོད། དུས་རིམ་འདི་ནི་རིག་གསར་རྗེས་ཀྲུང་དབྱང་གིས་སྤྱི་ཡོངས་ནས་བོད་ཁུལ་གྱི་ལས་དོན་བསྐྱར་གསོ་དང་མཐོང་ཆེན་བྱེད་པའི་དུས་སྐབས་ཤིག་ཡིན། ལོ་རབས་བརྒྱད་ཅུ་པའི་མགོར། ལམ་ལུགས་ཀྱི་ཐོག་ནས་གཅིག་གྱུར་ཡོད་ནའང༌། བོད་ཁུལ་སྤྱི་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་གནས་སྟངས་དང་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱ་རིགས་ས་ཁུལ་ལས་རྗེས་ལུས་ཆེན་པོ་ཐེབས་ཡོད་པ་མ་ཟད། རིག་གསར་སྐབས་ཀྱི་བོད་ཁུལ་སྲིད་བྱུས་ལ་བསྐྱར་ཞིབ་བྱས་རྗེས། ཀྲུང་དབྱང་གིས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་མང་གི་འཚོ་བའི་ཆུ་ཚད་གོང་མཐོར་བཏང་བ་བརྒྱུད་བོད་ཁུལ་མི་མང་ཁྲོད་ཀྲུང་དབྱང་གི་ཡིད་ཆེས་སླར་གསོ་ཡོང་བའི་རེ་བ་བྱས་ཡོད། སྲིད་བྱུས་གསར་པ་དེའི་ནང་དོན་སྙིང་པོ་ནི། ཀྲུང་དབྱང་གིས་སྔར་ལྷག་རོགས་སྐྱོར་བྱས་པའི་འོག་བོད་ཁུལ་གྱི་དཔལ་འབྱོར་འཕེལ་ཤུགས་ཇེ་ཆེར་གཏོང་རྒྱུ། འཕེལ་རྒྱས་ཀྱིས་བརྟན་བརླིང་སྐྲུན་པ་དང༌། བརྟན་བརླིང་གིས་འཕེལ་རྒྱས་སྐུལ་འདེད་བྱེད་པ། དེང་རབས་ཅན་འཛུགས་སྐྲུན་གྱི་མགྱོགས་འགྲོས་སྔར་ལྷག་འཕར་སྣོན་བྱས་ཏེ། བོད་རིགས་མི་མང་གི་འཚོ་བའི་ཆུ་ཚད་གོང་མཐོར་བཏང་སྟེ། བོད་ཁུལ་གྱི་སྲོལ་རྒྱུན་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་དང་ངོ་རྟགས་ཀྱི་སྒྲོམ་གཞི་སྔར་ལྷག་བཅོས་སྒྱུར་བྱས་ཏེ། བོད་ཁུལ་དུ་དུས་ཡུན་རིང་པོར་བརྟན་བརླིང་དང་ཁྲིམས་མཐུན་རང་བཞིན་གྱི་ངོས་འཛིན་གསར་འཛུགས་དང་སྲ་བརྟན་བཟོ་བའི་རེ་བ་བཟུང་ཡོད། བྱེད་ཐབས་འདི་དག་ནི་འདས་པའི་ལོ་ངོ་ཉི་ཤུའི་རིང་བོད་ལྗོངས་ལས་དོན་ཚོགས་འདུའི་གཞི་རྩའི་བསམ་བློའི་ཐོག་གསལ་པོར་བསྟན་ཡོད། དུས་རིམ་གསར་པའི་སྲིད་བྱུས་དེས་ཕྱོགས་གཅིག་ནས་ཀྲུང་དབྱང་གིས་ཕྱི་ལོ་ ༡༩༥༩ ནས་མགོ་བཙུགས་པའི། རིག་གནས་གསར་བརྗེས་བར་མཚམས་བཅད་པའི་བོད་ཁུལ་བཅོས་སྒྱུར་གྱི་ལས་རིམ་རྒྱུད་འཛིན་བྱས་ཡོད་ལ། ཕྱོགས་གཞན་ནས་ཀྲུང་དབྱང་གིས་གཙོ་འཁྲིད་བྱས་པའི་བོད་ཁུལ་དུ་ཁྱོན་ཡོངས་ནས་དེང་རབས་ཅན་དུ་སྒྱུར་བའི་བཅོས་སྒྱུར་གཏིང་ཟབ་ལ་སྔར་ལས་མངོན་གསལ་གྱི་སྒོ་ནས་སྐུལ་འདེད་བྱས་ཡོད།
ཕྱི་ལོ་ ༡༩༨༤ ཟླ་ ༣ ནང་ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཤིང༌། རྩ་འཛིན་གནད་བསྡུས་ནང༌། མུ་མཐུད་འཕེལ་རྒྱས་འགྲོ་བཞིན་པའི་གནས་སྟངས་གསར་པ་ལྟར། ཞིབ་ཕྲའི་སྲིད་བྱུས་བཟོ་འཛུགས། དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་བཏང་སྟེ། ཐབས་བརྒྱ་བྱུས་སྟོང་གིས་དཔལ་འབྱོར་ཡར་རྒྱས་བཏང་བ་བརྒྱུད། བོད་ལྗོངས་མི་མང་གང་མགྱོགས་ཕྱུག་པོར་འགྱུར་བར་བྱ་རྒྱུ། ཀྲུང་དབྱང་གིས་གཞི་རྒྱ་ཆེ་བའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་ཁག་ ༤༠ ལྷག་གི་མ་དངུལ་བཏང་སྟེ། ཁྱོན་ཡོངས་ནས་བོད་ཁུལ་སྤྱི་དང་ཁྱད་པར་བོད་རང་སྐྱོང་ལྗོངས་ཀྱི་དེང་རབས་དཔལ་འབྱོར་ཆེད་རྒྱབ་སྐྱོར་ཤུགས་ཆེར་བྱས་ཡོད། ཕྱི་ལོ་ ༡༩༨༩ ཟླ་ ༡༠ པར་<<ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ལྷན་ཚོགས་ཐོག་བོད་ལྗོངས་ཀྱི་ལས་དོན་ཐོག་བགྲོ་གླེང་ཚོགས་འདུའི་ནང་དོན་གནད་བསྡུས་>>ནང༌། བོད་ལྗོངས་ཀྱི་ལས་དོན་ཐོག་ཆབ་སྲིད་ཀྱི་གནས་བབ་དང་དཔལ་འབྱོར་གོང་སྤེལ་བཅས་ཀྱི་བྱ་བ་གཉིས་དམ་པོར་འཛིན་དགོས་ཞེས་མཛུབ་སྟོན་ནན་པོ་བྱས་ཡོད། ཕྱི་ལོ་ ༢༠༠༡ ཟླ་ ༦ ཚེས་ ༢༥ ནས་ ༢༧ བར། ཏང་ཀྲུང་དབྱང་དང༌། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་བསྐངས་པའི་ཐོག ལས་བྱེད་པས་ཁ་གཏད་བོད་སྐྱོར་བྱ་བའི་ལས་དོན་ལོ་༢༠ སྤར་ཆ་བྱས་པ་དང་ཆབས་ཅིག སྲིད་བྱུས་དེ་བོད་ལྗོངས་ཀྱི་རྫོང་དང་གྲོང་བརྡལ་ཡོངས་རྫོགས་ལ་ཁྱབ་ཐུབ་པ་བྱ་རྒྱུའི་ཐག་གཅོད་བྱུང༌།
བོད་ཁུལ་གྱི་ཞིང་འབྲོག་ས་ཁུལ་དུ། སྲིད་བྱུས་གཙོ་བོ་དེ་དག་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་ནང་བྱུང་ཡོད། བོད་ཁུལ་དུ་ཁྱིམ་ཚང་འགན་གཙང་ལེན་གྱི་ལམ་སྲོལ་ཁྱབ་སྤེལ་བཏང་ཡོད། རོང་པ་ས་ཁུལ་དུ། “ས་ཞིང་རང་བདག་རང་སྤྱོད། རང་ཚུགས་ཚོང་གཉེར། ཡུན་རིང་མི་འགྱུར།” ཞེས་པའི་སྲིད་བྱུས་སྤེལ་བའི་ཐོག “སྒོ་ཕྱུགས་རང་བདག སྒེར་བདག་སྒེར་གསོ། རང་ཚུགས་ཚོང་གཉེར། ཡུན་རིང་མི་འགྱུར།” ཞེས་པའི་སྲིད་བྱུས་སྤེལ་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ཧུར་སེམས་ལ་སྐུལ་འདེད་བྱས་ཡོད།
བཟོ་ལས་ཅན་དང་གྲོང་ཁྱེར་ཅན་དུ་བསྒྱུར་བའི་བརྒྱུད་རིམ་ཁྲོད། རྒྱལ་ཁབ་ཀྱིས་ནོར་སྲིད་ཐད་བུམ་པ་གང་བྱོའི་ཚུལ་དུ་གཞུང་ལམ་དང་ལྕགས་ལམ་སོགས་གཞི་རྒྱ་ཆེ་བའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་ཐོག་མ་དངུལ་ཤུགས་ཆེར་བཏང་བས། བོད་ས་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་དེ། བོད་ཁུལ་གྱི་འགྲིམ་འགྲུལ་གྱི་ཆ་མཐུན་དང་མ་དངུལ་གཏོང་སའི་ཁོར་ཡུག་ལེགས་བཅོས་བཏང་བ་བརྒྱུད། ཡུལ་སྐོར་སྤྲོ་འཆམ་དང་ཐོན་ཁུངས་སྣ་ཚོགས་ཐོན་འབྱེད་དང་ཞབས་ཞུའི་ལས་རིགས་སོགས་འབྲེལ་ཡོད་ཐོན་ལས་ཁག་འཕེལ་རྒྱས་ཀྱི་སྣེ་ཁྲིད་བྱས་ཡོད། དམིགས་ཡུལ་ལྡན་པའི་སྒོ་ནས་བོད་ཁུལ་དུ་བཟོ་ལས་ལས་གཞི་དང་ལས་རིགས་ཁག་ཅིག་ལ་རོགས་སྐྱོར་གྱིས་དར་སྤེལ་བཏང་སྟེ། ཞབས་ཞུའི་ལས་རིགས་དང་ཡུལ་སྐོར་སྤྲོ་འཆམ་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཡོད། དེ་དང་ཆབས་ཅིག་ལོ་རབས་དགུ་བཅུ་པའི་དཀྱིལ་ཙམ་ནས་མགོ་བཙུགས་ཏེ། བོད་རིགས་མ་ཡིན་པ་རྣམས་བོད་ཁུལ་གཙོ་བོ་བོད་ལྗོངས་ས་ཁུལ་ལ་ཡོང་ནས་རང་ཚུགས་ཚོང་གཉེར་བྱ་བའི་ཆོག་མཆན་སྤྲད། སྤྱི་ཚོགས་བདེ་དོན་གྱི་ཕྱོགས་ནས། བོད་ཁུལ་གྱི་ལྟེ་གནས་ས་ཁུལ་ལྷ་ས་སོགས་གྲོང་ཁྱེར་གཙོ་ཁག་ལ་རིན་མེད་སློབ་གསོ་དང༌། སྤྱི་ཚོགས་བདེ་དོན་སྣ་ཚོགས། སྤྱི་པའི་བྱ་གཞག་འཛུགས་སྐྲུན་སོགས་ཀྱི་ཐད་མ་དངུལ་འབོར་ཆེན་བཏང་ཡོད། ཞིང་འབྲོག་ས་ཁུལ་སོགས་དབུལ་ཕོངས་ས་ཁུལ་ལ་རྒྱལ་ཁབ་ཀྱིས་དབུལ་སྐྱོར་མ་དངུལ་གྱིས་རྒྱབ་སྐྱོར་དང་གསབ་འདེགས་བྱས་ཡོད། གཞི་རིམ་དབང་ཆའི་སྒྲོམ་གཞིའི་ཕྱོགས་ནས། སློབ་གསོ་སྤུས་ལེགས་ཐོབ་ཡོད་པའི་བོད་རིགས་མ་ཡིན་པའི་ལས་མི་བོད་དུ་ནང་འདྲེན་བྱ་རྒྱུར་བསྐྱར་དུ་མཐོང་ཆེན་བྱས་ཏེ། ས་གནས་དབང་ཆའི་སྒྲོམ་གཞི་སྔར་ལྷག་སྲ་བརྟན་དུ་བཏང་ཡོད། རིག་གནས་སློབ་གསོའི་ཕྱོགས་ནས། བོད་ཁུལ་གྱི་རྨང་གཞིའི་སློབ་གསོ་དང་ནང་སར་བོད་ལྗོངས་སློབ་གྲྭ་དང་བོད་ལྗོངས་འཛིན་གྲྭ་སོགས་གསར་འཛུགས་བྱས་པ་བརྒྱུད། བོད་རིགས་ཤེས་ལྡན་པ་གསར་པ་བསྐྱེད་བསྲིང་བྱས་ཡོད།
དོན་དངོས་ཐོག་སྲིད་བྱུས་གསར་པའི་ཁ་ཕྱོགས་ལ་རིམ་པ་གཉིས་འདུས་ཡོད། ཕྱོགས་གཅིག་ནས་དེང་རབས་ཅན་གྱི་དཔལ་འབྱོར་དང་སྤྱི་ཚོགས་བདེ་དོན་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང༌། ཕྱོགས་གཞན་ནས་རིག་གསར་སྐབས་ཀྱི་ནོར་འཁྲུལ་བསྐྱར་ཞིབ་བྱས་ཏེ། བོད་ཁུལ་གྱི་བོད་རིགས་ཀྱི་ཁྱད་ཆོས་ལ་མཐོང་ཆེན་དང་བརྩི་བཀུར་བྱེད་པ། ས་གནས་བོད་རིགས་དཔོན་རིགས་ལ་རོགས་སྐྱོར། བོད་ཁུལ་གྱི་རིག་གནས་དང་སློབ་གསོའི་བྱ་གཞག་ལ་དོ་སྣང༌། བོད་ཀྱི་རིག་གནས་དང་ཆོས་ལུགས་འཚོ་བ་རྒྱུད་འཛིན་དང་བསྐྱར་གསོ། བོད་སྐད་བཀོལ་སྤྱོད་ལ་སྐུལ་འདེད་སོགས་བྱས་ཡོད། གོང་གསལ་རྣམས་གཅིག་བསྡུས་བྱས་ན་ཁ་ཕྱོགས་གཙོ་བོ་གཉིས་སུ་མངོན་ཡོད། གཅིག་ནི་ཁྲོམ་ར་ཅན་དུ་བསྒྱུར་རྒྱུ་དང༌། གཞན་ནི་ཆོས་ལུགས་འཚོ་བ་བསྐྱར་གསོ་བྱ་རྒྱུ་བཅས་ཡིན།
དུས་རིམ་དང་པོའི་དབང་ཆའི་སྒྲོམ་གཞི་ཡིས་སྲོལ་རྒྱུན་གྱི་དོན་སྙིང་ལྡན་པའི་བོད་ཁུལ་དང་རྒྱལ་ནང༌། བོད་ཁུལ་དང་ཀྲུང་དབྱང་གཉིས་ཀྱི་འབྲེལ་བ་བསྒྱུར་བཅོས་བཏང་ཡོད། ལམ་ལུགས་ཤུལ་མེད་བཟོས་པ་དང་ཐད་ཀར་དབང་སྒྱུར་བྱས་པ་བཅས་ཀྱིས། བོད་རིགས་དང་རྒྱ་ནག་ཧྲིལ་པོའི་འཕེལ་རྒྱས་གཞི་གཅིག་ཏུ་སྦྲེལ་ཡོད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུ་པ་ནས་མགོ་བཙུགས་ཏེ། རྒྱ་ནག་ཧྲིལ་པོ་ལམ་ཁ་འཚོལ་བཞིན་འཚོལ་བཞིན་མགྱོགས་མྱུར་དང་ཁྱོན་ཡོངས་ནས་ཁྲོམ་ར་ཅན་དུ་བསྒྱུར་བའི་འཕེལ་རིམ་དང་མཉམ་དུ། བོད་ཁུལ་གྱི་འཕེལ་རྒྱས་དེ་དམིགས་ཡུལ་ལྡན་པའི་སྒོ་ནས་རྒྱ་ནག་ཧྲིལ་པོའི་དེང་རབས་ཅན་དུ་མགྱོགས་བསྐྱོད་ཀྱི་ལས་རིམ་ཁྲོད་ཟླ་སྒྲིལ་བཏང་སྟེ། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཚོ་བ་ཧྲིལ་པོ་ཁྲོམ་ར་ཅན་དང་དེང་རབས་ཅན་དུ་བསྒྱུར་རྒྱུ་བཅས་ནི་བོད་ཁུལ་གྱི་གནད་དོན་སེལ་ཐབས་ལྟེ་བར་གྱུར་ཡོད། རིག་གསར་རྗེས་ཀྲུང་དབྱང་གི་བོད་ཁུལ་སྲིད་བྱུས་ལ་བསྐྱར་གསོ་དང་གུ་ཡངས་ཀྱི་བརྒྱུད་རིམ་ཞིག་བྱུང་ཡོད་པ་དེ་ནི། ཚད་གཞི་ངེས་ཅན་ནས་བོད་ཁུལ་དང་བོད་རིགས་ཀྱི་ཁྱད་ཆོས་ལ་བརྩི་བཀུར་དང་རོགས་སྐྱོར་བྱ་འདུན་གྱི་སྲིད་བྱུས་རིམ་པའི་ཐོག་ནས་མངོན་ཡོད། གུ་ཡངས་འདི་རིགས་སྲོལ་རྒྱུན་གྱི་དབང་སྒྱུར་ཁྲིམས་མཐུན་དང་སྤྱི་ཚོགས་བརྟན་བརླིང་གི་གཞི་རྩའི་དགོས་འདུན་གྱི་རྒྱ་ལས་འདའ་ཐུབ་མེད། བོད་ཁུལ་གྱི་ཆོས་ལུགས་འཚོ་བའི་ཐོག་ཀྲུང་དབྱང་གི་(སྒྱུར་པ་པོས།)འགལ་བ་ཅན་གྱི་རྣམ་འགྱུར་དེ། ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་ལྷ་སར་བརྟན་བརླིང་མ་ཡིན་པའི་དོན་རྐྱེན་དུ་མ་ཞིག་བྱུང་བ་དང༌། ཏཱ་ལའི་བླ་མ་མཉམ་གྲོས་མོལ་རིམ་བྱས་ལ་ཕམ་ཉེས་བྱུང་བ་བཅས་ཀྱིས། ཀྲུང་དབྱང་ནས་ཕྱི་བཤོལ་དེ་ལྷག་བྱ་འདོད་མེད་པར་གྱུར་པ་གདོན་མི་ཟ། བོད་ཁུལ་ཧྲིལ་པོའི་སྲིད་བྱུས་ཀྱི་ལྟེ་བ་དེ་རིམ་གྱིས་འཕེལ་རྒྱས་ཟེར་བའི་རིགས་ལམ་ཐོག་ལྷུང་བ་སྟེ། དཔལ་འབྱོར་འཕེལ་རྒྱས་དང་”རྒྱ་རིགས་”ཀྱིས་གཙོ་འཁྲིད་བྱས་པའི་དེང་རབས་ཅན་ལ་མཐོང་ཆེན་བྱས་ཡོད།
“འཕེལ་རྒྱས་”འདི་རིགས་ནི་ཀྲུང་དབྱང་གིས་ནོར་སྲིད་ཐོག་གཞི་རྒྱ་ཆེ་བའི་མ་དངུལ་མཁོ་འདོན་བྱས་ཏེ་གཞི་རིམ་མཐུན་རྐྱེན་འཛུགས་སྐྲུན་གཙོ་བོ་བྱས་པའི་བརྒྱུད་རིམ་ལ་བརྟེན་ནས་སྤེལ་ཡོད། ཐལ་སྤྱོད་ཀྱི་རྣམ་པ་འདི་རིགས་ལ་”དཔེ་སྟོན་”གྱི་དམིགས་ཡུལ་ཤུགས་ཆེན་ལྡན་པས། མ་དངུལ་འདི་རྣམས་ལྷ་སས་གཙོས་པའི་བོད་ཁུལ་གྱི་ས་ཁུལ་ཉུང་ཤས་ཤིག་ལ་མ་དངུལ་འབོར་ཆེན་བཏང༌། དོན་དངོས་ཐོག་སྲོལ་རྒྱུན་ཞིང་ལས་རྨང་གཞིར་གྱུར་པའི་བོད་ཁུལ་རང་གི་དཔལ་འབྱོར་འཕེལ་རྒྱས་དང་འཁྲུག་ཆ་དོད་པོར་འགྱུར་ཐུབ་མེད་ལ། བརྒྱུད་རིམ་ཧྲིལ་པོའི་ཁྲོད། བོད་ཁུལ་ལ་དངོས་ཡོད་ཀྱི་རྒྱུས་ལོན་དང༌། བོད་ཁུལ་འཕེལ་རྒྱས་ཀྱི་དམིགས་བསལ་རང་བཞིན། དེ་ལས་གཞི་རྒྱ་ཆེ་བའི་བོད་རིགས་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་ལ་དོ་སྣང་བྱ་རྒྱུ་ཆེས་ཉུང་བ་བྱུང་ཡོད།
༡་༢ དམིགས་བསལ་གཏན་འཁེལ་གྱི་བརྒྱུད་ལམ་འོག་དེང་རབས་ཅན་དུ་བསྐྱོད་པའི་གོམ་འགྲོས་ཇེ་མགྱོགས་སུ་བཏང་བའི་སྤྱི་ཚོགས་ཀྱི་མཇུག་འབྲས།
དམིགས་བསལ་གཏན་འཁེལ་བྱས་པའི་སྲིད་བྱུས་དང་འཕེལ་རྒྱས་ཀྱི་རིགས་ལམ། དམིགས་བསལ་གཏན་འཁེལ་བྱས་པའི་འཕེལ་རྒྱས་ཀྱི་ལམ་ཕྱོགས་དང་མགྱོགས་ཚད་བཅས་འདི་དག་ལ་བརྟེན་ནས། དམིགས་བསལ་གཏན་འཁེལ་བའི་སྤྱི་ཚོགས་རང་བཞིན་གྱི་མཇུག་འབྲས་བྱུང་སྟེ། དེང་གི་བོད་ཁུལ་གྱི་དཔལ་འབྱོར་གནས་སྟངས་དང༌། སྤྱི་ཚོགས་ཀྱི་སྒྲོམ་གཞི། སྤྱི་ཚོགས་སེམས་ཁམས་བཅས་ཐད་ཀྱི་ཁྱད་ཆོས་སྣ་ཚོགས་གསར་བསྐྲུན་བྱས་ཡོད།
༡ “རྒྱ་བསྐྱེད་པའི་”དཔལ་འབྱོར་འཕེལ་རྒྱས་གྱི་རྣམ་པའི་འོག་གི་བོད་ཁུལ་གྱི་དཔལ་འབྱོར་འཚོ་བ།
དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་དྲུག་ཅུ་པ་ནས་བཟུང༌། བོད་ཁུལ་དུ་དེང་རབས་ཅན་ལ་འགྱུར་བཅོས་བྱེད་པའི་དུས་རིམ་མངོན་གསལ་ཅན་གཉིས་བྱུང་ཡོད། མཁས་པ་མང་པོ་ཞིག་གིས་དེང་རབས་ཅན་གྱི་ལས་རིམ་འདིའི་ནང་ཁུལ་གྱི་རིགས་ལམ་ཐོག་དོ་སྣང་བྱུང་ཡོད། སློབ་དཔོན་མཱ་རོན་གྱིས་<<བོད་ལྗོངས་ཀྱི་དཔལ་འབྱོར་གནས་སྟངས་དང་འཕོ་འགྱུར་>>ཞེས་པའི་ནང་བསྟན་དོན། བོད་ཁུལ་གྱི་དཔལ་འབྱོར་གནས་སྟངས་ཀྱི་འཕོ་འགྱུར་ཐད་དེང་རབས་ཅན་”རྒྱ་བསྐྱེད་པའི་རྣམ་པ་”ཞིག་མངོན་གྱི་ཡོད་པ་སྟེ། ལྟེ་གནས་ས་ཁུལ་གྱི་སྤྱི་ཚོགས་སྒྲོམ་གཞི་རིམ་གྱིས་ཕྱོགས་མཐའ་ཁུལ་དུ་”རྒྱ་བསྐྱེད་པ”དེའོ། །རྒྱ་བསྐྱེད་དེ་ནི་ཀྲུང་དབྱང་སྲིད་གཞུང་གི་ལམ་སྟོན་དང་སྐུལ་འདེད་འོག་བྱུང་བ་ཞིག་ཡིན་སྟབས། ཡོད་ཚད་གཅིག་གྱུར་ལ་འབད་པའི་”གཅིག་གྱུར་ཆེན་པོའི་”ལྟ་ཚུལ་དང་གུ་དོག་པའི་རྒྱ་རིགས་སུ་བསྒྱུར་བའི་འཕེལ་རྒྱས་ཀྱི་ལྟ་བ་བཅས་ལ་ཁ་འབྲལ་ཐབས་མེད་པར་གྱུར།
བོད་ཁུལ་གྱི་དེང་རབས་ཅན་གྱི་ལས་རིམ་དེ་ཐོག་མར་བོད་ཁུལ་གྱི་གཞི་རྩའི་ཆབ་སྲིད་དང༌། དཔལ་འབྱོར། སྤྱི་ཚོགས་སྒྲོམ་གཞི་བཅས་”ཡོད་ཚད་གཏོར་ནས་ཡོད་ཚད་འཛུགས་པ་”ཟེར་བའི་རྨང་གཞིའི་ཐོག་གཞི་བཙུགས་ཏེ། སྔོན་ཆད་ཀྱི་སྒྲོམ་གཞི་དང་ལམ་ལུགས་ཡོད་ཚད་རྩ་གཏོར་བཏང་སྟེ། “གཅིག་གྱུར་”གྱི་ལམ་ལུགས་གསར་པ་བོད་ཁུལ་དུ་གསར་འཛུགས་བྱས་ཡོད། དེ་རྗེས། དེང་རབས་ཅན་གྱི་ལས་རིམ་འདིའི་གནས་ཡུན་དང་མདུན་བསྐྱོད་ནི་ཚད་གཞི་ངེས་ཅན་ཞིག་གི་ཐོག་ཀྲུང་དབྱང་སྲིད་གཞུང་གིས་ཕྱི་ནས་གནང་བའི་རོགས་སྐྱོར་དང་རྒྱབ་སྐྱོར་ལ་བརྟེན་ཡོད། གསུམ་པ་ནི། དེང་རབས་ཅན་གྱི་ལས་རིམ་ལམ་ཕྱོགས་འདེམས་སྒྲུག་བྱེད་སྐབས། ཆབ་སྲིད་བརྟན་བརླིང་དང་བསམ་བློའི་གཏན་ཚིགས་གཉིས་ལ་རྟག་ཏུ་འབྲལ་ཐབས་མ་བྱུང་བས། “འཕེལ་རྒྱས་”དང་”བརྟན་བརླིང་”དབར་ནང་ཁུལ་འགལ་ཟླ་བྱུང་བ་མངོན་ཡོད།
སློབ་དཔོན་མཱ་རོན་སོགས་མཁས་པ་ཁག་གིས་བོད་ལྗོངས་སྤྱི་དང་ཁྱད་པར་ལྷ་ས་ཁུལ་གྱི་དཔལ་འབྱོར་སྒྲོམ་གཞིར་ཞིབ་འཇུག་བྱས་འབྲས་སུ། མགྱོགས་མྱུར་གྲོང་རྡལ་ཅན་དུ་སྒྱུར་བའི་ལམ་རིམ་དེ་ཐད་ཀར་ཀྲུང་དབྱང་གི་ནོར་སྲིད་རྒྱབ་སྐྱོར་ལ་བརྟེན་ནས་སྤེལ་གྱི་ཡོད། བོད་ཁུལ་གྱི་རང་བྱུང་དང་སྤྱི་ཚོགས་ཆ་རྐྱེན་ལ་གཞིགས་ན། བོད་དུ་ནང་འདྲེན་བྱས་པའི་བཟོ་ལས་ཅན་གྱི་ལས་རིམ་ཚང་མ་ཕམ་ཉེས་བྱུང་སྟེ་མཇུག་སྒྲིལ་ཡོད། བདེ་དོན་ཚད་མཐོན་པོ་དང་སྲིད་གཞུང་གིས་ཉོ་སྒྲུབ་ལ་བརྟེན་ནས་ལྷ་སར་འཛད་སྤྱོད་དཔལ་འབྱོར་གྱི་རྣམ་པ་གྲུབ་ཡོད་ནའང༌། སྤྱིར་བཏང་གི་ཞིང་འབྲོག་ས་ཁུལ་ལ་མཚོན་ན། དེང་རབས་ཅན་གྱི་ལས་རིམ་ཁྲོད་ཆ་རྐྱེན་ཞན་ཞིང་གདོད་མའི་ཆུ་ཚད་དུ་གནས་པའི་ཞིང་འབྲོག་ལས་རིགས་རང་བཞིན་རྗེས་ལུས་སུ་འགྱུར་བའི་རྒྱ་ནག་ནང་ས་དང་མཚུངས་པའི་དཀའ་ངལ་ལ་འཕྲད་བཞིན་ཡོད། ཉེ་བའི་ལོ་ངོ་ཉི་ཤུའི་རིང༌། དངོས་གནས་བཤད་ན་ལོ་ངོ་ ༡༠ བོད་ཁུལ་གྲོང་རྡལ་ཅན་དུ་བསྒྱུར་བའི་ལས་རིམ་དང༌། གཞི་རིམ་མཐུན་རྐྱེན་འཛུགས་སྐྲུན། ཁྲོམ་རའི་དཔལ་འབྱོར་གྱི་འཕེལ་རིམ། ཐ་ན་རྒྱ་རིགས་ས་ཁུལ་གྱི་དཔལ་འབྱོར་ལ་མཉམ་འབྲེལ་གྱི་གནས་ཚད་སོགས་ཀྱི་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
དེང་རབས་ཅན་གྱི་ལས་རིམ་ཁྲོད། ཞིང་འབྲོག་ལས་རིགས་ནི་སྲོལ་རྒྱུན་ཐོན་ལས་ཡིན་པའི་ཆ་ནས་གོ་གནས་ཧ་ཅང་ཞན། རང་བྱུང་ཁོར་ཡུག་གི་ཚོད་འཛིན་ལ་བརྟེན་ཞན་ཆ་འདི་རིགས་མངོན་གསལ་ཧ་ཅང་དོད་པོ་ཡིན། ཀན་ལྷོ་ས་ཁུལ་གྱིས་མཚོན་པའི་སྲོལ་རྒྱུན་ཞིང་འབྲོག་ས་ཁུལ་ལྟོས་འཇོག་གིས་གོ་གནས་ཞན་ས་བཟུང་ཡོད། ཀན་ལྷོར་རྟོག་ཞིབ་བྱེད་སྐབས། ཀན་ལྷོ་རང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ས་གནས་གཙོ་བོ་ཞིག་རེད། ཞིང་འབྲོག་ལས་རིགས་ཀྱིས་གཙོ་བྱས་པའི་དཔལ་འབྱོར་སྒྲོམ་གཞི་དེས་ཀན་ལྷོ་ས་ཁུལ་ལྟོས་འཇོག་གིས་དབུལ་ཕོངས་སུ་གྱུར་ཡོད། ཞིང་འབྲོག་མི་མང་དཀྱུས་མ་ཞིག་གི་འཚོ་བའི་ཆུ་ཚད་རྒྱབ་མ་འཁྱགས་ལྟོ་མ་ལྟོགས་ཙམ་གྱི་མཚམས་ཐིག་ཐོག་ཡོད། མ་དངུལ་བཏང་བའི་ཐོན་སྐྱེད་ཙམ་མ་ཟད། ཞིག་འབྲོག་མི་མང་དཀྱུས་མ་ཚོར་ལོ་རེར་དངུལ་ལྷག་མང་པོ་མེད། བསང་ཆུ་རྫོང་དུ་རྟོག་ཞིབ་སྐབས། ས་གནས་མཁས་པ་ཞིག་གིས་ང་ཚོར་བརྗོད་རྒྱུར། གཞི་རིམ་གྱི་ཞིང་འབྲོག་ལས་རིགས་ཙམ་ལས། ས་གནས་ཀྱི་ཐོན་སྐྱེད་ལས་རིགས་ཕལ་ཆེར་སྟོང་ཆར་གྱུར་ཡོད། སྔོན་ཆད་ཞིང་འབྲོག་ལས་རིགས་གཙོ་བྱས་པའི་བལ་འཐག་བཟོ་གྲྭ་དང་བཤའ་གསོད་ཞིབ་ལས་སོགས་ཞིབ་ལས་བཟོ་ལས་ཐམས་ཅད་སྒོ་རྒྱག་དགོས་པ་བྱུང༌། བླ་བྲང་དགོན་པའི་གནས་ཡུལ་བསང་ཆུ་རྫོང་གི་ལོ་རེའི་ཡུལ་སྐོར་སྤྲོ་འཆམ་སྒོ་འབྱེད་དུས་ཡུན་ཟླ་ ༥ ནས་ ༡༠ བར་ལོ་ཕྱེད་ཡས་མས་མ་གཏོགས་མེད། དམིགས་བསལ་གཏན་འཁེལ་བའི་ཐོན་ལས་སྒྲོམ་གཞི་དང་རང་བྱུང་ཁོར་ཡུག་འོག བོད་ཁུལ་གྱི་ས་གནས་ཕལ་ཆེ་བ་དེང་རབས་ཅན་ལ་མདུན་བསྐྱོད་ཀྱི་བརྒྱུད་རིམ་ཁྲོད་སྟོབས་ཤུགས་ཞན་གྲས་ཀྱི་གོ་གནས་བཟུང་ཡོད། ལྷ་སས་གཙོས་པའི་འཕེལ་རྒྱས་བྱུང་བའི་ས་ཁུལ་ཁག་ལ་ཀྲུང་དབྱང་གི་བུམ་པ་གང་བྱོའི་རོགས་སྐྱོར་འོག་བདེ་དོན་ཚད་མཐོ་དང༌། སྐྱོབ་གསོའི་ལྟེ་གནས་སུ་གྱུར་ཡོད། ལོ་རབས་དགུ་བཅུ་པ་ནས་བཟུང༌། ས་གནས་སྲིད་གཞུང་ལ་ནོར་སྲིད་ཀྱི་རྒྱབ་སྐྱོར་འབོར་ཆེན་དང༌། གཞི་རྩའི་མཐུན་རྐྱེན་རྒྱ་ཆེར་འཛུགས་བསྐྲུན། གྲོང་ཁྱེར་དང་གྲོང་སྡོད་མི་མང་ལ་ཚད་མཐོའི་བདེ་དོན་སྦྱར་བ་བཅས་ཀྱིས། ལྷ་སའི་རྣམ་པ་མགྱོགས་མྱུར་ངང་འགྱུར་ལྡོག་བྱུང་ཞིང༌། ཚོང་རྫས་དཔལ་འབྱོར་འཁྲུག་ཆ་དོད་པོར་གྱུར། ལྷ་སའི་གཏན་སྡོད་ཡུལ་མིའི་ཡོང་འབབ་ནི་པེ་ཅིང་དང་ཧྲང་ཧེ་སོགས་ཡར་རྒྱས་ལྡན་པའི་ས་ཁུལ་གྱི་ཆུ་ཚད་དུ་སླེབས་ཤིང༌། བོད་ཁུལ་གྱི་ཞིང་འབྲོག་མི་མང་དང་བསྡུར་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད། དེང་རབས་ཀྱི་གྲོང་ཁྱེར་ཞིག་ཡིན་པའི་ཆ་ནས། ལྷ་སར་ཡར་རྒྱས་ཀྱི་རྟགས་མཚན་ཡོངས་རྫོགས་འཛོམས་ཡོད། བཅར་འདྲི་བརྒྱུད་ང་ཚོར་མྱོང་ཚོར་བྱུང་བ་ཞིག་ནི། ལྷ་ས་དེ་བོད་ཁུལ་གྱི་དེང་རབས་གྲོང་ཁྱེར་ལྟེ་བའི་གོ་གནས་དང་རྣམ་པ་ནི་ལོ་རབས་དགུ་བཅུ་པའི་དཀྱིལ་མཇུག་ནས་མགོ་ཚུགས་ཏེ། ཕྱི་ལོ་ ༢༠༠༠ རྗེས་སུ་མགྱོགས་མྱུར་ངང་གྲུབ་འདུག སྔོན་གྱི་མཁས་པའི་ཞིབ་འཇུག་དང་ལྷ་སའི་ཡུལ་མི་མང་པོར་འབྲེལ་གཏུགས་བྱས་པ་བརྒྱུད། ང་ཚོས་གསར་རྟོགས་བྱུང་བ་ཞིག་ལ། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་ཆུ་ཚད་དང༌། ཡུལ་མིའི་གཏན་འཇགས་ཡོང་འབབ། བདེ་དོན་ཆུ་ཚད། དེང་རབས་ཅན་གྱི་འཚོ་བ་སྐྱེལ་སྟངས་སོགས་རྒྱ་རིགས་ཀྱི་ཡར་རྒྱས་ལྡན་པའི་ཡུལ་གྲུ་གང་ལའང་བསྡུར་ཆོག་པ་འདི་ནི། ཨ་མདོ་ས་ཁུལ་སོགས་ཞིང་འབྲོག་ལས་གཙོ་བོར་གྱུར་པའི་ལྟེ་གནས་ས་ཁུལ་ཕྱི་རོལ་གྱི་བོད་ཁུལ་དང་ཧེ་བག་མངོན་གསལ་འདུག དེང་རབས་ཅན་ལ་མགྱོགས་ཚད་སྣོན་པ་དང་ཁྲོམ་ར་ཅན་ལ་རྒྱུག་འགྲོས་བྱེད་པའི་བརྒྱུད་རིམ་ཁྲོད། བོད་ཁུལ་དང་རྒྱ་རིགས་ས་ཁུལ་དབར་དང༌། བོད་ཁུལ་ནང་རོལ་གྱི་ས་ཁུལ་མི་འདྲ་བའི་དབར། བོད་ཁུལ་གྱི་གྲོང་ཁྱེར་དང་ཞིང་འབྲོག་ས་ཁུལ་དབར་བཅས་ཀྱི་ཧེ་བག་མུ་མཐུད་ཇེ་ཆེར་འགྲོ་བའི་གནས་སྟངས་བྱུང་འདུག།
གཞན་ཡང༌། ཀྲུང་དབྱང་གིས་”ནུབ་རྒྱུད་ཐོན་འབྱེད་ཆེན་མོ་”དང་བོད་ཁུལ་འཕེལ་རྒྱས་ཀྱི་མགྱོགས་ཚད་སྣོན་པའི་འཐབ་ཇུས་བཅས་ཀྱི་སྲིད་བྱུས་ཆེན་པོའི་འོག མ་དངུལ་འབོར་ཆེན་གཏོང་བའི་ལས་གཞི་དང༌། གྲོང་ཁྱེར་དང་གྲོང་རྡལ་གྱི་ཚོང་རྫས་དཔལ་འབྱོར་འཕེལ་རྒྱས། ཡུལ་བསྐོར་སྤྲོ་འཆམ་ལས་རིགས་དར་སྤེལ། ཕྱི་ནས་དཔལ་འབྱོར་གྱི་གོ་སྐབས་འཚོལ་བའི་མི་ཚོགས་རྒྱུན་ཆད་མེད་པར་བོད་རིགས་ལྟེ་སྙིང་ས་ཁུལ་ལ་འདུ་འཛོམས་འབྱུང་བཞིན་ཡོད། དཔལ་འབྱོར་གྱི་གོ་སྐབས་གསར་པས་བོད་ཁུལ་ནང་ལོགས་མི་འབོར་འགྲོ་འོང་གི་བྱེད་སྒོ་ཚུགས་པ་མ་ཟད། ཕྱི་སྡོད་མི་གྲངས་འབོར་ཆེན་བོད་ཀྱི་ལྟེ་སྙིང་ས་ཁུལ་དུ་འདྲེན་འགུགས་བྱས། ལྷ་སས་མཚོན་པའི་དཔལ་འབྱོར་གྱི་སྒོ་ནས་མི་འབོར་གནས་སྤོས་ནི་འབུར་དུ་ཐོན་པའི་སྣང་ཚུལ་ཞིག་ཆགས་ཡོད། འོན་ཀྱང་སྲིད་གཞུང་གིས་གདོད་མ་ནས་བརྒྱུད་རིམ་འདིར་ཐེ་བྱུས་མི་བྱ་བའི་སྲིད་བྱུས་བཟུང་ཡོད།
༡ དེང་རབས་ཅན་དུ་བསྐྱོད་རིམ་ཁྲོད་བོད་མི་རྣམས་ཉིན་བཞིན་མཐའ་ཟུར་དུ་འདེད་བཞིན་ཡོད།
ཕྱི་ལོ་ ༡༩༥༩ ལོ་ནས་བཟུང༌། བོད་ལྗོངས་ས་ཁུལ་གྱི་ཞིང་འབྲོག་ལས་རིགས་ཐོག་ཡར་རྒྱས་མངོན་གསལ་བྱུང་ཡོད། འོན་ཀྱང་གཞི་རྩའི་ཐོག་ཞིང་འབྲོག་ལས་རིགས་ལྟེ་བར་གྱུར་པའི་དཔལ་འབྱོར་སྒྲོམ་གཞིར་འགྱུར་བ་བྱུང་མེད། དེང་རབས་ཅན་དུ་བསྐྱོད་རིམ་གཏིང་ཟབ་ཏུ་སོང་བ་དང་ཆབས་ཅིག ཞིང་འབྲོག་ལས་རིགས་ཀྱི་སྟོབས་ཤུགས་ཞན་པའི་གནས་སྟངས་སྔར་ལས་མངོན་གསལ་དོད་པོར་གྱུར། ཞིང་འབྲོག་ལས་རིགས་དེང་རབས་ཅན་དུ་བསྒྱུར་རྒྱུར་རྒྱུ་རྐྱེན་སྣ་ཚོགས་དབང་གིས་མདུན་བསྐྱོད་མ་ཐུབ་པ། དེ་དང་ཆབས་ཅིག གྲོང་ཁྱེར་དང་གྲོང་རྡལ་གྱི་གཙོ་འཁྲིད་ཐོན་ལས་རྩ་ནས་འཛུགས་སྐྲུན་མ་ཐུབ་པ། རྒྱལ་ཁབ་ཀྱིས་རྒྱུན་མཐུད་པའི་རྒྱབ་སྐྱོར་དང་མ་འཛུགས་ཁག་ལ་གྱོང་གུད་ཆེན་པོ་བྱུང༌། བོད་ཁུལ་དུ་ནང་ས་དང་མཚུངས་པའི་དེང་རབས་ཅན་གྱི་ལམ་ཕྱོགས་སྤེལ་རྒྱུ་དོན་དངོས་དང་མི་འཚམ་ལ། གནས་ལུགས་དང་མི་མཐུན། སྤྱི་ཚོགས་ཀྱི་རྨང་གཞི་སྨིན་པོ་ཞིག་མེད་པ་བཅས་སོ། །ཀྲུང་དབྱང་གིས་གཞི་རྒྱ་ཆེ་བའི་རྒྱབ་སྐྱོར་དབང་གིས་བོད་ཁུལ་དེ་ཀྲུང་དབྱང་སྲིད་གཞུང་ལ་བརྟེན་ཐལ་ཇེ་དྲགས་སུ་གྱུར་ཏེ། “གཞན་རྟེན་དཔལ་འབྱོར་”གྱི་རྣམ་པ་ཞིག་ཏུ་འཕེལ་འགྱུར་བྱུང༌། ཀན་ལྷོ་ས་གནས་སྲིད་གཞུང་གི་དཔལ་འབྱོར་ཡོང་འབབ་དེ་ལོ་ཧྲིལ་པོའི་ནོར་སྲིད་གཏོང་སྒོའི་བསྡོམས་འབོར་གྱི་ཆ་ཤས་ཉུང་ཉུང་ཞིག་ལས་ཟིན་མེད། དུས་རྒྱུན་བཅུ་ཆ་གཅིག་འོག་ཡོད། ནོར་སྲིད་ཡོང་འབབ་ཕལ་ཆེ་བ་ཀྲུང་དབྱང་ནས་བྱུང༌། གནས་སྟངས་འདི་བོད་རང་སྐྱོང་ལྗོངས་སུ་གཅིག་མཚུངས་ངང་གནས་ཡོད། རྒྱལ་ཁབ་ཀྱིས་ལོ་རེར་མ་དངུལ་འབོར་ཆེན་གཏོང་གི་ཡོད་ནའང༌། མ་དངུལ་དེ་དག་ས་གནས་དཔལ་འབྱོར་རང་རྐྱ་འཕེར་བའི་ཡར་རྒྱས་ལ་ཕན་ཐོགས་ཧ་ཅང་ཆུང༌། དམིགས་བསལ་མཐུན་རྐྱེན་ལྡན་པའི་ཐོན་ལས་གཙོ་བོ་མེད་པ། ཞིང་འབྲོག་ལས་རིགས་ད་དུང་སྔོན་བཞིན་གཞི་རིམ་ཐོག་གནས་པ། ལྟེ་སྙིང་ས་ཁུལ་གྱི་ཚོང་རྫས་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་བོད་རིགས་མ་ཡིན་པའི་ཚོགས་སྡེ་ཡིན་པ་བཅས། བོད་ཁུལ་ཧྲིལ་པོའི་དེང་རབས་ཅན་དུ་ལས་རིམ་ཁྲོད་བོད་རིགས་རང་ངོས་ཀྱི་ནུས་ཤུགས་མེད་ཅིང༌། བོད་རིགས་མང་ཚོགས་དཀྱུས་མར་ཁེ་ཕན་ཆེན་པོ་སྤྲོད་ཐབས་མེད།
རྒྱལ་ཁབ་ཀྱིས་སྲིད་བྱུས་ཆེན་པོའི་ཐད་བུམ་པ་གང་བྱོ་དང་རོགས་སྐྱོར་གྱིས་བོད་རིགས་བྱིངས་ལ་ཕན་ཐོགས་བྱུང་མེད། བོད་མི་རྣམས་དེང་རབས་ཅན་གྱི་མདུན་བསྐྱོད་ཁྲོད་མགྱོགས་མྱུར་ཐིམ་ཞུགས་མ་ཐུབ་པས། སྒེར་པ་སོ་སོར་ཕན་ཐོགས་ལྡན་པའི་རོགས་སྐྱོར་དང་སྲུང་སྐྱོབ་གང་ཡང་བྱུང་མེད། དེང་རབས་ཅན་དུ་བསྐྱོད་པའི་རྟགས་མཚན་གཅིག་ནི་མི་རྣམས་སྲོལ་རྒྱུན་གྱི་འབྲེལ་ལམ་དང་ཁ་བྲལ་ཏེ་དེང་རབས་སྤྱི་ཚོགས་ཁྲོད་ཐིམ་ཞུགས་བྱ་རྒྱུ་དེ་རེད། བྱ་བ་དེ་ནི་གོ་སྐབས་ཀྱི་གནད་དོན་ལ་ཐུག་ཡོད་ལ། ནུས་རྩལ་གྱི་གནད་དོན་ལའང་རག་ལས་ཡོད། བོད་མི་རྣམས་ལ་མཚོན་ན། མིག་སྔར་བོད་ཁུལ་གྱི་དེང་རབས་ཅན་དུ་བསྐྱོད་རིམ་ཁྲོད་གནད་དོན་གཉིས་ཀའི་ཐད་དཀའ་ངལ་ཆེན་པོ་འཕྲད་ཡོད།
ཐོག་མར་གོ་སྐབས་ཀྱི་གནད་དོན་ཐད། གལ་ཏེ་ང་ཚོས། ལོ་རབས་ལྔ་བཅུ་དྲུག་ཅུའི་ནང་བོད་རིགས་མང་ཚོགས་དཀྱུས་མའི་འཚོ་བར་འགྱུར་ལྡོག་བྱུང་སྟེ་བོད་རིགས་བྱིངས་ལ་ཕན་ཐོགས་བྱུང་ཡོད་ཟེར་ན། ད་ཆ་མགྱོགས་ཚད་མྱུར་བའི་དེང་རབས་ཅན་གྱིས་སྤྲད་པ་ནི་བོད་ཁུལ་རང་ཉིད་དབྱེ་འབྱེད་དང༌། མང་ཚོགས་ཁྲོད་དབུལ་ཕྱུག་གི་ཧེ་བག་ཉིན་བཞིན་ཛ་དྲག་ཅན་དུ་འགྱུར་བཞིན་པའི་གནས་སྟངས་འདི་ཉིད་ཡིན་སྲིད། དམིགས་བསལ་གཏན་འཁེལ་བྱས་པའི་དེང་རབས་ཅན་གྱི་ལས་རིམ་དང༌། སྲིད་བྱུས་ཀྱི་རིགས་ལམ། ཕྱོགས་ཞེན་རང་བཞིན་གྱི་རོགས་སྐྱོར་གྱིས་འཐོར་ཞིག་རང་བཞིན་གྱི་མཇུག་འབྲས་དང༌། ལྟོས་འཇོག་གིས་བཙན་འཕྲོག་བྱེད་པའི་མྱོང་ཚོར་ཞིག་བསྐྲུན་པ་དེ་ལ་བསམ་གཞིགས་གཏིང་ཟབ་བྱ་དགོས།
བཅར་འདྲིའི་ཁྲོད་ང་ཚོས་ཤེས་གསལ་ལ། བོད་མི་དཀྱུས་མ་རྣམས་ཁྱད་པར་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་དྲུག་ཅུ་བརྒྱུད་པའི་བོད་རིགས་མང་ཚོགས་ཀྱིས་མའོ་ཙེ་ཏུང་ལ་ངོས་འཛིན་ཅུང་མཐོན་པོ་བྱེད་ཀྱི་འདུག “ཞིང་བྲན་བཅིངས་འགྲོལ་”དང༌། བོད་ཁུལ་གྱི་སྔར་ཡོད་དཔལ་འབྱོར་དང་སྤྱི་ཚོགས་སྒྲོམ་གཞི་རྩ་གཏོར་བཏང་བ་བརྒྱུད། སྐབས་དེའི་གཞི་རྩའི་ཆབ་སྲིད་དང་དཔལ་འབྱོར་གྱི་རྨང་གཞི་ལ་བཅོས་བསྒྱུར་དང༌། བསམ་བློའི་འདུ་ཤེས་གསར་པ་ནང་འདྲེན་བཅས་ཀྱིས་སྲོལ་རྒྱུན་གྱི་བོད་ཁུལ་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཏེ། བོད་མི་སྒེར་པར་ཕན་ཐོགས་བྱུང་ཡོད། མི་མི་ཉུང་བ་ཞིག་གིས་མའོ་ཙེ་ཏུང་གི་དུས་སྐབས་ཕྱིར་དྲན་བྱེད་སྐབས། སྐབས་དེ་ཧ་ཅང་ལེགས། དྲང་བདེན་རེད་ཟེར། ས་གནས་ཤེས་ལྡན་པ་མི་ཉུང་བ་ཞིག་གིས་ངོས་ལེན་བྱ་རྒྱུར། དེང་སྐབས་རང་ཉིད་ཀྱི་གོ་གནས་དང་འཚོ་བ་ནི་མའོ་ཙེ་ཏུང་དང་སྲིད་གཞུང་གིས་བསྐྱེད་བསྲིང་ལས་བྱུང་བ་ཡིན་ཟེར།
ལོ་རབས་དགུ་བཅུ་པའི་རྗེས་ཀྱི་བོད་ཁུལ་འཕེལ་རྒྱས་ཐད་ཉིན་བཞིན་གྱེས་འཐོར་དང་དྲང་བདེན་མེད་པར་འགྱུར་བའི་གནས་སྟངས་ཤིག་ཤར་ཡོད། རྒྱལ་ཁབ་ཀྱི་རོགས་སྐྱོར་དང་དམིགས་བསལ་རོགས་རམ་སྣ་ཚོགས་གྲོང་ཁྱེར་ལྟེ་བར་འཛིན་པ་དང༌། རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་ཆེ་ཁག་ལྟེ་བར་འཛིན་པ། གྲོང་དང་གྲོང་རྡལ་གྱི་མི་འབོར་ཞབས་ཞུ་ལྟེ་བར་འཛིན་པ་བཅས་ལ་བརྟེན། བོད་ཁུལ་གྱི་གཙོ་བོར་གྱུར་པའི་ཞིང་འབྲོག་ལས་རིགས་ལ་མ་འཛུགས་དང་ལམ་སྟོན་ཤས་ཆེར་མ་འདང་བ་དང༌། ཞིང་འབྲོག་མི་མང་དཀྱུས་མའི་ཐོན་སྐྱེད་ཚོང་གཉེར་ལ་དོ་སྣང་འདང་ངེས་བྱུང་མེད། ཀན་ལྷོའི་བསང་ཆུ་རྫོང་གི་ཞིང་འབྲོག་མང་ཚོགས་ལ་བཅར་འདྲི་བྱེད་སྐབས། ཞིང་འབྲོག་མང་ཚོགས་མི་ཉུང་བ་ཞིག་གིས། བསྐྱར་དུ་ཐོན་སྐྱེད་རྒྱ་བསྐྱེད་བྱ་བར་མ་དངུལ་མེད་སྟབས། ཐོན་སྐྱེད་ཀྱི་གཞི་རྒྱ་ཚད་ངེས་ཅན་ཞིག་རྒྱུན་འཁྱོངས་བྱ་དགོས་བྱུང་ཟེར། ནོར་ལུག་མང་དུ་གསོ་དགོས་བསམས་ན་རྩྭ་ས་དང་མ་དངུལ་མེད་ལ། ཚོང་ཁང་ཞིག་གཉེར་དགོས་བསམས་ཀྱང་མ་རྩ་མེད་པ། ས་གནས་ཀྱི་ཚོང་ལས་ཆེས་རྒྱས་པའི་སྲང་ལམ་དུ་ཁ་ཆེ་མ་གཏོགས་བོད་མིའི་ཚོང་ཁང་མང་པོ་མི་འདུག བོད་མི་ཚོང་གཉེར་བྱེད་མཁན་འདི་དག་ཀྱང་ལོ་ངོ་བཅུ་ཕྲག་ལྷག་ཚོང་གཉེར་བྱས་ཏེ། ཁྱིམ་ཚང་འབྱོར་ལྡན་གྲས་རེད། ས་གནས་དེར་རོགས་སྐྱོར་གྱི་ངོ་བོ་ལྡན་པའི་མ་དངུལ་ཆུང་ཚགས་བུན་གཏོང་སོགས་ཀྱི་ལས་འཆར་ཡོད་མེད་དྲིས་ཚེ། ཁོང་ཚོ་ཚང་མས་བུན་དངུལ་རག་རྒྱུ་ཧ་ཅང་དཀའ་ཞིང་མ་དངུལ་མེད་ཟེར། བཅར་འདྲིའི་སྐབས་ཤེས་རྟོགས་བྱུང་བ་ལ། མི་མི་ཉུང་བ་ཞིག་ས་གནས་རང་དུ་ཡར་རྒྱས་ཀྱི་གོ་སྐབས་ནོར་ལུག་དང་ས་ཞིང་མེད་པ། ཡང་ན་ཞོར་ལས་བྱེད་པའི་མ་རྩ་མེད་སྟབས་ད་གཟོད་ཕྱི་ལོགས་སུ་གླ་ལས་བྱེད་དུ་སོང་འདུག འོན་ཀྱང༌། ཕྱོགས་གཅིག་ནས་སྲོལ་རྒྱུན་ཞིང་འབྲོག་ལས་རིགས་ཀྱི་ཁྱད་ཆོས་དང༌། ངལ་རྩོལ་ནུས་ཤུགས་ཀྱི་དགོས་མཁོ་བཅས་ཀྱི་བཀག་རྒྱར་ཚུད་པ་དང༌། ཕྱོགས་གཞན་ནས་སྐད་ཆ་དང༌། ནུས་རྩལ་དབང་གིས་ཁོང་ཚོར་ལས་གནས་ཡག་པོ་ཞིག་འཐོབ་པའི་གོ་སྐབས་ཧ་ཅང་ཉུང་བ་མ་ཟད། ཞིང་འབྲོག་ལས་ཀྱིས་ཁོང་ཚོར་ལས་ཐོབ་ཀྱི་གོ་སྐབས་མཁོ་འདོན་དང་སྤར་ཆ་ཐུབ་པའི་རེ་བ་ཧ་ཅང་ཞན། ཕྱི་ཕྱོགས་སུ་ཐོན་ཏེ་ལས་ཀ་བྱེད་པའི་བོད་ཀྱི་གཞོན་སྐྱེས་རྣམས་ཡང་ན་གྲོང་ཁྱེར་ནང་སོང་སྟེ་མར་ཚོང་རྒྱག་རྒྱུ་དང༌། ཡང་ན་ཨར་ལས་འཛུགས་སྐྲུན་ལས་གྲྭའི་ནང་ལག་རྩལ་གྱི་དགོས་མཁོ་རྩ་ནས་མེད་པའི་ས་རྡོའི་ལས་ཀ་བྱེད་རྒྱུ་དེ་ཡིན། ལས་ཀ་དེ་རིགས་ཀྱང་སྔར་ལས་ཀའི་ཉམས་མྱོང་ལྡན་པའི་ཕ་ཡུལ་གཅིག་པའི་ངོ་སྤྲོད་ལ་བརྟེན་དགོས་ཀྱི་ཡོད།
བོད་ཁུལ་གྱི་དགེ་རྒན་ལ་བཅར་འདྲི་བྱེད་སྐབས། ཁོང་ཚོས་བརྗོད་རྒྱུར། སློབ་གསོ་ཐོབ་མྱོང་བའི་བོད་རིགས་ན་གཞོན་མང་པོ་ཞིག་ཕྱིར་རང་ཡུལ་དུ་ལོག་ནས་ཞིང་འབྲོག་ལས་གཉེར་འདོད་མི་བྱེད། ཁོང་ཚོས་སློབ་སྦྱོང་དང་བརྒྱུད་ལམ་སྣ་ཚོགས་བརྒྱུད་ཕྱི་རོལ་གྱི་འཇིག་རྟེན་ཤེས་རྟོགས་བྱུང་བས། ཕྱིའི་འཇིག་རྟེན་ལ་ཡིད་སྨོན་སྐྱེས་ཀྱང་དེར་འགྲོ་མི་ཐུབ་ལ་འགྲོ་ཐུབ་ཀྱང་འཛུལ་ཞུགས་བྱ་ཐབས་མེད། ན་གཞོན་མི་ཉུང་བ་ཞིག་གྲོང་རྡལ་ཁག་ཅིག་ཏུ་འདུས། དེར་ཁོང་ཚོས་རང་ཉིད་ལ་འཐོབ་མི་སྲིད་པའི་ལོངས་སྤྱོད་མཐོང་བས། འཛུལ་ཞུགས་བྱ་ཐབས་མེད་ལ་ནུས་པ་མེད་པའི་མྱོང་ཚོར་ཞིག་འབྱུང་བཞིན་ཡོད་ལ། དེ་དང་ཆབས་ཅིག་སྐད་ཆ་དང་གོ་སྐབས་ཐད་ཚད་རིམ་མི་འདྲ་བའི་ཕྱིར་འབུད་བྱུང་བའི་མྱོང་ཚོར་འབྱུང་བཞིན་ཡོད།
ལྷ་ས་ལྟ་བུར་མཚོན་ན། གྲོང་ཁྱེར་ནང་གཞི་རྒྱ་ཆེ་བའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་དང༌། ཡུལ་སྐོར་སྤྲོ་འཆམ། ཞབས་ཞུ་སོགས་ཀྱི་ལས་རིགས་སྤེལ་བས། དཔལ་འབྱོར་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཁར། རྒྱལ་ཁབ་ཀྱིས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་དང་ལས་ཞུགས་གོ་སྐབས་ཐད་སྒོ་ཡོངས་སུ་ཕྱེ་བའི་འཐབ་ཇུས་བཟུང་བའི་རྐྱེན་གྱིས། རྒྱ་རིགས་དང་ཁ་ཆེ་འབོར་ཆེན་ཞིག་བོད་ཁུལ་དུ་ཡོང་ནས་ཚོང་ལས་དང༌། བཟའ་བཏུང་ཞབས་ཞུ། ཡུལ་སྐོར་སྤྲོ་འཆམ་བཅས་གཉེར་གྱི་ཡོད། འཁྲུག་ཆ་དོད་པའི་དཔལའབྱོར་ཁྲོད་ཁེ་ཕན་ཆེ་ཤོས་འཐོབ་མཁན་ནི་ཕྱི་ནས་ཡོང་མཁན་རྣམས་ཡིན་པ་ལས། བོད་རིགས་མིན། བོད་རིགས་ཚོར་མ་རྩ་དང༌། ནུས་རྩལ་སོགས་ཀྱི་ཐད་དངོས་ཡོད་ཀྱི་རོགས་སྐྱོར་མ་ཐོབ་པས་ཉིན་བཞིན་མཐའ་ཟུར་ལ་འདེད་ཀྱིན་ཡོད། ལྷ་སར་སི་ཁྲོན་གྱི་མིས་ཕྱེ་བའི་ཟ་ཁང་གིས་གང་སར་ཁེངས་ཡོད། གླ་ལས་སྣུམ་འཁོར་ཁ་ལོ་བ་ནི་ཧི་ནན་དང༌། སི་ཁྲོན། ཧུ་ནན། ཧྲན་ཤི་སོགས་ཕྱི་ཡོང་རྒྱ་རིགས་ཡིན་པ་ལས་བོད་རིགས་གཙོ་བོ་མིན། མགྲོན་ཁང་རིགས་ཡོངས་རྫོགས་ཧ་ལམ་ཕྱི་ཡོང་མིས་བཟུང་འདུག ཡུལ་སྐོར་དྲན་རྟེན་དང་ལག་ཤེས་ཚོང་རྫས་ཕྱོགས་ནས། བར་སྐོར་སྲང་ལམ་མཐའ་བསྐོར་གྱི་ཚོང་ཁང་ཕལ་ཆེ་བ་ཀན་ལྷོ་དང་མཚོ་སྔོན་ནས་ཡོང་བའི་ཁ་ཆེ་ཚོས་བཟུང་འདུག བོད་རིགས་ཀྱི་ལག་ཤེས་ཚོང་རྫས་མང་པོ་ཞིག་ཡོན་ནན་དང༌། ཀྲེ་ཅང༌། བལ་ཡུལ་སོགས་ནས་སླེབས་ཀྱི་འདུག བོད་ལྗོངས་སློབ་ཆེན་གྱི་སྒྱུ་རྩལ་ལོ་རྒྱུས་རིག་པའི་སློབ་དཔོན་ཞིག་གིས་ང་ཚོར་བརྗོད་རྒྱུར། དེང་སྐབས་ས་གནས་རང་ནས་བྱུང་བའི་ལག་ཤེས་ཚོང་རྫས་ངོ་མ་ཞིག་མཐོང་དཀོན་ཞིང༌། ཚོང་རྫས་ཕལ་ཆེ་བ་ཕྱི་ནས་བཟུང་བ་ཤ་སྟག་རེད། “བོད་ཀྱི་རྒྱན་ཆ་བརྫུས་མ་”མང་པོ་ཞིག་ལྷ་སའི་མཐའ་ཁུལ་གྱི་ཀྲེ་ཅང་ཚོང་པའི་བཟོ་གྲྭ་ནས་ཐོན་སྐྱེད་བྱེད་ཀྱིན་ཡོད་ཟེར།
དེ་ནས་ནུས་རྩལ་དང་སེམས་ཁམས་སྐོར་རེད། ལྷ་ས་སོགས་དེང་རབས་ཅན་གྱི་གྲོང་ཁྱེར་ཆེ་ཤོས་ཁག་ཏུ། རྨང་གཞིའི་མཐུན་རྐྱེན་ཆེ་ཁག་འཛུགས་སྐྲུན་ནང་འཛུལ་ཞུགས་དང༌། དེས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མགོ་འདྲེན་བྱེད་པར་མི་སྒེར་ཁག་ལ་དགོས་ངེས་ཀྱི་ནུས་རྩལ་དང༌། མ་རྩ། སློབ་གསོའི་ཆུ་ཚད་བཅས་ཚང་དགོས། འོན་ཀྱང་ཆ་རྐྱེན་འདི་དག་བོད་རིགས་ཚོར་ཚང་མེད། ང་ཚོ་ཀན་ལྷོར་བསྐྱོད་དེ་རྟོག་ཞིབ་བྱེད་སྐབས་ཤེས་གསལ་ལ། ལོ་རབས་བརྒྱད་ཅུ་པ་ཡས་མས་སུ་སྐྱེས་པའི་བོད་རིགས་གཞོན་སྐྱེས་རྣམས་ལ་མཚོན་ནའང༌། མི་མང་ཆེ་བར་སློབ་ཆུང་མཐར་ཕྱིན་པའི་གནས་ཚད་ལས་མེད། ང་ཚོ་དང་མི་རབས་མཉམ་པའི་གཞོན་ནུ་ཚོའི་སློབ་སྦྱོང་གི་གནས་ཚད་རྒྱ་རིགས་ས་ཁུལ་ལས་ཧ་ཅང་དམའ། ལོ་ངོ་གསུམ་ནས་ལྔ་ཙམ་གྱི་སྔོན་ལ་མཚོན་ནའང༌། བོད་ཁུལ་གྱི་སློབ་ཆུང་གི་བྱིས་པ་སློབ་མཚམས་བཞག་པ་བརྒྱ་ཆ་ ༣༠ ལོངས་ཡོད། ཆ་མཉམ་སློབ་སྦྱོང་གི་གནས་ཚད་སློབ་ཆུང་ཙམ་ལས་མེད། སློབ་གསོ་དང་བོད་རིགས་གཞོན་སྐྱེས་སྐོར་ཞིབ་ཕྲ་རྗེས་སུ་བཀོད་ཡོད། ང་ཚོས་བོད་རིགས་གཞོན་སྐྱེས་མི་ཉུང་བ་ཞིག་ལ་བཅར་འདྲི་བྱས་པ་ཡིན། ཁོང་ཚོ་ཚང་མས་ཕྱི་ལོགས་ལ་སོང་ནས་ལས་ཀ་འཚོལ་རྒྱུ་ལས་སླ་པོ་མ་རེད་ཟེར། དཀའ་ངལ་གཙོ་བོ་ནི་སྐད་ཆ་སྟེ། རྒྱ་སྐད་བྱང་ཆུབ་པ་ཞིག་བཤད་མ་ཐུབ་པ་དེ་རེད། ལྷ་ས་ལྟ་བུར་མཚོན་ན། རྒྱ་སྐད་ཤེས་ཀྱང་ལས་ཀ་རག་པའི་ངེས་པ་མེད། མི་མང་པོ་ཞིག་གིས་བོད་རིགས་ལས་ཀ་པ་ལེན་འདོད་མི་འདུག གང་ཡིན་ཞེ་ན། ཁོང་ཚོས་བོད་མི་རྣམས་ཅུང་”ལེ་ལོ་”ལྡན་པར་འདོད། ནུས་རྩལ་མེད་པའི་ཐོག ཚོང་གཉེར་གྱི་བསམ་བློའི་ཐད་ཧུར་བརྩོན་དེ་ཙམ་མེད་པའི་རྐྱེན་གྱིས། བོད་མི་ཚོས་ནང་ས་དང་ཕྱོགས་མཐའ་ནས་ཡོང་བའི་བོད་རིགས་མ་ཡིན་པའི་མཉམ་འགྲན་བསྡུར་བྱ་རྒྱུ་ཧ་ཅང་དཀའ། བོད་རིགས་མ་ཡིན་པ་ཚོས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ས་གནས་ཀྱི་རིམ་པ་སོ་སོའི་དཔལ་འབྱོར་གྱི་སྲོག་ཤིང་ལ་སྟངས་འཛིན་བྱས་ཡོད། དེང་རབས་ཅན་དུ་བསྐྱོད་པའི་བརྒྱུད་རིམ་ཁྲོད། བོད་རིགས་ཚོས་དཔལ་འབྱོར་དང༌། ནུས་རྩལ། གོམས་འདྲིས་ཀྱི་ལྟ་བ་བཅས་ཀྱི་ཐོག་བོད་རིགས་མ་ཡིན་པ་ཚོ་ལ་བསྡུར་ཐབས་མེད། དེང་རབས་ཅན་ལ་མགྱོགས་ཚད་བསྣན་ནས་བསྐྱོད་པའི་བརྒྱུད་རིམ་ཁྲོད། བོད་ཀྱི་ས་ཁུལ་རང་ཉིད་ཉིན་བཞིན་འཐོར་ཞིག་ཏུ་འགྲོ་བཞིན་ཡོད། བོད་ཀྱི་སྒེའུ་ཁུང་ལྟ་བུའི་ནུས་པ་འདོན་པའི་”དེང་རབས་བོད་ཀྱི་རྒྱལ་ས་”ལྷ་ས་དང་བོད་ཁུལ་དཀྱུས་མའི་ཞིང་འབྲོག་ས་ཁུལ་དབར་སྤྱི་ཚོགས་དཔལ་འབྱོར་གྱི་སྒྲོམ་གཞི་དང་གཞི་རྩའི་རྣམ་པའི་ཐོག་ཧེ་བག་ཉིན་བཞིན་ཇེ་ཆེར་འགྲོ་མུས་ཡིན། “ཁ་འཐོར་བའི་བོད་ཁུལ་”ཞེས་པའི་གནད་དོན་འདིར་མཐོང་ཆེན་བྱ་དོན་ཅི་ཡིན་ནམ་ཞེ་ན། བཅར་འདྲིའི་སྐབས་ང་ཚོས་ཤེས་གསལ་ལ། བོད་རིགས་མང་ཚོགས་ཀྱིས་དེང་རབས་ཅན་སྐོར་གྱི་མྱོང་ཚོར་དང་ངོས་འཛིན་མང་པོ་ཞིག་རྒྱ་རིགས་ས་ཁུལ་ནས་ཐད་ཀར་བྱུང་བ་ཞིག་མ་ཡིན་པར། ལྷ་ས་སོགས་བོད་ཁུལ་གྱི་ལྟེ་སྙིང་གྲོང་ཁྱེར་ཁག་ནས་བྱུང་འདུག ཀན་ལྷོར་བཅར་འདྲི་བྱ་ཡུལ་གྱི་བོད་མི་དཀྱུས་མ་མི་ཉུང་བ་ཞིག་གིས་ལས་གླ་དང༌། ཚོང་ལས། གཉེན་འཕྲད་སོགས་ཀྱི་ཆེད་ལྷ་སར་སོང་མྱོང་ཟེར། ལྷ་ས་དེ་བོད་མི་རིགས་ཀྱི་ཆོས་ལུགས་དང་མི་རིགས་བརྩེ་དུང་གི་ལྟེ་གནས་ཡིན་པ་དང་ཆབས་ཅིག དེང་རབས་ཅན་གྱི་གནས་ལྟེ་བཅས་ཡིན་པས། ལྷ་སས་བོད་མི་ཚོར་སྤྲད་པའི་བག་ཆགས་དེ། བོད་མི་ཚོས་དེང་རབས་ཅན་གྱི་ཁྲོད་རང་ཉིད་ཀྱི་གོ་གནས་ངོས་འཛིན་ཐད་གལ་འགངས་ཧ་ཅང་ཆེ། མི་མང་གི་བརྒྱུད་རིམ་དང༌། བོད་ཁུལ་དང་བོད་ཁུལ་མ་ཡིན་པའི་ས་ཁུལ་དབར་འཕེལ་རྒྱས་ཐོག་ཧེ་བག་ཡོད་པ་བོད་མི་ཚོ་ཕྱིར་ལས་གླར་སོང་བའི་དངོས་བྱུང་མྱོང་ཚོར་སོགས་ལ་བརྟེན་ནས་ཉིན་བཞིན་མྱོང་ཚོར་འབྱུང་བཞིན་ཡོད།
“འབྲོག་ཁུལ་གྱི་མི་མང་ཚུད་པའི་ལོ་རབས་དྲུག་ཅུ་བདུན་ཅུ་པའི་མི་རབས་དང༌། རིག་གསར་བརྒྱུད་མྱོང་བའི་མི་རབས་བཅས་ཀྱིས་གུང་ཁྲན་ཏང་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། འོན་ཀྱང་ལོ་སུམ་ཅུའི་མན་གྱི་མི་དང་ཁྱད་པར་སློབ་གྲྭ་མཐོ་འབྲིང་དང་དམའ་འབྲིང་མཐར་ཕྱིན་པའི་མི། ཕྱི་ལ་སོང་ནས་ལྟ་རྒྱ་ཡོད་ཅིང་བོད་ཀྱི་ལོ་རྒྱུས་ཤེས་པའི་མི་རྣམས་ཀྱི་སྤྱོད་པར་ཐལ་ཆ་མང༌། ་་་་་་་་་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པ་ནི་གཅོག་མཚམས་ལྟ་བུ་ཞིག་རེད། སྐབས་དེར་བོད་མི་མང་པོ་ཞིག་སྐྱེས་ཡོད། རང་ཁྱིམ་དུ་ལས་མེད་ངང་སྡོད་མཁན་ཧ་ཅང་མང༌། ་་་་་་་་་་་་་་་་་་ཁོང་ཚོས་ཕྱི་རོལ་གྱི་གནས་སྟངས་ཅུང་མང་པོ་ཤེས་པ་དང༌། བསམ་བློ་ཅུང་ཧུར་བརྩོན་ཆེ། ཁོང་ཚོའི་བསམ་ཚུལ་ལ། གཞན་ཚོར་དར་རྒྱས་དེ་ཙམ་ཕྱིན་ཡོད་ནའང༌། ང་ཚོ་འདི་ལྟར་དབུལ་ཕོངས་ཡིན་དོན་ཅི་ཡིན་ནམ། ང་ཚོ་རྩྭ་ཐང་སྟེང་ནོར་ལུག་འཚོས་ནས་སྡོད་དགོས་དོན་ཅི་ཡིན་ནམ་ཞེས་བསམ་གྱི་ཡོད།”ཞིབ་འཇུག་པ་དོན་གྲུབ་ལ་བཅར་འདྲི་བྱས་པའི་ཚིག
༣ དེང་རབས་ཅན་དུ་མགྱོགས་མྱུར་བསྐྱོད་པའི་ཁྲོད་བོད་མི་ཚོའི་དངངས་འཚབ་དང་དབང་ཆ་མེད་པའི་མྱོང་ཚོར།
ལྷ་སའི་གླ་ལས་སྣུམ་འཁོར་ཁ་ལོ་བ་ཞིག་གིས་ཁོ་རང་ཕྱི་ལོ་༢༠༠༣ ནང་ཐེངས་དང་པོར་ལྷ་སར་སླེབས་སྐབས་མཐོང་བའི་གནས་སྟངས་འདི་ལྟར་འགྲེལ་བརྗོད་བྱས་བྱུང༌། བོད་མི་ཞིག་གིས་སྲང་ལམ་དཀྱིལ་གྱི་ཆུ་རྐའི་ནང་གཅིན་པ་གཏོང་གི་འདུག་ཟེར། ཕྱི་ནས་ཡོང་བའི་མི་ཞིག་ལ་མཚོན་ན། སྣུམ་འཁོར་ཁ་ལོ་བས་གནས་ཚུལ་དེ་བློར་ཤོང་ཐབས་མེད། བོད་མི་ལ་མཚོན་ན། ཁོང་ཚོ་ཡང་དེ་བཞིན་ཕྱིའི་ཤུགས་རྐྱེན་དྲག་པོར་གདོང་ལེན་སྐབས་བག་མི་བདེ་བའི་གནས་ཚུལ་ལ་འཕྲད་བཞིན་ཡོད། རང་ཉིད་གོམས་འདྲིས་སུ་གྱུར་པའི་ས་ཆ་དང༌། རང་ཉིད་ཀྱི་སྲོལ་རྒྱུན་གྱི་ངོས་འཛིན། འཚོ་བའི་སྤྱོད་ལམ། ཆོས་ལུགས་ཀྱི་བརྩེ་དུང་བཅས་དང་འབྲེལ་བ་དམ་ཟབ་ཡོད་པའི་ས་གཞི་དེ་མགྱོགས་མྱུར་ངང་ངོ་མི་ཤེས་པའི་”དེང་རབས་ཅན་གྱི་རྒྱལ་སའི་གྲོང་ཁྱེར་”ཞིག་ཏུ་གྱུར་སྐབས་དང༌། རང་ཉིད་འཚོ་སྡོད་བྱེད་སའི་ས་ཐོག་ཏུ་ལས་ཀ་མི་རག་པ་དང༌། གོ་སྐབས་མེད་ཅིང་དྲང་བདེན་མ་ཡིན་པའི་གནས་ཚུལ་བྱུང་སྐབས། རང་སེམས་ཀྱི་རིན་ཐང་གི་ལྟ་གྲུབ་གཙོ་བོར་ཕོག་ཐུག་ཤུགས་དྲག་བྱུང་སྐབས། བོད་མི་ཚོའི་སེམས་སུ་དངངས་འཚབ་དང་བདེ་འཇགས་མེད་པའི་མྱོང་ཚོར་འབྱུང་བ་ཤེས་སླའོ། །
བོད་ཀྱི་དགེ་འདུན་པའི་སྡེ་ལ་དཔེ་བཞག་ན། སྲོལ་རྒྱུན་ཁྲོད་དགེ་འདུན་པ་ནི་བོད་ཡུལ་ཧྲིལ་པོའི་ནང་ཤེས་ཡོན་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་གྲལ་རིམ་ཞིག་ཡིན་ལ། བོད་ཀྱི་ཤེས་ལྡན་པའི་གྲལ་རིམ་ཡང་ཡིན་སྟབས། ཡོངས་ཁྱབ་ངང་བརྩི་བཀུར་དང་དགའ་མོས་བྱེད་ཀྱི་ཡོད། ཆོས་ལུགས་ཀྱི་རང་བཞིན་ལྟེ་བར་གྱུར་པའི་བོད་མི་ཚོར་མཚོན་ན། ཆོས་ལུགས་བྱ་གཞག་དང་དགེ་འདུན་པ་ནི་ཁོང་ཚོའི་འཚོ་བའི་ཁྲོད་གལ་འགངས་ཆེ་ཤོས་ཀྱི་ཆ་ཤས་ཤིག་ཡིན། ང་ཚོའི་བཅར་འདྲིའི་ཁྲོད། ཧ་ལམ་བོད་མི་ཡོད་ཚད་ཀྱིས་ཆོས་ལུགས་བྱ་གཞག་རྒྱུན་མཐུད་བྱེད་ཀྱི་ཡོད། ཁོང་ཚོས་དུས་ཚོད་བྱུང་ན་མ་ཎི་བསྐོར་བ་དང༌། བཅོ་ལྔ་ཚེས་གཅིག་ལ་མཆོད་འབུལ་བྱེད་པ། དཀའ་ངལ་དང་བར་ཆད་བྱུང་སྐབས་གྲྭ་པ་གདན་འདྲེན་གྱིས་ཞབས་རིམ་སྒྲུབ་པ་སོགས་བྱེད་ཀྱི་ཡོད། ཁོང་ཚོའི་ནང་རྒན་རྒོན་ཡོད་ལ། གཞོན་སྐྱེས་དང་བྱིས་པའང་ཡོད། འོན་ཀྱང༌། ཁས་ལེན་མི་བྱ་ཐབས་མེད་ཞིག་ནི། དེང་རབས་ཅན་གྱིས་དགེ་འདུན་པ་དང་བོད་ཁུལ་གྱི་ཆོས་ལུགས་བྱ་གཞག་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་དེ་ཡིན།
བཀྲ་བཀྲ་ཞིབ་འཇུག་པ་བསང་ཆུ་རྫོང་བོད་རིག་པ་ཞིབ་འཇུག་ཁང་གི་འགན་འཛིན་གཞོན་པ་ཡིས་ང་ཚོའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་རྒྱུར། དེང་སྐབས་བོད་ཁུལ་གྱི་ཆོས་ལུགས་འཚོ་བ་དང་དགེ་འདུན་པ་ཚོར་འགྱུར་ལྡོག་དང་ཤུགས་རྐྱེན་ཆེན་པོ་ཞིག་འབྱུང་བཞིན་ཡོད། དེ་ནི་ཇི་ལྟར་འཇིག་རྟེན་པའི་རང་བཞིན་དུ་འགྱུར་བཞིན་པའི་གནད་དོན་ལ་གདོང་ལེན་བྱ་རྒྱུ་དེ་ཡིན། ཁོང་གི་བསམ་ཚུལ་ལྟར་ན། དགེ་འདུན་པ་གཞོན་གྲས་རྣམས་ལ་ཉེན་ཁར་འཕྲད་པའི་མྱོང་ཚོར་ཞིག་ཡོང་གི་ཡོད། འདིའི་འབྱུང་རྐྱེན་ནི། དེང་རབས་ཅན་གྱི་འཚོ་བ་དེ་བོད་ཁུལ་སྤྱི་ཚོགས་ཙམ་དུ་མ་ཟད། དགེ་འདུན་པའི་འཚོ་བའི་ཁྲོད་དུའང་སིམ་འཛུལ་ཇེ་མང་དུ་སོང་བའི་རྐྱེན་གྱིས་རེད། ང་ཚོས་དགེ་འདུན་པའི་ཁྱིམ་ཚང་མི་ཉུང་བ་ཞིག་ལ་བཅར་འདྲི་བྱས་སྐབས་ཤེས་རྟོགས་བྱུང་བ་ཞིག་ལ། ཁོང་ཚོར་ཡང་ DVD ཡོད་ལ། ཧོང་ཀོང་དང་ཐེ་ཝན་གྱི་གློག་བརྙན་ལ་བལྟ་བ། གྲྭ་ཆུང་མི་ཉུང་བ་ཞིག་དགུང་མོ་དྲ་ཁང་ནང་འགྲོ་ཞིང༌། QQ ནང་གཏམ་གླེང་བྱེད་ཀྱི་ཡོད། དགེ་འདུན་པ་གཞོན་སྐྱེས་ཚོས་ཕྱི་རོལ་འཇིག་རྟེན་སྐོར་ཤེས་རྟོགས་ལྷག་པར་མང༌། ཁོང་ཚོས་དུས་དེབ་འདོན་སྤེལ་བྱེད་ལ། བྱ་དངོས་གསར་པར་དགའ་མོས་དང༌། དབྱིན་ཡིག་སློབ་སྦྱོང་ལ་ཧུར་བརྩོན་བྱེད། ང་ཚོས་འདིའི་ཐད་བོད་མི་མི་ཉུང་བ་ཞིག་ལ་ལྟ་ཚུལ་དྲིས་པར། བོད་མི་མང་ཆེ་བས་གུ་ཡངས་ཀྱི་ལྟ་ཚུལ་བཟུང་སྟེ། བྱ་སྤྱོད་འདི་དག་རང་ངོས་ནས་ཆོས་ལུགས་ཀྱི་ནང་དོན་དང་འགལ་བར་མི་བསམས། འོན་ཀྱང་མཁས་པ་མི་ཉུང་བ་ཞིག་གིས། གྲྭ་པ་རྒན་པ་དང་གཞོན་པའི་དབར་མི་འདྲ་ས་འདུག་ཟེར། ང་ཚོས་བསང་ཆུ་རྫོང་སྔགས་པ་གྲྭ་ཚང་གི་དགེ་འདུན་པ་རིན་ཆེན་ལ་བཅར་འདྲི་བྱེད་སྐབས་ཁོང་གིས་བརྗོད་དོན། དྲ་ཁང་ལ་བསྐྱོད་པ་ལྟ་བུའི་རིགས་དགེ་རྒན་གྱིས་བཀའ་འཁྲོལ་མི་གནང་བ་མ་ཟད། ཉེས་རྡུང་གཏོང་གི་ཡོད་ནའང༌། དོན་དངོས་ཐོག་སྟངས་འཛིན་བྱེད་ཐུབ་ཀྱི་མེད་ཟེར། དངོས་ཡོད་སྤྱི་ཚོགས་ལ་སེམས་ཁུར་བྱ་བ་དེ་ཆོས་ལུགས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ནའང༌། དངོས་ཡོད་ལ་སེམས་ཁུར་དང་དད་མོས་བསླད་མེད་ཡོང་ཐབས་གཉིས་ཀྱི་དབར་དོ་མཉམ་པ་ཇི་ལྟར་བཟོ་དགོས་མིན་གྱི་གནད་དོན་དེ་ནི། དགེ་འདུན་པ་དང་བོད་མི་ཐམས་ཅད་ཀྱི་མདུན་དུ་འཕྲད་པའི་དཀའ་ངལ་ཞིག་རེད། དེང་རབས་ཅན་གྱི་རིན་ཐང་ལྟ་བའི་སིམ་འཛུལ་ཤུགས་ཆེར་སོང་བ་དང་ཆབས་ཅིག དགེ་འདུན་པ་ཚོས་འགྱུར་ལྡོག་འགྲོ་བཞིན་པའི་བོད་ཁུལ་སྤྱི་ཚོགས་ཁྲོད་རང་ཉིད་ཀྱི་གོ་གནས་དང་རིན་ཐང་ལ་ལྟ་སྟངས་ཇི་ལྟར་འཛིན་དགོས་སམ། གནད་དོན་འདི་དག་བོད་ཁུལ་གྱི་འབྱུང་འགྱུར་ལ་གལ་འགངས་ཧ་ཅང་ཆེ། རིག་གནས་གསར་བརྗེས་ཤུགས་རྐྱེན་དྲག་པོའི་རྗེས་སུ། དེང་སྐབས་བོད་ཁུལ་གྱི་ཆོས་ལུགས་རིག་གནས་རྒྱུད་འཛིན་ཐད་ལོ་ནའི་ཆག་རིམ་ཞིག་བྱུང་ཡོད། དགེ་འདུན་པ་དར་མ་དཀོན་པའི་དབང་གིས། དགེ་འདུན་པ་རྒན་པས་གྲྭ་གཞོན་རྣམས་ལ་ཤུགས་རྐྱེན་ཐེབས་ཚད་དང༌། རྒྱུད་འཛིན་ཀྱི་ནུས་པ་ཞན་པར་གྱུར་ཡོད།
དེང་རབས་ཅན་ལ་བསྐྱོད་པའི་བརྒྱུད་རིམ་ཁྲོད། ཕྱོགས་གཅིག་ནས་རྒྱ་རིགས་ས་ཁུལ་དང་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་སྒྲོམ་གཞི་དང༌། ཆབ་སྲིད་སྒྲོམ་གཞི་གཅིག་གྱུར་བྱས་རྐྱེན། བོད་ཁུལ་”རྗེས་ལུས་”ས་ཁུལ་ལ་བརྩིས་ཏེ། “སྔོན་ཐོན་”ས་ཁུལ་ལ་རྗེས་སྙེག་བྱ་རྒྱུ་དང༌། ཡོད་ཚད་”དེང་རབས་”ལ་བལྟས་ནས་བྱེད་དགོས། ཕྱོགས་གཞན་ནས། བོད་རིགས་མི་མང་ལ་དེང་རབས་ཅན་གདོང་ལེན་བྱ་རྒྱུར་གོ་སྐབས་དང་ནུས་རྩལ་འདང་ངེས་ཤིག་མེད། གཞི་རྒྱ་ཆེ་བའི་ཕྱི་ཡོང་མི་འབོར་དང་འགྱུར་ལྡོག་མྱུར་བའི་སྤྱི་ཚོགས་གནས་སྟངས་ཀྱིས་རིག་གཞུང་དང༌། འཚོ་བའི་གོམས་སྲོལ། ཐ་ན་རིན་ཐང་གི་ལྟ་བ་བཅས་ཀྱི་ཐོག་འགལ་བ་བསྐྲུན་ཡོད། སྔོན་ཆད། བོད་ཁུལ་དང་ནང་ས་དབར་གྱི་འབྲེལ་ལམ་ཚད་བཀག་ཅིག་ལས་མེད་ཀྱང༌། དམིགས་བསལ་གཏན་འཁེལ་བྱས་པའི་དེང་རབས་ཅན་དུ་བསྐྱོད་པའི་བརྒྱུད་རིམ་ཁྲོད་བོད་ཁུལ་ཡོངས་རྫོགས་ཀྱི་སྒོ་ཕྱེ་བས། མི་རིགས་ཀྱི་གྲུབ་ཆ་གཙོ་ཁག་སྟེ་དཔལ་འབྱོར་འཚོ་བ་དང༌། དབང་ཆའི་སྒྲོམ་གཞི། ཆོས་ལུགས་དད་མོས། འཚོ་བའི་གོམས་སྲོལ། ས་ཁམས་མི་འབོར་བཅས་ཀྱི་རྣམ་པ་ཡོངས་རྫོགས་ལ་ཤུགས་རྐྱེན་དྲག་པོ་ཐེབས་ཡོད། བོད་མི་ཚོར་དྲང་བདེན་མིན་པའམ་གྱོང་གུད་བཏང་བའི་གནས་ཚུལ་བྱུང་སྐབས། རྒྱ་རིགས་ཀྱིས་གཙོ་འཁྲིད་བྱས་ཤིང༌། རྒྱལ་ཁབ་ཀྱིས་གཙོ་འཁྲིད་བྱས་པའི་དེང་རབས་ཅན་ལས་བྱུང་བའི་སྤྱི་ཚོགས་དཔལ་འབྱོར་གྱི་འགྱུར་ལྡོག་དེས། བོད་མི་ཚོའི་མི་རིགས་ཀྱི་ངོ་རྟགས་དང༌། སྲོལ་རྒྱུན་གྱི་ངོས་འཛིན་སྔར་ལས་ཤུགས་དྲག་ཏུ་འགྱུར་རྒྱུ་དང༌། སྲོལ་རྒྱུན་དང་དེང་རབས་དབར། མི་རིགས་ཕན་ཚུན་དབར་བཅས་ལ་གདོང་ཐུག་འབྱུང་སྲིད།
མདོར་ན། ༣་༡༤ དོན་རྐྱེན་དང༌། བོད་ཁུལ་གྱི་ད་ལྟའི་གནས་སྟངས་ལ་རྒྱུས་ལོན་བྱ་དགོས་ན། བོད་ཁུལ་གྱི་དེང་རབས་ཅན་གྱི་ལས་རིམ་ཟེར་བའི་གནད་དོན་གཙོ་བོ་འདིར་དོ་སྣང་བྱ་དགོས། གལ་ཏེ་བོད་རིགས་དེང་རབས་ཅན་དུ་འགྱུར་རྒྱུ་དེ་གཡོལ་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཡིན་ན། བོད་ཁུལ་དང་བོད་རིགས་མི་མང་དེང་རབས་ཅན་ལ་ཇི་ལྟར་བསྐྱོད་དགོས་ཞེས་པའི་དྲི་བ་འདིར་ཞིབ་འཇུག་དང་བགྲོ་གླེང་གཏིང་ཟབ་བྱ་དགོས་པ་ཞིག་ཡིན། བོད་ཁུལ་དུ་འབུར་ཐོན་བྱུང་བའི་འགལ་བ་དང་གདོང་ཐུག་ནི་ལོ་རྒྱུས་ཀྱི་ཤུལ་ལུས་ཁོ་ན་ཞིག་མ་ཡིན་པར། མིག་སྔར་གྱི་དེང་རབས་ཅན་དུ་བསྐྱོད་པའི་ལམ་ཕྱོགས་དང་མགོ་འཁྲིད་སྟོབས་ཤུགས། ཐབས་ལམ་བཅས་ལས་བྱུང་བའི་གནད་དོན་ཞིག་ཀྱང་ཡིན། ༡༩༨༩ ལོ་ནས་ད་ལོའི་ ༣་༡༤ དོན་རྐྱེན་བར། སྤྱི་ཚོགས་སྒྲོམ་གཞིའི་བརྩེགས་རིམ་གྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡོད་པ་དེ་ནི་བོད་ཁུལ་དེང་རབས་ཅན་དུ་བསྒྱུར་བ་ལས་བྱུང་བའི་ལྡོག་ཕྱོགས་ཀྱི་མཇུག་འབྲས་དེ་ཡིན། དེའི་ནང་དོན་གཙོ་བོ་ནི་བོད་མི་རྣམས་མཐའ་ཟུར་དུ་དེད་པ་དང་དེ་ལས་བྱུང་བའི་མང་ཚོགས་ཀྱི་འདོད་བློ་མ་ཁེངས་པ་དེ་ཡིན།
གཉིས་པ། ལོ་རབས་བདུན་ཅུ་དང་བརྒྱད་ཅུ་པར་སྐྱེས་པའི་བོད་རིགས་གཞོན་སྐྱེས་ཚོའི་
འཚོ་གནས་ཀྱི་དཀའ་ངལ།
༣་༡༤ དོན་རྐྱེན་ནང་འཛུལ་ཞུགས་བྱེད་མཁན་གཙོ་བོ་ལོ་ན་ ༢༠ དང་ ༣༠ ཅན་གྱི་གཞོན་སྐྱེས་ཤ་སྟག་རེད། གཞོན་སྐྱེས་འདི་དག་གི་རྣམ་འགྱུར་དང་བྱ་སྤྱོད་ལ་ང་ཚོས་མཐོང་ཆེན་དང་བསམ་གཞིགས་མི་བྱ་ཐབས་མེད་ཡིན། བཅོས་སྒྱུར་སྒོ་འབྱེད་སྔ་རྗེས་སུ་སྐྱེས་པའི་བོད་རིགས་གཞོན་སྐྱེས་ལ་མཚོན་ན། དངོས་པོའི་འཚོ་བའི་ཆུ་ཚད་ཁོ་ཚོའི་ཕ་རབས་ལས་བླ་ལྷག་ཏུ་བཟང༌། འོན་ཀྱང་ཁོ་ཚོའི་སེམས་ཁོང་ནང་མ་དགའ་བ་མང་པོ་ཞིག་བསགས་ཡོད་ཅིང༌། དེ་གཅིག་བསྡུས་ཀྱིས་ཕྱིར་འབར་གས་སུ་གྱུར་བ་རེད། གོང་དུ་བཤད་པ་ལྟར། ན་ལོ་གཞོན་པའི་བོད་རིགས་གཞོན་སྐྱེས་གསར་པ་རྣམས་འགྱུར་འགྲོས་མགྱོགས་པའི་སྤྱི་ཚོགས་ཁྲོད་འཚོ་སྡོད་བྱེད་ཀྱི་ཡོད་སྟབས། ཁོ་ཚོའི་འཚོ་བའི་གཤིས་སྤྱོད་དང༌། བསམ་ཚུལ་དྲན་ཚུལ་ཁོ་ཚོའི་ཕ་རབས་དང་མི་འདྲ། རྟོག་ཞིབ་ཁྲོད་ང་ཚོས་ཤེས་གསལ་ལ། བོད་རིགས་གཞོན་སྐྱེས་ཚོའི་མདུན་དུ་འཕྲད་པའི་དཀའ་ངལ་གཤམ་གསལ་ཕྱོགས་ཁ་ཤས་ཡོད།
༢་༡ རྨང་གཞིའི་སློབ་གསོའི་ཐོག་སྐྱོན་ཆ་ཚབས་ཆེན་བྱུང་བ།
༢༠༠༧ ལོའི་སྡོམ་རྩིས་ལྟར་ན། བོད་ཁུལ་དུ་སློབ་གསོ་ཐོབ་པའི་ཆ་སྙོམས་དུས་ཡུན་ལོ་ ༤ ཡང་ལོངས་མེད། མཐོ་འབྲིང་སློབ་གྲྭའི་སློབ་འཇུག་བརྒྱ་ཆ་ཧ་ཅང་དམའ། ལས་ཞུགས་ཀྱི་གནད་དོན་ཛ་དྲག་ཧ་ཅང་ཆེ། མི་རིགས་སློབ་གསོའི་ཆུ་ཚོད་དམན་པས་སྤྱི་ཚོགས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུའི་གནས་བབ་ལེགས་པོ་མེད། མཐོ་སློབ་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་ཡིན་ཡང༌། སྒྱུ་རྩལ་རིག་ཚན་མང་ཞིང༌། ཚན་རིག་རིག་ཚན་ཆེས་ཉུང༌། རྒྱུན་སྲོལ་གྱི་རིག་ཚན་མང་ཞིང༌། གསར་ཐོན་རིག་ཚན་ཆེས་ཉུང་བ། གཞུང་ལུགས་ལམ་སྟོན་སྐོར་མང་ཞིང༌། ལག་ལེན་སྐོར་གྱི་རིག་ཚན་ཉུང་བ་བཅས། སློབ་གསོ་དང་སྤྱི་ཚོགས་ཀྱི་དགོས་མཁོ་དོ་མི་མཉམ་པ་མ་ཟད། ཐ་ན་བར་མཚམས་ཆད་པའི་སྣང་ཚུལ་བྱུང་ཡོད།
ཐོག་མར། རྨང་གཞི་སློབ་གསོའི་ཆུ་ཚད་དམན་ཞིང༌། གཞི་རིམ་གཞོན་དར་མང་ཆེ་བ་ཡིག་རྨོངས་ཡིན། བོད་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་བསྐྱོད་སྐབས། “ལོ་དགུའི་ཁྱབ་གདལ་” དྲིལ་བསྒྲགས་བྱས་ཏེ། འབྲོག་པ་ཚོར་ཕྲུ་གུ་སློབ་གྲྭར་འཇུག་པར་བྱ་དགའ་སྐུལ་མ་བཏང་བའི་སྦྱར་ཡིག་བགྲང་གིས་མི་ལོངས། འོན་ཀྱང་ས་གནས་མང་ཚོགས་ལ་རྒྱུས་ལོན་བྱས་རྗེས་ཤེས་རྟོགས་བྱུང་བ་ལ། སྲིད་བྱུས་འདི་དག་ནི་ཉེ་བའི་ལོ་གསུམ་མམ་ལོ་གཅིག་ནང་གཞི་ནས་ལག་ལེན་བསྟར་མགོ་བཙུགས་པ་ཞིག་རེད། ཀན་ལྷོ་ཁུལ་གྱི་རྨང་གཞི་གཉིས་ཀྱི་དཀའ་ངལ་གདོང་ལེན་ལག་བསྟར་འཆར་གཞི་ལྟར་ན། ལོ་དགུའི་ཁྱབ་གདལ་ཞེས་པའི་དུས་ཚོད་རེའུ་མིག་ནི། “༢༠༠༥ ལོར་གཙོས་གྲོང་ཁྱེར་དང་བ་ཙེ་རྫོང༌། ༢༠༠༦ ལོར་ཐེ་བོ་རྫོང་དང་འབྲུག་ཆུ་རྫོང༌། ༢༠༠༧ ལོར་བསང་ཆུ་རྫོང༌། ༢༠༠༨ ལོར་ཅོ་ནེ་རྫོང་། ༢༠༡༠ ལོར་ཀླུ་ཆུ་རྫོང་དང་རྨ་ཆུ་རྫོང་བཅས་སུ་ལོ་དགུའི་འགན་བབས་སློབ་གསོ་ཁྱབ་གདལ་བཏང་སྟེ། ༢༠༡༠ ལོར་ཁུལ་ཡོངས་སུ་གཞི་རྩའི་ལོ་དགུའི་འགན་བབས་སློབ་གསོ་ཁྱབ་གདལ་བཏང་སྟེ། གཞི་རྩའི་ཐོག་གཞོན་དར་ཡིག་རྨོངས་པ་གཙང་སེལ་བྱ་རྒྱུ་ཡིན་”འདུག
ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་དང༌། ཧོར་གཙང་སོགས་ས་ཁུལ་དུ། ང་ཚོས་ཞིང་འབྲོག་མང་ཚོགས་བཅུ་ཕྲག་འགའི་ཁྱིམ་ཚང་ལ་བཅར་འདྲི་བྱས་པ་ཡིན། ཁྱིམ་གྱི་བྱིས་པ་ལོ་ ༡༠ མན་གཅིག་ཀྱང་མ་ལྷག་པར་སློབ་གྲྭར་འགྲོ་བཞིན་འདུག སྲིད་གཞུང་གིས་ཁ་གསབ་ཤུགས་ཆེར་བྱས་པའི་རྐྱེན་གྱིས། ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་གིས་འགྲོ་གྲོན་གང་ཡང་མ་དགོས་པའི་སྒོ་ནས་བྱིས་པ་སློབ་གྲྭར་སྐྱེལ་ཐུབ་པ་དང༌། ཐ་ན་བྱ་དགའ་ཡང་ཐོབ་ཀྱི་ཡོད། ཁྱིམ་ཚང་ཞིག་ཡིན་པའི་ཆ་ནས་བྱིས་པ་སློབ་གྲྭར་གཏོང་འདོད་ཅིང༌། དམའ་འབྲིང་བར་སློབ་གྲྭར་སྐྱེལ་བའི་འཆར་གཞིའང་འདུག
འོན་ཀྱང་ལོ་ན་ ༡༥ ཡན་དང༌། ལྷག་པར་ལོ་ ༢༠ ཁ་ཤས་ཡིན་པའི་ཞིང་འབྲོག་མང་ཚོགས་ཀྱི་ཕྲུ་གུའི་སྐོར་སྐད་ཆ་དྲིས་ཚེ། མང་ཆེ་བར་སློབ་ཆུང་གི་ཆུ་ཚད་དང༌། ཐ་ན་ཡིག་རྨོངས་རེད། ལོ་དགུའི་འོས་འགན་སློབ་གསོ་ཚ་ཚ་འུར་འུར་ངང་སྤེལ་བ་དགའ་འོས་ཤིག་རེད། འོན་ཀྱང་དེའི་མཇུག་འབྲས་ལོ་ ༡༠ རྗེས་སུ་གཞི་ནས་མཐོང་ཐུབ། གཞོན་དར་ཡིག་རྨོངས་ཀྱི་ལོ་རྒྱུས་ཤུལ་ལུས་ཀྱི་གནད་དོན་ད་དུང་མིག་ལམ་དུ་བསྟར་ཡོད། ན་གཞོན་དང་དར་མའི་ཁྲོད་ཡིག་རྨོངས་ཀྱི་སྡུར་ཚད་ཤུགས་ཆེ་བ་དེར། ཕྱིའི་ཆ་རྐྱེན་མ་འདང་བའི་རྒྱུ་རྐྱེན་ལ་རག་ལས་པ་མ་ཟད། ནང་གི་རྒྱུ་རྐྱེན་ལའང་ཐུག་འདུག
ཕྱོགས་གཅིག་ནས། སྲོལ་རྒྱུན་གྱི་ལྟ་བས་ཡི་གེ་སྦྱངས་ན་ཕན་ཐོགས་མེད་པར་འདོད། བོད་ཁུལ་ཁྱིམ་ཚང་གི་ཐོན་སྐྱེད་སྒྲོམ་གཞི་གཙོ་བོ་ད་དུང་ཕྱུགས་ཟོག་འཚོ་སྐྱོང་དེ་ཆགས་ཡོད། ཕྲུ་གུ་སློབ་གྲྭ་བསྐྱལ་ན་ཁྱིམ་ཚང་ལ་རོགས་འདེགས་ཀྱིས་ཕྱུགས་འཚོའི་ལས་ཀ་བྱ་བའི་དུས་ཚོད་མེད་པའི་ཁར། ཡི་གེ་སྦྱངས་ཀྱང་ཕྱིས་སུ་”ངོ་ཤེས་དང་རྒྱབ་རྩ་མེད་”གཤིས། གྲོང་ཁྱེར་ནང་ལས་ཀ་རག་ཞིང༌། ཁྱིམ་ཚང་དུ་ཕྱིར་ལོགས་ཀྱང་ཕྱུགས་འཚོ་དང་སོ་ནམ་གྱི་སྲོལ་རྒྱུན་ནུས་རྩལ་མེད། དེར་བརྟེན། སློབ་གྲྭར་འགྲོ་བ་ལས་ནང་དུ་བསྡད་ནས་ཁྱིམ་ཚང་ལ་ཐད་ཀར་རོགས་རམ་གྱིས་འཚོ་ཐབས་རྒྱུན་འཁྱོངས་བྱས་ན་དགའ། “ཡི་གེ་སྦྱངས་ན་ཕན་ཐོགས་མེད་པའི་ལྟ་ཚུལ་གསར་པའང་”རྒྱ་ཁྱབ་འགྲོ་བཞིན་ཡོད། མིག་སྔར་བོད་ཁུལ་གྱི་འབྲོག་ཁུལ་དང༌། ས་མ་འབྲོག་ཁུལ་བཅས་ཀྱི་ཁྱིམ་ཚང་གི་ཐོན་སྐྱེད་སྒྲོམ་གཞིར་ད་དུང་ངོ་བོའི་ཐོག་ནས་འགྱུར་བ་ཕྱིན་མེད་པར་བརྟེན། ཁྱིམ་ཚང་གི་སློབ་གསོའི་ཐོག་གི་ལྟ་ཚུལ་ལའང་འགྱུར་ལྡོག་ཆེར་བྱུང་མེད། ལོ་ ༡༠ མན་གྱི་སློབ་ལོ་རན་པའི་བྱིས་པ་ཡོངས་ཁྱབ་སློབ་གྲྭར་བསྐྱལ་བ་དེ། སློབ་གྲྭར་མ་བསྐྱལ་ན་ཉེས་ཆད་ཕོག་པ་དང་སློབ་གྲྭར་བསྐྱལ་ན་བྱ་དགའ་ཐོབ་པས་སྲིད་བྱུས་དང་འབྲེལ་བ་ཆེན་པོ་ཡོད་ཀྱང༌། སློབ་གྲྭར་འགྲོ་བའི་དམིགས་ཡུལ་ཐད་ཁྱིམ་བདག་ཚོས་གསལ་པོ་ཞིག་ཤེས་ཀྱིན་མེད། བཅར་འདྲིའི་ཁྲོད། ཁྱིམ་བདག་ཚོས་དུས་རྒྱུན་བཤད་རྒྱུར། དམའ་འབྲིང་བར་དུ་སྦྱངས་ཏེ་སྲིད་བྱུས་ཀྱི་དགོས་འདུན་དང་མཐུན་ཐབས་བྱུང་ན་འགྲིགས་སོང༌། དེ་མིན་ཁྱིམ་ཚང་གི་ཟོག་ལུག་ལ་ལྟ་སྐྱོང་བྱེད་མཁན་དགོས་ཟེར། ལོ་ ༢༠ ཡས་མས་ཀྱི་གཞོན་སྐྱེས་ཚོ་རྨང་གཞིའི་སློབ་གསོར་ཞུགས་རྒྱུར་ཧུར་སེམས་དེ་ཙམ་མི་འདུག བོད་ཁུལ་གྱི་ས་གནས་སྲིད་གཞུང་ཚོས་ཉེ་བའི་ལོ་ཤས་ནང་གཞོན་དར་ཡིག་རྨོངས་སེལ་བའི་བྱ་བ་སྒྲུབ་བཞིན་ཡོད་ཀྱང༌། སྲིད་བྱུས་དེ་གཞི་རིམ་དུ་ལག་ལེན་བསྟར་རྒྱུར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད། གཞོན་དར་ཕོ་སྐྱེས་ཚང་མ་ཕྱི་ལོགས་སུ་གླ་ལས་བྱས་ནས་ཡོང་སྒོ་འཚོལ་བཞིན་ཡོད་པས། རིན་མེད་སྦྱོང་བརྡར་སྤྲད་ཀྱང་འཛུལ་ཞུགས་བྱེད་མཁན་རག་གི་མེད། ཧོར་གཙང་འབྲོག་ཁུལ་དུ་བཅར་འདྲི་བྱེད་སྐབས། ས་གནས་གྲོང་མིས་བཤད་ན། གོང་རིམ་གྱིས་ཡིག་རྨོངས་སེལ་བའི་བྱ་བར་རྟོག་ཞིབ་ཡོང་སྐབས། ཤང་སྲིད་གཞུང་གིས་ཕྱི་ལོགས་སུ་གླ་ལས་བྱེད་པའི་གཞོན་སྐྱེས་རྣམས་བཙན་འགུགས་ཀྱིས་གཅིག་བསྡུས་ཀྱིས་ཉིན་ ༡༠ རིང་སྦྱོང་བརྡར་བྱས་ཏེ་གོང་རིམ་གྱི་རྟོག་ཞིབ་ལ་གདོང་ལེན་བྱེད་པ་དང༌། ཉིན་ ༡༠ སོང་རྗེས་སློབ་ཆུང་གི་ལག་འཁྱེར་འགྲེམས་སྤྲོད་བྱེད་པ་བཅས་ཀྱི་བྱེད་ཐབས་ཙམ་གྱིས་ཡིག་རྨོངས་སེལ་ཚར་བར་བརྩིས་ཡོད། འབྲོག་ཁུལ་དུ་ང་ཚོས་བསང་ཆུ་རྫོང་དུ་མཐོ་འབྲིང་ནང་སློབ་སྦྱོང་བྱེད་བཞིན་པའི་བུ་མོ་ཞིག་ལ་མ་གཏོགས་བཅར་འདྲི་བྱེད་ཐུབ་མ་སོང༌། སློབ་མ་དེ་ནི་བུ་མོ་ཞིག་ཡིན་ལ་མིང་ལ་ཚེ་རིང་སྒྲོལ་མ་ཟེར། ཁོ་མོའི་མ་སྤུན་གཅེན་པོ་ནི་གྲོང་སྡེའི་རུ་དཔོན་ཡིན་ལ། ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ལེགས་པའི་ཐོག གྲོང་ཁྱེར་ནང་གཉེན་ཚན་ཡོད་སྟབས་མཐོ་འབྲིང་བར་དུ་སློབ་སྦྱོང་བྱ་ཐུབ་པ་བྱུང་ཟེར། ཁོ་མོར། ཕ་ཡུལ་གྱི་གྲོང་སྡེའི་ནང་ཡོད་པའི་གཅུང་མོ་རྣམས་ད་ལྟ་སློབ་གྲྭར་འགྲོ་གི་ཡོད་དམ་ཞེས་དྲིས་ཚེ། མོས། “ཁོ་ཚོ་ཚང་མ་གཉེན་སྒྲིག་བྱས་ཚར་རེད་”ཟེར།
ཕྱོགས་གཞན་ནས། ས་གནས་དེའི་དགེ་རྒན་གྱི་ཆུ་ཚད་དང་སློབ་གསོའི་སྤུས་ཚད་ཅུང་དམའ། བོད་ཁུལ་གྱི་གཞི་རིམ་སློབ་གྲྭ་ཕལ་ཆེ་སློབ་འཛུགས་ཀྱི་ཆ་རྐྱེན་ཞན་ཅིང༌། སློབ་གསོའི་རྨང་གཞི་རྗེས་ལུས། ལས་དོན་དཀའ་ངལ་ཆེ་བ། རྨང་གཞིའི་སློབ་གསོའི་ལས་མི་ནང་འདྲེན་བྱ་རྒྱུར་དཀའང་ངལ་ཆེ་བ། མཐོ་རིམ་དང་ཤེས་ཚད་མཐོ་བའི་སློབ་གསོའི་ལས་མི་ལྷག་པར་དཀོན་ཞིང༌། ཕྱོགས་མཐའི་ས་ཁུལ་ཕལ་ཆེ་བར་དགེ་རྒན་གཅིག་དང་སློབ་གྲྭ་གཅིག་གི་རྣམ་པར་བསྡད་ཡོད། ཚོགས་ཆུང་གིས་རྟོག་ཞིབ་བྱུང་བ་ལ། ནང་ས་ནས་ལྷ་སར་ཡོང་བའི་བོད་ལྗོངས་མཐོ་རིམ་དགེ་ཐོན་ཆེད་ལས་སློབ་གྲྭའི་དགེ་རྒན་གནང་བཞིན་པའི་ཞིབ་འཇུག་པ་ཤའོ་ཡུ་དང་ཤའོ་ཝུའི་གཉིས་ལ་བཅར་འདྲི་བྱེད་སྐབས། ཁོང་ཚོས་བཤད་རྒྱུར། “རི་ཁུལ་གྱི་སློབ་གྲྭར་དགེ་རྒན་ཧ་ཅང་དཀོན་པ་མཐོང་སྐབས། ང་ཚོས་རོགས་རམ་བྱ་དགོས་བསམས་ཀྱང་བྱ་ཐབས་མི་འདུག ས་ཆ་དེ་ལྟ་བུ་ཞིག་ལ་ང་ཚོས་སློབ་ཁྲིད་བྱ་རྒྱུ་བལྟ་ཞོག ཆེས་གཞི་རིམ་གྱི་འཚོ་གནས་ཀྱི་ཆ་རྐྱེན་ཡང་གོམས་འདྲིས་ཐུབ་ཀྱི་མི་འདུག་”ཟེར།
བསང་ཆུ་རྫོང་དུ་ང་ཚོས་རོང་ཁུལ་དུ་སློབ་ཁྲིད་བྱེད་མཁན་སློབ་ཆུང་གི་དགེ་རྒན་ཞིག་ལ་བཅར་འདྲི་བྱས་པ་ཡིན། སློབ་མའི་གྲངས་འབོར་མང་ཞིང༌། དགེ་རྒན་ཆེས་དཀོན་སྟབས། དགེ་རྒན་རེས་ཉིན་རེར་ཆུ་ཚོད་ ༡༣ ཡན་ལས་ཀ་བྱེད་དགོས་ཤིང༌། “རྨང་གཞི་གཉིས་”ཀྱི་སྲིད་བྱུས་ལག་བསྟར་བྱས་རྗེས། སློབ་མ་ཚོའི་ཐོབ་ཐང་ཧ་ཅང་བཟང་ནའང༌། དགེ་རྒན་གྱི་ཐོབ་ཐང་ཡར་རྒྱས་འགྲོ་རྒྱུ་བལྟ་ཞོག་སྔར་ལས་ཞན་དུ་གྱུར་ཡོད། དགེ་རྒན་འདིས་བཤད་རྒྱུར། ཁོ་པའི་ཟླ་ཕོགས་ ༡༩༩༨ ལོ་ནས་ད་བར་སྒོར་ ༥༠༠ ལས་འཕར་མ་སོང༌། སློབ་གྲྭའི་དགེ་རྒན་ལས་བརྒྱ་ཆ་ ༨༠ ཙམ་གྱིས་ལས་རིགས་གཞན་འཚོལ་འདོད་འདུག་ནའང༌། ལས་རིགས་གཞན་དག་ཐོག་འབབ་ས་མ་རག་པས་མུ་མཐུད་དགེ་རྒན་མི་བྱེད་ཐབས་མེད་རེད་ཟེར། འདི་ལྟ་བུའི་གནས་ཚུལ་འོག དགེ་རྒན་ཚོ་ལས་དོན་ཐོག་ཧུར་སེམས་ཇི་ཙམ་ཡོད་མེད་ཤེས་ཐུབ། བོད་ཁུལ་གྱི་སློབ་གསོའི་གནས་སྟངས་ལ་ཞིབ་འཇུག་བྱེད་མཁན་བསང་ཆུ་རྫོང་བོད་རིག་པའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཚེ་རིང་དོན་གྲུབ་ཀྱིས་བཤད་རྒྱུར། ང་ཚོ་གཞི་རིམ་དུ་སོང་ནས་རྟོག་ཞིབ་བྱེད་སྐབས། དགེ་རྒན་ཁ་ཤས་ཀྱིས་བཤད་རྒྱུར། ཁོང་ཚོར་རེ་བ་ཉག་གཅིག་ཡོད་པ་ནི་སློབ་གྲྭ་གནས་སའི་གྲོང་ཚོའི་ཉེ་འདབས་སུ་ལག་འཁྱེར་ཁ་པར་གྱི་བརྡ་འཕྲིན་ཀ་བ་ཞིག་འཛུགས་རྒྱུ་དེ་ཡིན། ཁོང་ཚོས་དགོང་དྲོ་རང་གི་ནང་མིའི་ལྷན་ཁ་པར་རེ་གཏོང་ཐུབ་པ་བྱུང་ན་འདོད་པ་ཁེངས་སོང་ཟེར།
བོད་ལྗོངས་མཐོ་རིམ་དགེ་ཐོན་ཆེད་ལས་སློབ་གྲྭའི་དགེ་རྒན་ཤའོ་ཡུ་དང་ཤའོ་ཝུའི་གཉིས་ཀྱི་སློབ་མ་ནི་དགེ་ཐོན་སློབ་མ་ཞེ་གཅིག་ཡིན་ཞིང༌། གུང་གསེང་སྐབས་ཁོང་གཉིས་ཀྱིས་ཡིག་འབྲེལ་འཛིན་གྲྭར་སློབ་ཁྲིད་བྱེད་ཀྱི་ཡོད། ཁོང་ཚོའི་སློབ་མ་ནི་བོད་ལྗོངས་གྲོང་གསེབ་དང་གྲོང་རྡལ་འདྲ་མིན་ནས་སླེབས་པའི་དམའ་རིམ་དང་འབྲིང་རིམ་དགེ་རྒན་ཤ་སྟག་རེད། ཁོང་ཚོས་ངོ་སྤྲོད་བྱས་དོན་ལྟར་ན། གྲོང་གསེབ་དང་གྲོང་རྡལ་འདི་དག་གི་རྨང་གཞིའི་སློབ་གསོའི་ཆུ་ཚད་ཧ་ཅང་སེམས་ཁྲལ་བྱེད་དགོས་པའི་གནས་སུ་གྱར་འདུག ཐོག་མར་རྒྱའི་སྐད་ཡིག་གི་ཆུ་ཚད་འདང་ངེས་མེད། “ཀྲང་སེ་ནུབ་ཕྱོགས་ས་ཆར་ཕོ་ཉར་ཕྱིན་པ།” ཟེར་བ་ལྟ་བུ་དང༌། “ཧན་རྒྱལ་རབས་ཀྱི་མཇུག་ཏུ། དཔོན་བློན་ཚོས་རང་དགར་དབང་སྒྱུར་བྱེད་བཞིན་ཡོད།” ཟེར་བ་ལྟ་བུར་དག་ཆ་ནོར་ཏེ་བཞད་གད་སློང་བྱེད་དུ་གྱུར་པའི་གནས་ཚུལ་རྒྱུན་ལྡན་དུ་གྱུར་ཡོད། སློབ་དེབ་ཁ་ཕྱེ་སྟེ་ཁམས་ལུགས་ཀྱི་ཡིག་ཚད་བཏང་ཡང་དྲི་བའི་ལན་སློབ་དེབ་ནང་འཚོལ་ཐུབ་ཀྱི་མེད། དགེ་རྒན་འདི་དག་བོད་ལྗོངས་མཐོ་རིམ་དགེ་ཐོན་ཆེད་ལས་སློབ་གྲྭར་ཉིན་ ༡༤ རིང་སྦྱོང་བརྡར་བྱས་རྗེས་སློབ་ཆུང་ནང་”མཐོ་རིམ་དགེ་རྒན་ཅན་”དུ་བསྒྱུར་བའི་དམིགས་ཡུལ་འགྲུབ་ཐབས་བྱས་ཡོད།
༢་༢ ལས་རིགས་སྦྱོང་བརྡར་དང༌། སྤྱི་ཚོགས་ལས་ཞུགས་ཀྱི་གོ་སྐབས་ཉུང་བ།
བོད་མི་གཞོན་སྐྱེས་ཚོ་དེང་རབས་ཀྱི་བཟོ་ལས་སྤྱི་ཚོགས་སུ་འཇུག་པར་ལས་དོན་གྱི་ནུས་རྩལ་དང་སྤྱི་ཚོགས་ཀྱི་བརྒྱུད་ལམ་མེད་པའི་ཁར། སྲོལ་རྒྱུན་གྱི་ཞིང་ལས་སྤྱི་ཚོགས་ནང་ཕྱིར་ལོག་བྱ་རྒྱུའང་དཀའ་བའི་གནས་ཚུལ་དེ་ཡོངས་ཁྱབ་ཅིག་ཡིན། རྨང་གཞིའི་སློབ་གསོ་དང་བསྡུར་ན། བོད་རིགས་གཞོན་དར་ཚོའི་ལས་དོན་ནུས་རྩལ་གྱི་གནད་དོན་དེ་ཡང་སེམས་ཁུར་བྱ་དགོས་པའི་གནས་ཤིག་རེད། ས་གནས་སུ་དངོས་ཐོག་རྟོག་ཞིབ་བྱས་པ་བརྒྱུད། ཚོགས་ཆུང་གི་བསམ་ཚུལ་ནི། སྔར་ལས་དངོས་ཡོད་ཀྱི་ཕྱོགས་ནས་བསམ་གཞིགས་བྱས་ན། ལོ་ ༢༠ ཡན་གྱི་མིར་མཚོན་ན། རྨང་གཞིའི་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་ཧ་ཅང་དཀའ་བའི་ཁར། ཕན་འབྲས་ལམ་སེང་ཐོན་མི་ཐུབ་ལ། དངོས་ཡོད་ཀྱི་གནད་དོན་ཡང་ཐག་གཅོད་བྱ་མི་ཐུབ་སྟབས། གྲོང་ཁྱེར་ནང་བོད་རིགས་གཞོན་དར་ཚོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་མིག་སྔར་ཆེས་ཛ་དྲག་ཅན་གྱི་གནས་སྟངས་ཤིག་ཏུ་གྱུར་ཡོད། བོད་མི་གཞོན་དར་རྣམས་ལ་དོན་དངོས་བཀོལ་སྤྱོད་ཐུབ་པའི་ནུས་རྩལ་རེ་ཐོབ་ཚེ། ད་གཟོད་ཕན་ནུས་ལྡན་ཞིང་མགྱོགས་མྱུར་ངང་དེང་རབས་སྤྱི་ཚོགས་ཁྲོད་སིམ་འདྲེས་བྱ་ཐུབ།
འོན་ཀྱང་དངོས་ཡོད་ཀྱི་གནས་སྟངས་ནི། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་རིགས་སྦྱོང་བརྡར་གྱི་སློབ་གསོ་མགོ་འཛུགས་འཕྱི་ཞིང་འཕེལ་རྒྱས་དལ། དེང་སྐབས་ལས་རིགས་སློབ་འབྲིང་ ༥ ཡོད་པ་ཚང་མའི་སློབ་ཁང་རྙིང་ཧྲལ་དང༌། དངོས་སྦྱོང་དང་སློབ་ཁྲིད་ཀྱི་ཆ་རྐྱེན་མེད་ཁར་སློབ་འཛུགས་ཀྱི་ཆ་རྐྱེན་ཧ་ཅང་རྗེས་ལུས་ཡིན་པས། ཁུལ་ཡོངས་ཀྱི་རྨང་གཞིའི་སློབ་གསོ་དང་ལག་ཤེས་ལས་རིགས་སློབ་གསོའི་སྙོམ་སྒྲིག་དང་འཕེལ་རྒྱས་ཀྱི་བཀག་རྒྱ་ཚབས་ཆེན་ཞིག་ཏུ་གྱུར་ཡོད། བོད་ལྗོངས་སློབ་ཆེན་གྱི་སློབ་དཔོན་ངག་དབང་འཇིགས་མེད་ཀྱིས་དཔེ་མཚོན་ཞིག་བཞག་ཡོད་པ་དེར་ཚབ་མཚོན་གྱི་རང་བཞིན་ཧ་ཅང་ཆེ། ཁོང་གིས། “ལྷ་སའི་མེ་འཁོར་འབབ་ཚིགས་བཟོ་སྐྲུན་བྱེད་སྐབས། ས་ཆ་དེར་ཞིང་པ་དང་ས་ཞིང་ཡོད། མེ་འཁོར་འབབ་ཚིགས་བཟོ་ཆེད་ཚང་མ་གཞིས་སྤོས་བྱེད་དུ་བཅུག་ཡོད། རྒྱལ་ཁབ་ཀྱིས་ཞིང་པ་ཚོར་གུན་གསབ་མང་པོ་སྤྲད་ཡོད། འོན་ཀྱང་ཞིང་པ་ཚོའི་སློབ་གསོའི་ཆུ་ཚད་ཧ་ཅང་དམན་སྟབས། ཁོ་ཚོས་དངུལ་བཀོལ་སྤྱོད་མ་ཤེས་པར། ཐེངས་གཅིག་ལ་རྒྱ་སྒོར་ཁྲི་དུ་མ་ཐོབ་འཕྲལ་གང་བྱུང་བཀོལ་སྤྱོད་བྱས་ཡོད། ན་གཞོན་ཚོས་རླངས་འཁོར་དང་སྦག་སྦག་ཉོ་བ་དང༌། གང་སར་རྩེད་འཇོར་རོལ་བ་བཅས། ལོ་གཅིག་གཉིས་མ་འགོར་བར་དངུལ་དེ་ཚོ་ཚང་མ་རྫོགས་པ་རེད། སྔོན་མ་ཁོ་ཚོ་སོ་ནམ་ཞིང་ལས་ལ་བརྟེན་ནས་ཡོང་འབབ་འཚོལ་བཞིན་ཡོད་ནའང༌། དེང་སྐབས་ས་ཞིང་མེད་པའི་ཁར། རིག་གནས་ཤེས་ཚད་མེད་ལ་ལས་ཀའང་མེད་པས། སྤྱི་ཚོགས་ཀྱི་ཁུར་པོ་དང་གནོན་ཤུགས་སུ་གྱུར་ཡོད། འདི་འདྲའི་གནས་སྟངས་འོག་གཞན་གྱིས་ངན་བསྐུལ་བྱས་པ་ཙམ་གྱིས། ཧ་ཅང་’སྟབས་མ་བདེ་བར་’གྱུར་པ་མ་ཡིན་ནམ། དེར་བརྟེན། འདི་ལྟ་བུའི་སྲིད་བྱུས་ཀྱིས་དེ་ལས་ལྡོག་སྟེ་ཁོ་ཚོར་གཤིས་ཀ་ངན་གོམས་པར་བྱེད་ཀྱི་ཡོད།” ཅེས་གསུངས། དཔེ་མཚོན་འདིས་བོད་མི་གཞོན་དར་མང་པོ་ཞིག་གི་དཀའ་ངལ་གྱི་གནས་སྟངས་མཚོན་ཞིང༌། ཁོ་ཚོ་སྔོན་ཆད་སྲོལ་རྒྱུན་གྱི་ཞིང་ལས་སྤྱི་ཚོགས་སུ་འཚོ་བར་རོལ་བཞིན་ཡོད་མོད། བཅོས་སྒྱུར་སྒོ་འབྱེད་ལ་བསྐྱོད་པའི་བརྒྱུད་རིམ་དང་ལྷན་དུ་བཟོ་ལས་སྤྱི་ཚོགས་ཁྲོད་རང་དབང་མེད་པར་བཅུག་ཡོད། འོན་ཀྱང་ཁོ་ཚོ་མང་ཆེ་བ་ཆུང་དུས་ནས་ཞིང་ལས་དང༌། ཕྱུགས་ལས་ཁྱིམ་ཚང་ཁྲོད་འཚོ་བ་བསྐྱལ་ཡོད་པས། ས་ཞིང་འདེབས་པ་དང༌། ཕྱུགས་འཚོ་བ་སོགས་ཀྱི་ངལ་རྩོལ་ནུས་རྩལ་ལས་གཞན་མེད་སྟབས། གྲོང་ཁྱེར་དུ་ཞུགས་རྗེས་བཟོ་གྲྭ་དང་ལས་གྲྭ་སོགས་ཀྱི་ལས་དོན་མི་འཕེར་ཞིང༌། སྐད་ཆ་དང་ངལ་རྩོལ་ནུས་རྩལ་ཐོག་ནང་ས་ནས་ཡོང་བའི་གླ་ལས་པ་ལ་འགྲན་སྡུར་བྱ་རྒྱུ་ཧ་ཅང་དཀའ། ཚོགས་ཆུང་རྣམས་བསང་ཆུ་རྫོང་རྒན་གྱ་ཤང་གི་རྩྭ་ཐང་གི་འབྲོག་པར་བཅར་འདྲི་བྱེད་སྐབས། གྲོང་སྡེའི་ནང་གི་གཞོན་སྐྱེས་མང་པོ་ཞིག་ཕྱི་ལོགས་སུ་འཁྱམས་ཏེ་ལས་གླ་བྱེད་བཞིན་འདུག གཞོན་སྐྱེས་ཚོས་རྒྱ་སྐད་ཡག་པོ་མི་ཤེས་སྟབས། ལས་གྲྭའི་ནང་ལུས་ཤུགས་ཀྱི་ལས་ཀ་ལྗིད་པོའི་རིགས་བྱེད་ཀྱིན་ཡོད།
བོད་རིགས་གཞོན་དར་རྣམས་གྲོང་ཁྱེར་དུ་ཞུགས་པའི་འཚོ་བའི་དཀའ་ངལ་གྱི་རྒྱུ་རྐྱེན་ཁྲོད་ལས་ཀའི་ནུས་རྩལ་ཞན་པ་ལས་གཞན། “སྤྱི་ཚོགས་ཀྱི་ལམ་ཁ་”ཡི་གནད་དོན་ཡང་མི་ཚང་མས་ཤེས་གསལ་ཡིན་ཡང་ཡོངས་གྲགས་མི་བྱེད་པའི་སྦས་པའི་གནད་དོན་ཞིག་རེད། “སྤྱི་ཚོགས་ཀྱི་ལམ་ཁ་”ཟེར་བ་ནི། རྒྱ་ཆེའི་མི་མང་གིས་དུས་རྒྱུན་”གོ་སྐབས་”ཟེར་བ་དེ་རེད། ཚོགས་ཆུང་གིས་ས་བཅད་གོང་མའི་འགྲེལ་བཤད་ནང་བརྗོད་པ་ལྟར། བཅར་འདྲི་བྱ་ཡུལ་གྱི་ཁྱིམ་བདག་ཕལ་ཆེ་བས་བྱིས་པ་མཐོ་འབྲིང་དང་སློབ་ཆེན་དུ་འཇུག་རྒྱུར་ཡིད་ཆེས་བྱེད་ཀྱི་མི་འདུག ཁོང་ཚོའི་བསམ་ཚུལ་དུ། “གལ་སྲིད་མཐོ་འབྲིང་དུ་རྒྱུགས་འཕྲོད་ཀྱང༌། མཐོ་སློབ་ནང་རྒྱུགས་མི་འཕྲོད། གལ་སྲིད་མཐོ་སློབ་ནང་རྒྱུགས་འཕྲོད་པ་ཡིན་ནའང༌། ཁྱིམ་ཚང་ལ་’གོ་སྐབས་’མེད་སྟབས་གྲོང་ཁྱེར་ནང་བསྡད་དེ་སྲིད་གཞུང་གི་ལས་ཀ་བྱེད་མི་ཐུབ་”ཟེར།
བསང་ཆུ་རྫོང་སྒྲོལ་མ་ཟ་ཁང་གི་སྦྱིན་བདག་རྡོ་རྗེ་ཚེ་རིང་གིས་བཤད་རྒྱུར། “གལ་ཏེ་སློབ་གྲྭར་འགྲོ་དགོས་ན་ཁྱིམ་ཚང་གིས་ནོར་ལུག་བཙོངས་ནས་འགྲོ་སོང་གཏོང་དགོས། འོ་ན་ཕྱིས་སུ་ཅི་བྱེད་དམ། སློབ་གྲྭར་སོང་ཡང་མཐོ་སློབ་ཏུ་རྒྱུགས་མི་འཕྲོད། སྤྱིར་བཏང་དབང་དུ་བཏང་ཡང་གཙོས་དགེ་ཐོན་སློབ་གྲྭ་ལས་རྒྱུགས་གཏོང་ས་མེད། དགེ་ཐོན་སློབ་གྲྭ་ཐོན་ཚེ་གྲོང་ཁྱེར་ནང་སྡོད་དགོས་ན་དགེ་རྒན་བྱ་རྒྱུ་ལས་ལམ་ཁ་གཞན་མེད། ས་གནས་ཀྱི་དགེ་རྒན་བྱ་རྒྱུར་ཡང་ལམ་ཁ་དགོས། དེང་སྐབས་དགེ་རྒན་ཡིན་ནའང་དཔོན་པོ་དང་ངོ་ཆེན་རིགས་ལ་མ་གཏོགས་ལས་ཀ་བགོ་འགྲེམས་བྱེད་ཀྱི་མེད་”ཟེར། རྡོ་རྗེ་ཚེ་བརྟན་གྱི་ཕ་ནི་ཚོང་པ་ཞིག་རེད། ལོ་མང་པོར་ཚོང་ལས་གཉེར་བས་ཁྱིམ་གྱི་དཔལ་འབྱོར་གང་ལེགས་ཙམ་འདུག ཁོང་སློབ་གྲྭར་དེ་ཙམ་སོང་མྱོང་མེད་ནའང༌། བྱ་གཞག་ཐད་གྲུབ་འབྲས་ལྡན་པར་བརྩིས་ཆོག ཆུང་དུས་ནས་ཁོང་དང་མཉམ་དུ་རྩེད་མོ་རྩེ་མྱོང་བའི་སྤུན་ཟླ་ཚོའི་སྐོར་གླེང་སྐབས་ཁོང་གིས། དེ་ཚོའི་འཚོ་བའི་གནས་སྟངས་ཐ་སྙད་གཅིག་གིས་ཕྱོགས་བསྡུས་བྱས་སོང༌། ཐ་སྙད་དེ་ནི་”འགྲོ་ཐབས་སྡོད་ཐབས་”ཟེར་བ་དེ་རེད། སློབ་གྲྭར་སོང་མ་མྱོང་ཞིང༌། ལམ་ཁ་དང་མ་རྩ་མེད་ནའང༌། རང་ཡུལ་དུ་ཕྱིར་ལོགས་ནས་ནོར་ལུག་འཚོ་འདོད་མེད་པས། གྲོང་ཁྱེར་ནང་སྤྲང་འཁྱམས་བྱས་པས། སྡོད་གནས་ངེས་གཏན་མེད་པའི་སྤྱི་ཚོགས་”བརྟན་བརླིང་མ་ཡིན་པའི་རྒྱུ་རྐྱེན་”དུ་གྱུར།
༢་༣ སྔར་ལྷག་སྒོ་འབྱེད་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ལྟོས་བཅོས་ཀྱི་བཙན་འཕྲོག་བྱས་པའི་ཚོར་བས་མི་རིགས་ཀྱི་འདུ་ཤེས་ཤུགས་དྲག་བསྐྱེད་པ།
གལ་ཏེ་ལོ་ ༥༠།༦༠ ཡས་མས་ཀྱི་བོད་མི་ཚོས་བཅིངས་འགྲོལ་ཐོབ་པའི་སྔ་རྗེས་དང༌། བཅོས་སྒྱུར་སྒོ་འབྱེད་སྔ་རྗེས་དབར་འཚོ་བའི་ཆུ་ཚད་ཐད་ཀྱི་འཕོ་འགྱུར་ཆེན་པོའི་ཐོག་མྱོང་ཚོར་ཆེན་པོ་འདུག་ཟེར་ན། ལོ་ ༣༠ མན་གྱི་བོད་མི་ཚོས་ཉམས་སུ་མྱོང་བ་ནི་ནང་ས་དང་བོད་ཁུལ་དབར་ཉིན་བཞིན་བར་ཐག་ཇེ་རིང་དུ་འགྲོ་བཞིན་པའི་ཧེ་བག་དང༌། བོད་ཁུལ་གྱི་དབང་འབྱོར་ལྡན་པའི་གྲལ་རིམ་དང་མི་མང་དཀྱུས་མ་དབར་འབྱུང་བཞིན་པའི་ཧེ་བག་དེ་ཡིན། བཅར་འདྲིའི་སྐབས་སུ་ང་ཚོས། རྒན་རབས་དང༌། དར་མ། ན་གཞོན་བཅས་ཀྱིས་རང་ཉིད་ལ་མིང་འབོད་བྱེད་སྟངས་ཐོག་གི་ཧེ་བག་གསལ་པོར་ཚོར་ཐུབ། རྒན་རབས་ཚོའི་གཏམ་གླེང་ཁྲོད་ང་ཚོས། སྤྱི་གཞུང་དང༌། ཧྲེ་ཡོན་ཟེར་བ་ལྟ་བུའི་ཐ་སྙད་གོ་རྒྱུ་མང་ལ། གཞོན་སྐྱེས་ཚོས་དེ་ལས་ལྡོག་སྟེ། ང་ཚོ་བོད་མི། ང་ཚོའི་མི་རིགས་ཟེར་བ་ལྟ་བུའི་བཤད་སྟངས་རྒྱུན་དུ་འབྱུང༌།
ལྟོས་བཅོས་བཙན་འཕྲོག་གི་མྱོང་ཚོར་དང་ཆབས་ཅིག་འབྱུང་བ་ནི། ཧེ་བག་གི་ཚོར་སྣང་སྣ་ཚོགས་དེ་ཡིན། དེའི་ནང་ལྟེ་ཁུལ་དང་མཐའ་ཁུལ་དབར་གྱི་ཧེ་བག་དང༌། རྒྱ་རིགས་དང་བོད་རིགས་དབར་གྱི་ཧེ་བག དཔོན་རིགས་དང་མི་མང་དབར་གྱི་ཧེ་བག་སོགས་འདུས་ཡོད། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ཀྱིས་བརྗོད་རྒྱུར། གཞོན་སྐྱེས་ཚོའི་ལྟ་བའི་འགྱུར་ལྡོག་དེ་ཁོ་ཚོ་ཕྱི་ལོགས་སུ་བསྐྱོད་དེ་ལས་ཀ་འཚོལ་བ་དང་འབྲེལ་བ་ཆེན་པོ་ཡོད། “ལོ་ ༣༠ མན་གྱི་གཞོན་སྐྱེས་ཚོ་ཕྱི་ལོགས་སུ་འཁྱམས་མྱོང་ཞིང༌། ལྟ་རྒྱ་མཐོང་རྒྱ་ཡངས་པ། བསམ་བློ་ཅུང་ཐལ་ཆ་ཆེ་བ། ཆོས་ལུགས་ཀྱི་འདུ་ཤེས་ཅུང་དམན་པ། མི་རིགས་ཀྱི་འདུ་ཤེས་སྔར་བས་ཤུགས་ཆེ་”ཟེར། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་གི་འགན་འཛིན་གཞོན་པ་བཀྲ་བཀྲ་ཡིས་བཤད་རྒྱུར། “བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ཆེ་ཤོས་ནི། གཞོན་སྐྱེས་ཚོའི་སྲོལ་རྒྱུན་གྱི་ལྟ་ཚུལ་གཙང་སེལ་བྱས་ཏེ། ལྟ་བར་འགྱུར་བ་ཕྱིན་པ་དེ་ཡིན། ༣་༡༤ དོན་རྐྱེན་རྗེས་སུ། ལོ་ ༥༠ ཡན་གྱི་མི་ཚོ་ཚོར་སྣང་ཧ་ཅང་ཟབ་མོ་སྐྱེས་ཏེ། ‘རྙོག་དྲ་བཟོས་ནས་ཅི་བྱེད་དམ་’ཟེར། ལོ་ན་བགྲེས་པའི་མི་མང་དང་གྲྭ་པ་ཚང་མས་དེ་ལྟར་བྱས་ན་མི་ལེགས་པར་སྙམ་”ཟེར།
ཞིབ་འཇུག་ཚོགས་ཆུང་གིས་ཡ་མཚན་པའི་ངང་ཤེས་རྟོགས་བྱུང་བ་ཞིག་ནི། བོད་མི་ཚོའི་མི་རིགས་ཀྱི་འདུ་ཤེས་དེ། ༣་༡༤ དོན་རྐྱེན་གྱི་བརྒྱུད་རིམ་ཁྲོད་སྔ་ན་མ་བྱུང་བའི་སྒོ་ནས་ཤུགས་ཆེར་ཕྱིན་འདུག ཁྱད་པར་ ༣་༡༤ དོན་རྐྱེན་རྗེས་ནས་ཨོ་ལིམ་པིག་མཇུག་མ་སྒྲིལ་བར་དུ་སྲིད་གཞུང་གིས་སྔོན་འགོག་གི་བྱེད་ཐབས་མང་པོ་ཞིག་སྤེལ་ཏེ། བོད་མི་ཚོ་གནམ་ཐང་དང༌། ནང་སའི་སྤྱི་པའི་ས་ཆ་ཡོད་ཚད་དུ་”དམིགས་བསལ་”ཁོངས་བཏང་ཡོད། དེའི་རྐྱེན་གྱིས་བོད་རིགས་སྤྱི་དང་ཁྱད་པར་གཞོན་སྐྱེས་ཚོས་རང་མི་རིགས་”གཞན་དང་མི་འདྲ་བའི་”གནས་སྟངས་མངོན་གསལ་གྱིས་མྱོང་ཚོར་བྱུང་ཡོད། པདྨ་སྐྱིད་འཛོམས་ཟེར་བའི་བོད་རིགས་བུ་མོ་ཞིག་གིས་ཨོ་ལིམ་པིག་འགྲན་ཚོགས་སྐབས་ཁོ་མོར་པེ་ཅིང་དུ་འཕྲད་པའི་གནས་ཚུལ་འགྲེལ་བརྗོད་བྱེད་རྒྱུར། “ང་ལྷ་སའི་ཀུང་སི་ཞིག་གི་སྐུ་ཚབ་བྱས་ཏེ་པེ་ཅིང་དུ་གུང་གཞོན་ཚོགས་པའི་ཟབ་སྦྱོང་ཞིག་ལ་ཞུགས་པ་ཡིན། ང་རང་བོད་རིགས་ཡིན་པའི་རྒྱུ་མཚན་ཁོ་ནར་བརྟེན་ནས། པེ་ཅིང་གི་མགྲོན་ཁང་གཅིག་གིས་ཀྱང་ང་རང་སྡོད་འཇུག་གི་མི་འདུག ང་རང་ཁོང་ཁྲོ་ལངས་ནས་ཁོ་ཚོ་ལ་རྩོད་པ་བྱས་པ་ཡིན། ངས་ཁོ་ཚོར་ཁྱེད་ཚོའི་བྱེད་སྟངས་འདི་མི་རིགས་མཐོང་ཆུང་གི་བྱ་སྤྱོད་རེད་ཅེས་བཤད་པ་ཡིན་”ཟེར།
༢་༤ མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ལོ་རྒྱུས་ཐོག་ལམ་ནོར་དང་བརྗེད་ངེས་བྱུང་བ།
ཕྱི་ནས་བྱུང་བའི་དེང་རབས་ཀྱི་ལྟ་བའི་ཤན་ཤུགས་འོག བོད་ཁུལ་གྱི་གཞོན་སྐྱེས་ཚོས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལོ་རྒྱུས་ཐོག་གནས་ཚད་མི་འདྲ་བའི་ལམ་ནོར་དང་བརྗེད་ངེས་ཀྱི་མངོན་ཚུལ་ཞིག་འདུག དེའི་མངོན་ཚུལ་འབུར་དུ་ཐོན་པ་ཞིག་ནི། བོད་ཀྱི་སྐད་དང་ཡི་གེ་རྒྱུད་འཛིན་གྱི་དཀའ་ངལ་དང༌། རང་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ཐོག་ངེས་ཤེས་ཆ་ཚང་བ་ཞིག་མེད་པ་བཅས་ཡིན།
ཐོག་མར། བོད་ཀྱི་རིག་གནས་ཀྱི་བརྒྱུད་ལམ་གཙོ་བོར་གྱུར་པའི་བོད་ཀྱི་སྐད་དང་ཡི་གེ་རྒྱུད་འཛིན་བྱ་རྒྱུར་དཀའ་ངལ་འཕྲད་ཡོད། བོད་ཁུལ་དུ་དེང་སྐབས་རིག་ཚན་གང་གི་དགེ་རྒན་ཆེས་དཀོན་པོར་གྱུར་ཡོད་དམ་ཞེ་ན། དང་ཐོག་ང་ཚོས་དབྱིན་ཡིག་དང་རྒྱ་ཡིག ཡང་ན་རྩིས་རིག་སོགས་ཡིན་པར་ཚོད་དཔག་བྱས་ནའང༌། རྟོག་ཞིབ་ཀྱི་བརྒྱུད་རིམ་ཁྲོད། སློབ་མ་དང་དགེ་རྒན་ཚོས་སྤྱི་ཁྱབ་ངང་བཤད་རྒྱུར། དེང་སྐབས་བོད་ཁུལ་དུ་ཆེས་དཀོན་པའི་དགེ་རྒན་ནི་བོད་ཡིག་དགེ་རྒན་རེད་ཟེར་བ་མ་ཟད། སློབ་ཆུང་གི་སློབ་མ་བཅུ་གྲངས་ཤིག་ལ་བཅར་འདྲི་བྱེད་སྐབས། སློབ་སྦྱོང་ཁྲོད་དཀའ་ངལ་ཆེ་ཤོས་ཀྱི་རིག་ཚན་གང་ཡིན་ཞེས་དྲིས་སྐབས། ཆེས་ཡ་མཚན་པ་ཞིག་ལ་ཚང་མས་”བོད་ཡིག་རེད་”ཅེས་ལན་གཅིག་མཚུངས་བརྒྱབས་སོང༌། རིག་ཚན་ལས་སླ་ཤོས་ནི་”རྒྱའི་སྐད་ཡིག་”རེད་ཟེར། བོད་ཡིག་ཤེས་མཁན་རེད་ཟེར་བ་མ་གཏོགས། བོད་ཡིག་དགེ་རྒན་གྱི་འགན་ཁུར་ཏེ། སློབ་མ་ཚོར་བོད་ཡིག་སློབ་ཁྲིད་གཏིང་ཟབ་ཅིག་བྱེད་ཐུབ་པའི་དགེ་རྒན་རེ་ཟུང་ཞིག་ལས་མེད།
མི་རིགས་ཤིག་གི་རིག་གནས་རྒྱུད་འཛིན་ཐད་གལ་འགངས་ཆེ་ཤོས་དེ་སྐད་ཡིག་ཡིན་པ་སྨོས་མ་དགོས་པས། བོད་རིགས་ཤེས་ལྡན་པ་མང་པོ་ཞིག་གིས་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཐོག་སེམས་ཁྲལ་བྱེད་ཀྱི་འདུག དཔེར་ན། མི་རིགས་རིག་པའི་སློབ་དཔོན་མཱ་རོན་གྱི་གསུང་རྩོམ་ནང༌། “མི་རིགས་འདིའི་ལོ་རྒྱུས་ཀྱི་དེབ་ཐེར་དངོས་དང་རྗེས་རབས་པའི་ཚིག་ཐོ། དམངས་ཁྲོད་དུ་གསར་རྩོམ་བྱུང་བའི་དཔའ་བོའི་རྟོགས་བརྗོད། མི་རིགས་འདིའི་གནམ་རིག་དང༌། རྩིས་རིག གསོ་བ་རིག་པ། འཛུགས་སྐྲུན། རྩོམ་རིག སོ་ནམ་ལས་རིག་སོགས་ཀྱི་རིག་གནས་གསོག་སྒྲུབ་ཡོད་ཚད་རང་མི་རིགས་ཀྱི་ཡི་གེའི་ཐོག་བཀོད་ཡོད། དེར་བརྟེན། མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ཀྱི་བརྒྱུད་ལམ་དེ་ནི། ཤེས་ལྡན་པའི་ཚོགས་སྡེ་ཞིག་དང་རྒྱ་ཆེའི་མང་ཚོགས་ཀྱིས་མི་རིགས་རང་གི་རིག་གནས་ལོ་རྒྱུས་ཐོག་བཅངས་པའི་བརྩེ་དུང་བཅས་ལ་རེ་བཅོལ་དང་མངོན་མཚོན་བྱེད་ཀྱི་ཡོད། མི་རིགས་ཀྱི་སྐད་ཡིག་གིས། མི་རིགས་ཤིག་གི་རིག་གནས་ཀྱི་རྒྱུད་འཛིན་མཚོན་པར་བརྟེན། མི་རིགས་ཤིག་གི་སྐད་དང་ཡི་གེའི་མདུན་ལམ་ཐད་མི་རིགས་དེའི་མགོ་འཁྲིད་མི་སྣ་དང༌། ཤེས་ལྡན་ཚོགས་སྡེ། མང་ཚོགས་བཅས་ཀྱིས་ཐུགས་ཁུར་ཧ་ཅང་ཆེན་པོ་བྱེད་པ་ཡིན། དེ་ནི་མི་རིགས་དེའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་འབྲེལ་བ་དམ་ཟབ་ཡོད་པར་འདོད།” ཅེས་བྲིས་ཡོད།
དེ་ནས། མི་རིགས་རང་གི་ལོ་རྒྱུས་ལ་ངེས་ཤེས་ཆ་ཚང་བ་ཞིག་བྱུང་མེད། ༣་༡༤ དོན་རྐྱེན་དེ་བོད་རིགས་གཞོན་སྐྱེས་ཁག་ཅིག་ལོ་རྒྱུས་སྐོར་ཤེས་རྟོགས་མེད་པ་དང་འབྲེལ་བ་ཆེན་པོ་ཡོད། ཁོ་ཚོས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མེས་རྒྱལ་དང་རང་མི་རིགས་དབར་གྱི་འབྲེལ་བའི་སྐོར་ཤེས་ཀྱི་མེད་ལ། མི་རིགས་རང་གི་རིག་གནས་གོམས་གཤིས་དང་ལོ་རྒྱུས་ཀྱི་དགོས་འདུན་སྐོར་ཡང་རྒྱུས་ལོན་བྱུང་མེད། རྟོག་ཞིབ་ཁྲོད་ང་ཚོས་ཤེས་གསལ་ལ། མིག་སྔར་བོད་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་གི་སློབ་དེབ་ཁྲོད། བོད་མི་རིགས་རང་གི་ལོ་རྒྱུས་ཀྱི་བརྗོད་བྱ་ཧ་ཅང་དཀོན་པས། བོད་ཀྱི་ལོ་རྒྱུས་ལ་མ་ལག་ལྡན་པའི་སློབ་ཁྲིད་བྱ་རྒྱུ་དེ་ལས་ཀྱང་ཡོང་ཐབས་མེད། བོད་ལྗོངས་སློབ་ཆེན་གྱི་སློབ་དཔོན་ངག་དབང་འཇིགས་མེད་ཀྱིས་བརྗོད་རྒྱུར། སྒྱུ་རྩལ་ཚན་པའི་མཐོ་རིམ་སློབ་ཕྲུག་ཁག་ཅིག་གིས་ཐང་གའི་ལད་ཟློས་ཀྱིས་བཤུས་ཏེ་ངོ་མ་ཡིན་མདོག་བྱེད་ཀྱི་ཡོད། འོན་ཀྱང་ཁོ་ཚོར་གང་གི་སྐོར་བྲིས་པ་ཡིན་ཞེས་དྲིས་ཚེ་ལན་འདེབས་ཐུབ་ཀྱི་མེད། ཁོ་ཚོས་རི་མོའི་ཁྲོད་ཀྱི་མི་སྣ་སུ་ཡིན་མིན་དང༌། ལོ་རྒྱུས་ཀྱི་གཏམ་རྒྱུད་ཅི་ཞིག་ཡོད་མེད་སྐོར་གང་ཡང་ཤེས་ཀྱི་མེད། བོད་ལྗོངས་མཐོ་རིམ་དགེ་འོས་ཆེད་ལས་སློབ་གྲྭའི་དགེ་རྒན་ཤའོ་ཝུའི་ཡིས་བཤད་རྒྱུར། ཁོང་གིས་འཛིན་གྲྭའི་ནང་རྒྱའི་རིག་གནས་ཁྲོད་ཀྱི་ལོ་ཁམས་དང་ལོ་རྟགས་སྐོར་བཤད་སྐབས་སློབ་མ་ཚང་མས་དགའ་མོས་ཆེན་པོས་ཉན་གྱི་ཡོད། སློབ་ཁྲིད་ཟིན་རྗེས་ཁོ་ཚོར། ཁྱེད་ཚོས་ང་ལ་བོད་ཀྱི་ལོ་ཐོའི་སྐོར་འགྲེལ་བརྗོད་ཅིག་གནང་རོགས་ཞེས་བཤད་སྐབས། འཛིན་གྲྭའི་ནང་བོད་ཀྱི་ལོ་ཐོའི་སྐོར་བརྗོད་ཐུབ་པའི་སློབ་མ་གཅིག་ཀྱང་མི་འདུག་ཟེར། བོད་ཁུལ་གྱི་སློབ་མ་ཚོས་ནང་སའི་སློབ་དེབ་བོད་སྒྱུར་བྱས་ཏེ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་མ་གཏོགས། བོད་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་གྱི་སློབ་དེབ་ཟུར་དུ་མེད་པས། རིག་གནས་རྒྱུད་འཛིན་ཐོག་གོ་མེད་ཚོར་མེད་དུ་གྱུར་ཏེ། བོད་རྒྱ་སྐད་གཉིས་མཉམ་བསྲེས་ཀྱི་གནས་ཚུལ་མང་བས། བོད་སྐད་ཀྱི་མིང་ཚིག་མང་པོ་ཞིག་ཉམས་ཏེ་འཚོ་བའི་ཁྲོད་ནས་རྩ་ཡལ་དུ་གྱུར། སློབ་གསོའི་ལམ་ལུགས་འདི་ཉིད་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པས། མི་རིགས་ཀྱི་ལོ་རྒྱུས་ལ་དགའ་མོས་མེད་པའི་བོད་མི་ཉིན་བཞིན་ཇེ་མང་དུ་འགྲོ་དང་ཆབས་ཅིག རིག་གནས་ལོ་རྒྱུས་ཐོག་རྒྱུས་ལོན་ཡག་པོ་ཡོད་པའི་ན་གཞོན་ཧ་ཅང་རྙེད་དཀོན་པར་གྱུར།
གསུམ་པ། བོད་ཁུལ་འཛིན་སྐྱོང་སྒྲོམ་གཞིའི་ཐད་ཀྱི་གནད་དོན་གཙོ་བོ་ཁག
བོད་ཁུལ་གྱི་ ༣་༡༤ དོན་རྐྱེན་ལ་རྙོག་འཛིང་ལྡན་པའི་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད། གོང་དུ་བརྗོད་པའི་དེང་རབས་ཅན་གྱི་རྒྱབ་ལྗོངས་འོག་འཕེལ་རྒྱས་ཞེས་པའི་ཐ་སྙད་ལས་བྱུང་བའི་ལམ་ནོར་དང་གདོང་ཐུག་སྐོར་མ་གཏོགས། རྟོག་ཞིབ་ཚོགས་ཆུང་གིས་ད་དུང་བོད་ཁུལ་གྱི་ལོ་རྒྱུས་དང་དེང་སྐབས་ཀྱི་ཆབ་སྲིད་གནས་སྟངས་སྐོར་ལའང་དམིགས་བསལ་མཐོང་ཆེན་བྱས་ཡོད། བཙན་ཤུགས་ཀྱི་རིགས་ལམ་གྱིས་ལམ་འཁྲིད་པའི་”འཕེལ་རྒྱས་”ཟེར་བའི་བརྒྱུད་རིམ་ཁྲོད། ཆབ་སྲིད་ཀྱིས་སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད་གཞན་དང་མི་འདྲ་བའི་ནུས་པ་གལ་ཆེན་ཞིག་འདོན་གྱི་ཡོད།
མིང་རྒྱལ་རབས་དང་ཆིང་རྒྱལ་རབས། ཁྱད་པར་ཉེ་བའི་དུས་རབས་ནས་བཟུང༌། ཨ་མདོ་དང་དབུས་གཙང་གི་ས་ཁུལ་ཆེན་པོ་གཉིས་ཀྱི་སྤྱི་ཚོགས་ལ་དོན་དངོས་ཐོག་དཀའ་ངལ་ཆེན་པོ་གཉིས་འཕྲད་ཡོད། གཅིག་ནི་ཆབ་སྲིད་རྒྱལ་ཁབ་ཀྱི་སྲིད་དབང་མ་ལག་འཛུགས་སྐྱོང་གི་གནད་དོན་ཡིན། ཚིག་གཞན་གྱིས་བཤད་ན། བོད་ཀྱི་རིག་གནས་ས་ཁུལ་དུ་གྱུར་པའི་ས་ཁོངས་སྤྱི་ཚོགས་དེ་ཆབ་སྲིད་རྒྱལ་ཁབ་ཀྱི་མ་ལག་ནང་ཁུལ་གྱི་ཆབ་སྲིད་ཅན་དུ་འཛུགས་སྐྱོང་བྱ་བའི་བརྒྱུད་རིམ་ནང་ཚུར་བསྡུས་པ་དེ་ཡིན། གཉིས་པ་ནི། སྤྱི་ཚོགས་ནང་ཁུལ་སྒྲོམ་གཞི་སྙོམ་སྒྲིག་བྱ་བའི་གནད་དོན་དང༌། ལྷག་པར་དུ་དེང་རབས་ཅན་ལ་མདུན་བསྐྱོད་བྱེད་པའི་བརྒྱུད་རིམ་སྙོམ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད་སྟབས་བསྟུན་གྱི་གནད་དོན་དེ་ཡིན། དངོས་ཡོད་ཀྱི་སྒོ་ནས་བཤད་ན། གནད་དོན་འདི་རིགས་ད་བར་ཐག་གཅོད་ལེགས་པོ་ཞིག་བྱས་མེད། བོད་ཁུལ་གྱི་དངོས་ཡོད་ཀྱི་འགལ་བ་གཙོ་བོ་ནི་དེང་རབས་ཅན་གྱི་བརྒྱུད་རིམ་ལས་བྱུང་བ་ཞིག་ཡིན་ནའང༌། དེའི་ཁྲོད་ལོ་རྒྱུས་ཀྱི་ནད་རྙིང་དེང་སྐབས་ཀྱི་ཆ་རྐྱེན་འོག་བརྗེ་འགྱུར་དང་གཞན་འགྱུར་བྱུང་བའི་ཆ་ཤས་ཀྱང་ཡོད་པ་འདི་དག་ནི། ཆིང་རྒྱལ་རབས་ནས་བཟུང་བོད་ཡུལ་འཛིན་སྐྱོང་བྱེད་ཐབས་འཚོལ་ཞིབ་ཁྲོད་བྱུང་བའི་འགལ་རྐྱེན་ཁག་ཅིག་རིམ་བསགས་ལས་བྱུང༌།
༣་༡ བོད་ཁུལ་གྱི་འཛིན་སྐྱོང་སྒྲོམ་གཞིའི་འགྱུར་རིམ།
ཆིང་རྒྱལ་རབས་ནི། རྒྱ་རིགས་ཀྱིས་རང་གནས་རིང་ལུགས་འཕེལ་རྒྱས་མཐར་ཐུག་པར་གྱུར་བའི་གནས་སྟངས་འོག གྲངས་ཉུང་མི་རིགས་ཡུལ་དབུས་སུ་འཛུལ་ཏེ་གསར་འཛུགས་བྱས་པའི་ཆབ་སྲིད་རྒྱལ་ཁབ་ཅིག་ཡིན། ཆིང་རྒྱལ་རབས་རང་ཉིད་ཀྱི་ཁྲིམས་མཐུན་རང་བཞིན་དང༌། ཆབ་སྲིད་རྒྱལ་ཁབ་ཀྱི་དབང་ཤུགས་འཛུགས་སྐྱོང་བྱ་སླད། ཆིང་གོང་མ་ཧྲུན་ཀྲི་དང༌། ཁང་ཤིའི་སོགས་ཀྱིས་”མན་ཇུ་དང་རྒྱ་རིགས་ཕུང་པོ་གཅིག་ཡིན་”ཞེས་པའི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། ལྷག་པར་གོང་མ་ཡོན་ཀྲིན་གྱིས་ཆིང་རྒྱལ་ཁབ་ལ་ངོ་ལོག་སྟེ་མན་ཇུ་མཐར་འབུད་གཏོང་བའི་མི་རིགས་བསམ་བློ་ཚོད་འཛིན་བྱ་ཆེད། མི་མང་གི་འདུ་ཤེས་འཛིན་སྟངས་ཐད་དྲིལ་བསྒྲགས་ཀྱིས་ཕར་རྒོལ་བྱ་རྒྱུ་དང༌། རྒྱ་རིགས་དང་རྒྱ་རིགས་མ་ཡིན་པ་དབྱེ་འབྱེད་ཀྱི་ལྟ་བར་རྒོལ་ལན་སློག་རྒྱུ་བཅས་ཀྱི་བྱེད་ཐབས་སྤེལ། ཁོང་ཚོས་འདུ་ཤེས་འཛིན་སྟངས་ཐད་རུའུ་ལུགས་དང་ཏའོ་ལུགས་ལ་མཐོང་ཆེན་བྱེད་པ་དང༌། དངོས་ཡོད་ཀྱི་སྒོ་ནས་ཁྱིམ་རྒྱུད་གུས་ལུགས་སུ་ཞུགས་ཏེ། མན་ཇུ་སྲིད་དབང་དེ་ཀུན་སྤྱོད་དང་དབང་ཤུགས་གང་ཅིའི་ཆ་ནས་ཁྲིམས་མཐུན་ཡིན་པ་ར་སྤྲོད་བྱས་པ་བརྒྱུད། སྲོལ་རྒྱུན་དང་མཐུན་པའི་ཆབ་སྲིད་རྒྱལ་ཁབ་ཀྱི་དབང་ཤུགས་ཤིག་འཛུགས་སྐྱོང་བྱ་བའི་འབད་རྩོལ་བྱས་ཡོད། འོན་ཀྱང༌། འབད་རྩོལ་འདི་རིགས་ཀྱིས་གཡོལ་ཐབས་མེད་པའི་སྒོ་ནས་སྒྲོམ་གཞིའི་ནང་ཁུལ་གྱི་འགལ་བ་གསར་སྐྲུན་བྱས། ཐོག་མར། ཆིང་རྒྱལ་རབས་ཀྱི་དབང་སྒྱུར་བ་ཚོས་”མན་ཇུ་དང་རྒྱ་རིགས་ཕུང་པོ་གཅིག་ཡིན།” “གནམ་འོག་ཁྱིམ་གཅིག་ཡིན་”ཞེས་འུད་སྒྲོག་ཡང་ཡང་བྱས་ནའང༌། དོན་དངོས་ཐོག་”མན་ཇུ་དང་རྒྱ་རིགས།” “ཀྲུང་གོ་དང་ཕྱིའི་མི་རིགས།” “ནང་ཁུལ་དང་ཕྱི་ཁུལ་”ཟེར་བའི་དབྱེ་བ་མུ་མཐུད་གནས་ཡོད། དེ་ནས། ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་རྒྱལ་ཁབ་ནང་གནས་པའི་རྒྱ་རིགས་མ་ཡིན་པ་རྣམས་”ཕྱིའི་མི་རིགས་”ཀྱི་ཁོངས་སུ་བརྩིས་མེད་པ་ལྟ་བུ་ཞིག་ཡིན་ནའང༌། ནང་སའི་རྒྱ་རིགས་ལ་མཚོན་ན། རྒྱ་རིགས་སུ་འགྱུར་མེད་པའི་རིགས་དང༌། ཡོངས་སུ་མ་འགྱུར་བའི་མི་རིགས་རྣམས་སྔར་བཞིན་རུའུ་ལུགས་རིག་གཞུང་གི་ཕྱི་ལོགས་སུ་ཡོད་པའི་”གཞན་རིགས་”ཞེས་པའི་ཁོངས་སུ་གཏོགས་པ་འདིས། རུའུ་ལུགས་རིག་གཞུང་ནང་ཞུགས་པའི་ཆིང་རྒྱལ་རབས་ཀྱི་མི་རིགས་སྲིད་བྱུས་ལ་ཤུགས་རྐྱེན་མི་ཐེབས་རང་ཐེབས་ཡིན། དེ་ཡང་ཕྱོགས་གཅིག་ནས་ཆིང་རྒྱལ་རབས་ཀྱིས་ཧེ་བག་འདི་རིགས་ཡོད་པ་ངོས་ལེན་བྱས་ཏེ། “མཉམ་ཞུགས་སྟབས་བསྟུན་”གྱི་དབང་སྒྱུར་སྲིད་བྱུས་བཀོལ་སྤྱོད་བྱེད་པ་དང་ཆབས་ཅིག ཕྱོགས་གཞན་ནས་བཤད་ན། རིག་གཞུང་ཐད་ཀྱི་རྐྱོང་ཤུགས་དེས་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་ཤུགས་ངོས་ལེན་བྱེད་ཚད་ལ་མཐོ་དམན་ཤོར་བས། འདིས་ཆིང་རྒྱལ་རབས་ཀྱིས་མི་རིགས་མི་འདྲ་བར་མཐོང་ཆུང་བྱེད་པའི་སྣང་ཚུལ་ཞིག་ཀྱང་བྱུང་བ་དང་ཆབས་ཅིག ཞི་འགུགས་དང་དྲག་གནོན་སོགས་ཐབས་ཇུས་མི་འདྲ་བའི་བདག་སྐྱོང་བྱེད་ཐབས་སྤྱད་ཡོད།
ཆིང་རྒྱལ་རབས་ཀྱིས་བོད་ཁུལ་མི་རིགས་རྣམས་བདག་སྐྱོང་བྱེད་ཐབས་ཐད་”ཕྱི་”ནས་”ནང་”དུ་འཁོར་བའི་འཕོ་འགྱུར་བྱུང་ཡོད་ནའང༌། དོན་དག་མ་བྱུང་ན་འགྲིགས་སོང་བསམ་པའི་གཞི་རྩའི་དམིགས་ཚད་ལ་དུས་ནམ་ཡང་འགྱུར་བ་བྱུང་མེད། “རང་རིགས་མ་ཡིན་”པའི་ཁྱིམ་རྒྱུད་ལྟ་བའི་མཛུབ་ཁྲིད་འོག ས་གནས་དཔོན་རིགས་ཚོས་ས་ཁུལ་འདིར་ཧུར་སེམས་ཆེན་པོས་བདག་སྐྱོང་བྱེད་ཀྱི་མེད། དོན་དག་ཆེན་པོའི་རིགས་མ་བྱུང་ཚེ། རྙོག་དྲ་གང་བྱུང་ཡང་རང་ལ་འབྲེལ་བ་མེད་པའི་བོད་ཀྱི་ནང་འཁྲུག་ཏུ་བརྩིས། འོན་ཀྱང་འགལ་བ་ཤུགས་ཆེར་གྱུར་ཚེ། “བོད་ཀྱི་བྱེད་སྤྱོད་ཧ་ལས་པའི་རྩིང་པ། ཁྲིམས་ལུགས་ལྟོས་མེད་བྱས་སོང་”ཟེར་བར་བསྙད་དེ། “གནས་ཚུལ་འདིར་བརྟེན་ནས་མགོ་གནོན་བྱ་རྒྱུར་སྣང་ཆུང་མི་བྱེད་པར་ཞུ།” ཟེར་བའི་རེ་འདུན་ཞུ་ཡི་ཡོད། རིག་གཞུང་གི་རྐྱོང་ཤུགས་ལ་བརྟེན་ནས་བྱུང་བའི་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་ཤུགས་ངོས་འཛིན་ཞན་འགྱུར་གྱི་སྣང་ཚུལ་འདིས། རྒྱལ་ཁབ་ཀྱི་དབང་ཆ་བེད་སྤྱོད་ཀྱི་ཕན་ནུས་ཉམས་ཞན་དུ་སོང་བ་མ་ཟད། ཆབ་སྲིད་རྒྱལ་ཁབ་དེས་བོད་ཁུལ་གྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཐེ་བྱུས་བྱ་འདོད་མེད་པར་གྱུར། ཉེ་རབས་ཀྱི་དུས་སྐབས་སུ། ཉིན་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་མཐའ་མཚམས་ཀྱི་ཉེན་ཁར་གདོང་ལེན་བྱ་ཆེད། ཆིང་རྒྱལ་རབས་ཀྱིས་ནུས་ཤུགས་ཡོད་ཚད་བཏོན་ནས་ནུབ་རྒྱུད་དང་ནང་ས་”ཕུང་པོ་གཅིག་བསྒྱུར་”གྱི་སྲིད་བྱུས་སྤེལ་ཏེ། མཐའ་མཚམས་གྲངས་ཉུང་མི་རིགས་ཁ་བྲལ་གྱི་དབང་གིས་ཉེན་ཁ་འབྱུང་བར་དོགས་པའི་སེམས་ཁྲལ་སེལ་ཐབས་བྱས་ཡོད་ནའང༌། རྒྱལ་ཁབ་ཀྱི་དབང་ཤུགས་ཧ་ཅང་ཞན་སྟབས་བོད་ཁུལ་གྱི་ས་ཁོངས་རང་བཞིན་གྱི་སྤྱི་ཚོགས་དབང་ཤུགས་ལ་གདོང་ལེན་བྱ་བའི་ནུས་ཤུགས་མེད་པར་གྱུར།
༡༩༡༡ ལོའི་ལྕགས་ཕག་གསར་བརྗེ་ཡིས། ཆིང་རྒྱལ་རབས་ཀྱི་སྲིད་དབང་དེ་ཆིང་རྒྱལ་རབས་ལ་ངོ་རྒོལ་དང་མན་ཇུ་ཕྱིར་འབུད་ཅེས་པའི་འབོད་སྒྲའི་འོག་རྩ་བརླགས་སུ་གྱུར། སྤྱི་མཐུན་རྒྱལ་ཁབ་ཀྱི་ངོ་བོ་ལྡན་པའི་ཀྲུང་ཧྭ་མིན་གོ་ཡིས་བཀས་བཀོད་རྒྱུད་འཛིན་རྒྱལ་རབས་རྙིང་པའི་ཚབ་བྱས་པས། ཀྲུང་གོའི་ཆབ་སྲིད་དེང་རབས་ཅན་དུ་བསྒྱུར་རིམ་ལ་སྐུལ་འདེད་བྱས་ཡོད། འོན་ཀྱང༌། དབང་ཤུགས་རྙིང་པ་རྩ་འཐོར་སོང་རྗེས་དེར་བསྟུན་གྱི་དབང་ཤུགས་གསར་པ་གསར་འཛུགས་བྱ་ཐུབ་མེད། མིན་གོའི་དུས་སྐབས་སུ་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་ཤུགས་མངོན་མཚོན་མ་ཐུབ་པས། སྲིད་གཞུང་གིས་ས་གནས་སྤྱི་ཚོགས་ཀྱི་སྒྲོམ་གཞི་རྙིང་པར་མི་བརྟེན་ཐབས་མེད་བྱུང༌། ཕྱོགས་གཞན་ནས། ནན་ཅིང་གི་གོ་མིན་སྲིད་གཞུང་གིས་”མི་རིགས་ལྔ་ཡི་སྤྱི་མཐུན་”ཟེར་བའི་ཁ་གཡང་བསྒྲགས་ཡོད་ནའང༌། རང་བཞིན་མ་ཡིན་པའི་སྒོ་ནས་ནུབ་ཁུལ་གྱི་གྲངས་ཉུང་མི་རིགས་ས་ཁུལ་ཁག་རིག་གཞུང་གི་མཐའ་མཚམས་སུ་བརྩིས་ཏེ། གྲངས་ཉུང་མི་རིགས་ཁག་ཀླ་ཀློ་རྗེས་ལུས་ཀྱི་ཚབ་མཚོན་དུ་བརྩིས་ཡོད། ཡུལ་དབུས་ཀྱི་ཚད་གཞི་ཟེར་བའི་ནང༌། རིག་གནས་དང་སྲོལ་རྒྱུན་འདྲ་མཚུངས་ཡིན་མིན་གཙོ་བོར་བརྩིས་ཡོད། རིག་གཞུང་དང་ཆབ་སྲིད་ཐད་ལྟེ་ཁུལ་དང་མཐའ་མཚམས་འབྱེད་པའི་ལྟ་ཚུལ་འདི་གཉིས་ཀྱི་འོག་ཏུ། བོད་ཁུལ་དེ་རིག་གཞུང་ཐོག་ཀླ་ཀློའི་ས་ཁུལ་ཞིག་ཏུ་བརྩིས་ཡོད། དེའི་ཤུགས་རྐྱེན་དབང་གིས། གོ་མིན་སྲིད་གཞུང་གིས་ཐད་ཀར་སྟངས་འཛིན་བྱས་པའི་ཀན་ལྷོ་དང༌། སྟོབས་ཤུགས་གཞན་བརྒྱུད་ནས་འཛིན་སྐྱོང་བྱེད་པའི་དབུས་གཙང་དང་མཚོ་སྔོན་སོགས་ལ་ཁ་གཏད་པའི་སྲིད་བྱུས་གང་ཞིག་ཡིན་ནའང༌། གོ་མིན་སྲིད་གཞུང་ལ་བོད་ཁུལ་གྱི་མི་རིགས་སོ་སོའི་སྤྱི་ཚོགས་འཚོ་བར་འགྱུར་བ་གཏོང་བའི་ཆོད་སེམས་དང་ནུས་པ་མེད།
འདིར་གསལ་བཤད་བྱ་དགོས་པ་ཞིག་ནི། ཨ་མདོའི་བོད་ཁུལ་དང་དབུས་གཙང་བོད་ཁུལ་གཉིས་ཀྱི་འགལ་བའི་ཚད་རིམ་མི་འདྲ། སྲོལ་རྒྱུན་གྱི་ཆབ་སྲིད་གནས་སྟངས་ཁྲོད། དབུས་གཙང་ནི་ས་ཐག་ཧ་ཅང་རིང་ཞིང༌། རྒྱལ་ཁབ་ཀྱི་དབང་སྒྱུར་ལམ་སྲོལ་ཡང་ཧ་ཅང་ཉུང་བའི་ས་ཁུལ་ཞིག་ཡིན། ཞིང་ལས་དཔལ་ཡོན་གཙོ་བོར་གྱུར་པའི་ཡུལ་དབུས་ཀྱི་རྒྱལ་རབས་ཀྱིས། “རྫོང་ཁག་”ལམ་ལུགས་ཀྱིས་ཨ་མདོའི་བོད་ཁུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེའི་དབང་སྒྱུར་བྱེད་སྟངས་ཐད་ཉུང་མཐར་ཐ་སྙད་ཐོག་”ཡུལ་དབུས་”དང་གཅིག་མཚུངས་ཡིན་ནའང༌། དབུས་གཙང་ས་ཁུལ་ལམ་ལུགས་འདིའི་འོག་འཇུག་ཐབས་བྱས་མེད་སྟབས། ཐ་སྙད་རིམ་པའི་གཅིག་མཚུངས་འདི་རིགས་ཀྱང་རྩ་ནས་མེད། མིན་གོའི་དུས་སྐབས་སུ། “ས་གནས་ག་གེ་མོ་ཞིག་གི་བདེ་སྲུང་དམག་སྤྱི་”ལྟ་བུའི་གོ་གནས་ལ་ཨ་མདོ་ས་ཁུལ་གྱི་མཐོ་རིམ་མི་སྣས་ངོས་ལེན་བྱེད་ནའང༌། དབུས་གཙང་ས་ཁུལ་གྱི་ཤེས་ལྡན་པ་རྣམས་ལ་ཆ་རྒྱུས་གང་ཡང་མེད། བོད་ཀྱི་རིག་གཞུང་དང་མི་རིགས་ཀྱི་གྲུབ་ཆ་ཁོ་ནའི་སྒོ་ནས་བཤད་ན། དབུས་གཙང་ས་ཁུལ་ནི་ཨ་མདོ་ལས་ཀྱང་”བོད་རིགས་གཙང་མ་”ཡིན་ལ། ཨ་མདོའི་བོད་ཁུལ་དུ་སྤྱི་ཁྱབ་ཡོད་པའི་སྐད་གཉིས་སྨྲ་བའི་ཤེས་ལྡན་པའི་གྲངས་འབོར་ལྷག་པར་ཉུང་བ། ས་གནས་ཀྱི་ཤེས་ལྡན་པས་བོད་ཀྱི་རིག་གནས་སྲོལ་རྒྱུན་ཐོག་གདེང་འཇོག་ལྷག་པར་མཐོ། དེ་ཙམ་མ་ཟད། ཆིང་རྒྱལ་རབས་ཀྱི་མཇུག་ཙམ་ནས་བཟུང༌། དབུས་གཙང་གི་ཤེས་ལྡན་པ་རྣམས་ཀྱིས་རྒྱ་གར་བརྒྱུད་ཕྱི་རྒྱལ་གྱི་རིག་གནས་ལ་རྒྱུས་ཡོད་མཁན་མང་ཞིང༌། སྐུ་དྲག་ནང་དབྱིན་ཡིག་ཤེས་མཁན་ཡང་མང༌། དེར་བརྟེན། དབུས་གཙང་ས་ཁུལ་དེང་རབས་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་འཇུག་པའི་འབད་རྩོལ་གྱིས་འགྱུར་བ་དྲག་པོ་ཞིག་འབྱུང་ངེས་ཡིན། ཤེས་ལྡན་གྲལ་རིམ་ལ་ལྷག་པར་འདི་ལྟ་བུའི་མྱོང་ཚོར་ཡོད། ཨ་མདོ་ས་ཁུལ་གྱི་དབང་འཛིན་ཤེས་ལྡན་པ་ཚོའི་འདུ་ཤེས་ཁྲོད་ཀྱི་ས་གནས་དེང་རབས་ཅན་དུ་བསྒྱུར་རིམ་ནི་ནང་སའི་དེང་རབས་ཅན་གྱི་བརྒྱུད་རིམ་དང་འབྲེལ་བ་དམ་ཟབ་ཡོད་པས། ཨ་མདོ་ས་ཁུལ་རང་སྟེང་ནས་ཅུང་ཧུར་སེམས་ལྡན་པར་མངོན། འོན་ཀྱང༌། དབུས་གཙང་ས་ཁུལ་གྱི་ཤེས་ལྡན་མི་སྣ་ཕལ་ཆེ་བར་མཚོན་ན། དེང་རབས་ཅན་འདི་རིགས་ལྷག་པར་གཞན་དབང་དང༌། ལྷག་པར་གློ་བུར་རང་བཞིན་ཞིག་ཡིན། དབུས་གཙང་གི་ཤེས་ལྡན་པ་མི་ཉུང་བ་ཞིག་གིས་འགྲེལ་བརྗོད་བྱས་པའི་ཁྲོད། དེང་རབས་ཅན་གྱི་ལས་རིམ་འདི་ཀྲུང་གོ་ཧྲིལ་པོ་དེང་རབས་ཅན་དུ་བསྒྱུར་བའི་རང་བྱུང་གྲུབ་ཆ་ཞིག་མ་ཡིན་པར། ཡུལ་དབུས་སྲིད་དབང་གིས་བཙན་ཤུགས་ཀྱིས་སྤེལ་བའི་མཇུག་འབྲས་ཤིག་ཡིན་པར་འདོད། ཉེ་རབས་”མི་རིགས་རང་ཐག་རང་གཅོད་”ཀྱི་ལྟ་བའི་ཤུགས་རྐྱེན་འོག ཕྱི་སྡོད་དབུས་གཙང་ཤེས་ལྡན་པ་ཁག་ཅིག་གིས་”ཀྲུང་དབྱང་དང་དབུས་གཙང་”གི་འབྲེལ་བ་དེ་”ཆོས་ལུགས་ཀྱི་འཇའ་ས་སྤྲོད་རེས་”ཙམ་གྱི་འབྲེལ་བར་བརྩིས་པས། “བོད་རྒྱལ་ཁབ་”ཟེར་བའི་འཁྲུལ་སྣང་ཞིག་སྐྱེས་ཡོད།
༡༩༤༩ ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་ཧྭ་མིན་གོའི་ཚབ་བྱས་ཏེ། ཀྲུང་གོའི་ཆབ་སྲིད་དེང་རབས་ཅན་དུ་བསྒྱུར་རིམ་ཁྲོད་ཀྱི་སྲིད་དབང་བརྗེ་ལེན་ཐེངས་གཉིས་པ་ལེགས་གྲུབ་བྱུང་བ་རེད། སྲིད་དབང་གསར་པ་བཙུགས་རྗེས། སྔར་དང་མཚུངས་པའི་”ནུབ་རྒྱུད་དང་ཡུལ་དབུས་ཕུང་པོ་གཅིག་གྱུར་”གྱི་སྲིད་བྱུས་སྤེལ་ཡོད། ཡིན་ནའང༌། སྐབས་འདིའི་ཕུང་པོ་གཅིག་གྱུར་གྱི་སྲིད་བྱུས་ལ་ནང་དོན་གསར་པ་བསྣན་ཡོད། ནང་དོན་གསར་པ་ཞེས་པ་ནི། གཞི་རིམ་སྤྱི་ཚོགས་སྒྲིག་འཛུགས་ཀྱི་ལམ་ལུགས་རྙིང་པ་དང་སྤྱི་ཚོགས་སྒྲོམ་གཞི་རྙིང་པ་རྒྱུན་འཁྱོངས་དང་བེད་སྤྱོད་བྱ་མ་དགོས་པར། རྙིང་ཚབ་གསར་འཛུགས་བྱ་རྒྱུ་དང༌། གྲངས་ཉུང་མི་རིགས་ས་ཁུལ་དུ་སྐུ་དྲག་དང༌། ཆོས་ལུགས་དབུ་འཁྲིད་ཉུང་ཤས་ཀྱི་སྲོལ་རྒྱུན་ཁེ་ཕན་དང་དམིགས་བསལ་གོ་གནས་མུ་མཐུད་རྒྱུན་འཁྱོངས་མི་བྱེད་པ་བཅས་ཡིན། གཞི་གཅིག་པར་བསྒྱུར་བའི་སྲིད་བྱུས་གསར་པ་འདིར་བོད་ཁུལ་རྒྱ་ཆེའི་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་དེས། སྤྱི་ཚོགས་ལམ་ལུགས་བཙན་ཤུགས་ཀྱིས་འཕོ་འགྱུར་གསར་པ་གཏོང་བར་མང་ཚོགས་ཀྱི་གཞི་རྩ་ལེགས་པོ་བསྐྲུན་ཡོད། ཕུང་པོ་གཅིག་གྱུར་གྱི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་གསར་པའི་འོག བོད་ཁུལ་གྱི་སྤྱི་ཚོགས་འཚོ་བར་ཡར་རྒྱས་མངོན་གསལ་བྱུང་སྟེ། སྐུ་དྲག་རྙིང་པ་དང་མཐོ་རིམ་ཆོས་ལུགས་མི་སྣ་ཁག་གི་དབང་སྒྱུར་གྱི་གོ་གནས་དང༌། སྲོལ་རྒྱུན་དབང་ཚད། ལག་ཐོབ་ཁེ་ཕན་བཅས་ལ་དོ་ཕོག་ཆེན་པོ་བྱུང་བས། དེ་ཚོའི་ཁྲོད་ཀྱི་མི་ཉུང་ཤས་ཤིག་ཉེན་ཁ་ཅན་གྱི་ལམ་དུ་ཞུགས་ཏེ། ༡༩༥༨ ལོར་ངོ་ལོག་ཟིང་འཁྲུག་བསླངས་ཏེ་མི་རིགས་ས་ཁུལ་གྱི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་འགོག་རྒོལ་བྱས་ཡོད། འོན་ཀྱང༌། ངོ་ལོག་ཟིང་འཁྲུག་ཞི་འཇགས་བཏང་རྗེས་དང་ཁྱད་པར་རིག་གསར་སྐབས་སུ། གཡོན་ཐལ་གྱི་བསམ་བློའི་ཤུགས་རྐྱེན་འོག རྒྱལ་ཁབ་ཀྱི་སྲིད་དབང་དང་ས་གནས་སྲིད་གཞུང་ཁག་གིས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ལོ་རྒྱུས་དང༌། རིག་གནས་གོམས་སྲོལ། མང་ཚོགས་ཐོན་སྐྱེད། འཚོ་བའི་གོམས་སྲོལ། ཆོས་ལུགས་དད་མོས་སོགས་ཀྱི་དམིགས་བསལ་རང་བཞིན་ལ་སྣང་ཆུང་བྱས་ཡོད་ལ། ས་ཁུལ་འདི་དག་གི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་དེང་རབས་ཅན་ཀྱི་གནས་ཚད་ནང་ས་དང་ཧེ་བག་ཆེན་པོ་ཡོད་པར་སྣང་ཆུང་བྱས་ཏེ། སྔར་ལས་ནུས་ཤུགས་ལྡན་པའི་སྲིད་སྐྱོང་དང་སྒྲིག་འཛུགས་ཀྱི་ལམ་ནས་དུས་ཡུན་ཐུང་ཐུང་ཞིག་གི་ནང་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་འཚོ་བར་བཙན་ཤུགས་ཀྱི་བཅོས་བསྒྱུར་གཙང་མ་ཡོང་ཐབས་བྱས་ཡོད། བཙན་ཚུགས་རོགས་སྐྱོར་དང་གཞན་ཐག་རང་གཅོད་ཀྱི་བྱེད་ཐབས་ལ་དུས་ཡུན་ཐུང་ཐུང་ནང་ཕྱི་ངོས་ཀྱི་གྲུབ་འབྲས་ཤིག་ཐོབ་ཡོད་ནའང༌། གཞི་རྩའི་སྒོ་ནས་དཀའ་ངལ་སེལ་མ་ཐུབ་པའི་ཁར། དེར་མི་མང་གི་སེམས་ནང་འགོག་རྒོལ་ཀུན་སློང་འབྱུང་སླ་ལ། སྲོལ་རྒྱུན་གྱི་རྒྱུ་རྐྱེན་སྣ་ཚོགས་ཀྱང་ལྡོག་འཕྲོས་སུ་འབྱུང་སླ།
འདི་ལས་མཐོང་ཐུབ་པ་ཞིག་ནི། བོད་ཁུལ་གྱི་ཆབ་སྲིད་དེང་རབས་ཅན་དུ་བསྒྱུར་རིམ་ནི། ཆབ་སྲིད་རྒྱལ་ཁབ་ཀྱིས་ཕན་ནུས་ལྡན་པའི་མི་རིགས་སྲིད་བྱུས་དང་བོད་ཁུལ་གྱི་ས་གནས་དབང་ཆའི་སྒྲོམ་གཞི་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་སྟངས་ལ་རག་ལས་ཡོད་ལ། དེ་ནི་རྒྱལ་ཁབ་ཀྱིས་ས་གནས་སྤྱི་ཚོགས་ལ་སྤེལ་བའི་སྲིད་བྱུས་རིགས་གཉིས་ཏེ། བསླུ་བྲིད་རང་བཞིན་ཅན་གྱི་ལམ་ལུགས་འཕོ་འགྱུར་དང་བཙན་ཤུགས་རང་བཞིན་ཅན་གྱི་འཕོ་འགྱུར་བཅས་ཀྱི་ལམ་ནས་མཚོན་པ་ཡིན། ཐོག་མར། རྒྱལ་ཁབ་ཀྱིས་བོད་ཁུལ་དུ་ལག་ལེན་གྱི་ནུས་པའི་ཐོག་ནས་བཤད་ན། གཙོ་བོ་ཕྱོགས་གཉིས་ལ་བརྟེན་ཡོད་པ་གཤམ་གསལ།
༡ རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་དབང་ཤུགས་ནི། རྒྱལ་ཁབ་དེའི་ཐོན་ཁུངས་བཀོལ་སྤྱོད་ཀྱི་ནུས་ཤུགས་ཆེ་ཆུང་ལ་ཟེར། འདིས་གཞི་རྩའི་ཐོག་ནས་རྒྱལ་ཁབ་ཀྱིས་ས་ཁོངས་སྤྱི་ཚོགས་བཅོས་སྒྱུར་གྱི་ནུས་ཤུགས་ཆེ་ཆུང་སྟེ། བསླུ་བྲིད་འཕོ་འགྱུར་དང་བཙན་ཤུགས་འཕོ་འགྱུར་གང་ཞིག་གཏོང་མིན་གཏན་འཁེལ་བྱེད།
༢ རྒྱལ་ཁབ་ཀྱིས་བསྒྲགས་པའི་རིན་ཐང་དང༌། ས་ཁོངས་སྤྱི་ཚོགས་ཀྱི་རིན་ཐང་ཚད་གཞི་གཉིས་ཁ་མཚུངས་མིན་གྱི་གནས་ཚད་ཀྱིས། རྒྱལ་ཁབ་ཀྱིས་ས་ཁོངས་སྤྱི་ཚོགས་ཀྱི་རིན་ཐང་འཇལ་སྟངས་དང༌། ས་ཁོངས་སྤྱི་ཚོགས་ཀྱིས་རྒྱལ་ཁབ་ཆབ་སྲིད་དབང་ཤུགས་ལ་ངོས་འཛིན་གྱི་ཚད་གཞི་གཏན་འཁེལ་བྱེད། དེ་ནས་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་ལ་མཚོན་ན། ས་ཁུལ་རང་བཞིན་གྱི་རིག་གཞུང་དང་སྤྱི་ཚོགས་ཀྱི་དམིགས་བསལ་ཁྱད་ཆོས་གཏིང་ཟབ་ལྡན་པ་དེ། དབང་ཆ་དང་དབང་ཤུགས་མི་འདྲ་བ་སྣ་ཚོགས་མཉམ་སྐྱེས་མཉམ་གནས་སུ་གྱུར་པའི་ས་གནས་དབང་ཆའི་སྒྲོམ་གཞི་དང་གཞི་གཅིག་ཏུ་སྦྲེལ་ནས་གནས་ཡོད་སྟབས། འགལ་བ་ཆེ་ཤོས་དེ་ནི་རྒྱལ་ཁབ་དང་ས་གནས་ཀྱི་དབང་ཆ་མི་འདྲ་བའི་མང་པོའི་སྒྲོམ་གཞི་དབར་གྱི་འགྲན་བསྡུར་དང༌། མཉམ་འབྲེལ། བེད་སྤྱོད། མགོ་གཡོག ཚོད་འཛིན། ཐབས་ཇུས་སྤེལ་རེས་སོགས་ཀྱི་སྟེང་ནས་མངོན་ཐུབ། བརྒྱུད་རིམ་འདིའི་ནང་བར་སྣང་གི་ཆ་ནས་བྱུང་བའི་རྒྱལ་ཁབ་དང་ས་གནས་ཆབ་སྲིད། དཔལ་འབྱོར་དབང་འཛིན་ཚོགས་པ་ཕན་ཚུན་དབར་གྱི་ཐབས་ཇུས་སྤེལ་རེས་སོགས་ཡོད་ལ། དུས་ཚོད་ཀྱི་ཆ་ནས་བྱུང་བའི་སྲོལ་རྒྱུན་དང་དེང་རབས་ཆོས་ལུགས། རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་དང་དབང་འཛིན་མི་སྣ་སོགས་ཀྱི་ཤུགས་རྐྱེན་ཡང་ཡོད། མཐའ་མར་བགྲོད་ལམ་གང་ཞིག་ལ་ཁ་ཕྱོགས་མིན་ནི། ནུས་ཤུགས་དང་ཐབས་ཇུས་ལ་འབྲེལ་བ་ཡོད་ནའང༌། མཐར་གཏུགས་ན་བོད་ཁུལ་སྲིད་བྱུས་ལ་བསམ་གཞིགས་དང་ཞིབ་བཤེར་བྱེད་པའི་ཚད་གཞི་ནི་བོད་ཁུལ་རང་ཉིད་ངོས་འཛིན་བྱེད་སྟངས་ལ་རག་ལས་ཡོད།
ཆིང་རྒྱལ་རབས་དང་གོ་མིན་སྲིད་གཞུང་དུས་སྐབས་སུ་བོད་ཁུལ་གྱི་དབང་ཆའི་སྒྲོམ་གཞི་བདེ་ཐང་མ་ཡིན་པའི་ངང་འཕེལ་རྒྱས་བྱུང་བའི་རྒྱུ་མཚན་ཕྱོགས་བསྡོམས་བྱས་ན། ཡུལ་ཅན་གྱི་ངོས་ནས་བཤད་ན། བོད་ཁུལ་ལ་ངོས་འཛིན་བྱེད་སྟངས་ལ་ཐུག་ཡོད།
༡ རྒྱལ་ཁབ་ཀྱིས་ས་ཁུལ་འདིའི་ཡུལ་མི་རྣམས་རྒྱལ་ཁབ་ཀྱི་མི་སེར་རམ་འབངས་མི་སྤྱི་མཚུངས་ལ་བརྩིས་མེད་པར། བཅད་རྒྱ་ཕྱི་རོལ་གྱི་ས་ཁུལ་ཞིག་ལ་བརྩིས་ཡོད།
༢ རྒྱལ་ཁབ་ཀྱི་ཆབ་སྲིད་དབང་ཆའི་འཐུས་ཚབ་ཚོས་ས་ཁུལ་འདིར་རིག་གནས་སྔོན་ཐོན་པའི་ལྟ་ཚུལ་བཟུང་ནས་རྟོག་བཤེར་བྱེད་པ་ལས། རིག་གཞུང་གི་སྣ་མང་རང་བཞིན་ལ་དྲང་ཕྱོགས་ཀྱི་ལྟ་ཚུལ་ཞིག་བཟུང་སྟེ། རིག་གཞུང་སྙོམ་སྒྲིག་དང་སྟབས་བསྟུན་ཡོང་ཐབས་ལ་བསམ་ཞིབ་ཀྱིས། ཤེས་བྱ་གསར་པ་བཟོ་སྐྲུན་བྱས་པ་བརྒྱུད་བོད་ཁུལ་མང་ཚོགས་ཀྱི་ངོས་འཛིན་འཕོ་འགྱུར་བཏང་སྟེ་རྒྱལ་ཁབ་ཀྱི་འདུ་ཤེས་འཛུགས་ཐབས་བྱེད་ཐུབ་མེད་པ་བཅས།
དེར་བརྟེན། གཞི་རྩའི་རྒྱལ་ཁབ་ཀྱི་འདུ་ཤེས་མེད་པའི་ཆ་རྐྱེན་འོག བོད་ཁུལ་གྱི་ངོས་འཛིན་ནམ་ཡང་ན་ལས་འགན་ཐད་ཀྱི་འགལ་བ་ནི་གཡོལ་ཐབས་མེད་པ་ཞིག་ཡིན། ལོ་རྒྱུས་སྟེང་གི་བསླབ་བྱ་ཆེ་ཤོས་ཤིག་ནི། བོད་ཁུལ་གྱི་མང་ཚོགས་མང་པོ་ཞིག་གི་འདུ་ཤེས་གཙོ་བོའི་ཁྲོད་རྒྱལ་ཁབ་ལ་ངོས་ལེན་རྩ་བ་ནས་མེད་པའི་གནས་སྟངས་བྱུང༌། དེ་ལ་བརྟེན་ནས་བོད་ཁུལ་གྱི་དབང་ཆའི་དོ་རའི་ཁྲོད། རྒྱལ་ཁབ་ཀྱི་དབང་ཆ་ནི་ཆོས་ལུགས་ཀྱི་དབང་ཤུགས་དང༌། ཡང་ན་ས་གནས་གནད་ཡོད་མི་སྣ་བརྒྱུད་ན་ད་གཟོད་ནུས་པ་ཁྱད་མཚར་འདོན་ཐུབ་པའི་གནས་སུ་གྱར།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལོ་རབས་ ༦༠ དང་ ༧༠ ཡས་མས་སུ་བོད་ཁུལ་མང་ཚོགས་ངོས་འཛིན་སྐོར་གྱི་གནད་དོན་ཐག་གཅོད་ཅུང་བཟང་པོ་བྱས་ཏེ། ཆབ་སྲིད་དེང་རབས་ཅན་དུ་བསྒྱུར་བའི་བརྒྱུད་རིམ་ཁྲོད་བཙན་ཤུགས་ཀྱི་སྒོ་ནས་གཞི་རྒྱ་ཆེ་བའི་ལམ་ལུགས་བརྗེ་བསྒྱུར་ཐེངས་དང་པོ་ལེགས་གྲུབ་བྱུང་ཡོད་པས། དེ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་ཤུགས་དེ་ས་གནས་དབང་ཆའི་སྒྲོམ་གཞིའི་ཁྲོད་གནས་བབ་བཟང་ཤོས་ཀྱི་རྩ་བ་བརྟན་པོར་ཚུགས། ཡིན་ནའང༌། འདུ་ཤེས་འཛིན་སྟངས་མཁྲེགས་དྲགས་པ་དང་དངོས་ཡོད་ཀྱི་དབང་ཆའི་རྒྱུ་རྐྱེན་དབང་གིས། ངོ་ལོག་ཟིང་འཁྲུག་ཞི་འཇགས་བཏང་རྗེས་གསར་དུ་བྱུང་བའི་ས་གནས་ཀྱི་དབང་འཛིན་མི་སྣ་ཁག་གིས་རིམ་གྱིས་སྲོལ་རྒྱུན་གྱི་བོད་ཁུལ་ཤེས་ལྡན་པའི་ཚབ་བྱས་ཏེ། ཀྲུང་དབྱང་སྲིད་གཞུང་གིས་བོད་ཁུལ་བདག་སྐྱོང་སྐབས་མཐོང་ཆེན་མི་བྱ་ཐབས་མེད་ཀྱི་སྟོབས་ཤུགས་སུ་གྱུར། ཕྱིས་ཀྱི་འཕོ་འགྱུར་ཁྲོད་དབང་ཆའི་འགྱུར་རིམ་འདི་རིགས་ཀྱིས་གནད་དོན་གསར་པ་བསླངས་ཡོད།
ཆབ་སྲིད་ཀྱི་བསམ་ཕྱོགས་གཅིག་གྱུར་ཅན་དང་ས་ཁུལ་སྣ་མང་ཅན་དབར་གྱི་འགལ་བ་སླར་ཡང་ཕྱིར་མངོན་ཞིང༌། གོ་ལ་གཅིག་གྱུར་དང༌། ཆོས་ལུགས་ཀྱི་སྟོབས་ཤུགས་བསྐྱར་གསོ་བཅས་ཀྱི་ཤུགས་རྐྱེན་བསྐྱར་མའི་འོག་རང་ཉིད་ངོས་འཛིན་དང་གསར་དུ་བྱུང་བའི་ས་གནས་དབང་འཛིན་མི་སྣ་དག་ཐེར་ བྱས་རྗེས་རྒྱལ་ཁབ་ཀྱི་དབང་ཆ་དང༌། བོད་ཁུལ་མི་དམངས་དབར་གྱི་ངོས་འཛིན་གྱི་”ཧེ་བག་”ནི། དེང་སྐབས་བོད་ཁུལ་སྤྱི་ཚོགས་ཁྲོད་ཅུང་གཅིག་བསྡུས་སུ་ཡོད་པའི་འགལ་བའི་གྲས་ཡིན། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཡར་རྒྱས་ཞི་འཇགས་ཇི་ལྟར་ཡོང་ཐབས་བྱ་དགོས་སམ་ཞེ་ན། དེ་ནི་ང་ཚོས་མུ་མཐུད་འཚོལ་ཞིབ་ཀྱིས་ལམ་ཁ་གསར་འབྱེད་དང༌། ནོར་འཁྲུལ་ཡོ་བསྲང་གི་ལམ་ནས་དངོས་ཡོད་ཀྱི་འགལ་བ་སེལ་ཐབས་བྱ་དགོས།
༣་༢ བོད་ཁུལ་གྱི་ས་ཁུལ་རང་སྐྱོང་འོག་གི་དབང་ཆའི་སྒྲོམ་གཞིའི་ཐད་གནས་པའི་གནད་དོན།
ཆིང་རྒྱལ་རབས་ནས་བཟུང༌། “བོད་མིས་བོད་སྐྱོང་”བའི་ཆབ་སྲིད་སྐྱོང་སྟངས་དང༌། ཉེ་རབས་ཀྱི་”མི་རིགས་རང་སྐྱོང་”ཞེས་པའི་ཆབ་སྲིད་ཀྱི་ལྟ་སྟངས། ཨུ་རུ་སུའི་མི་རིགས་ས་ཁུལ་རང་སྐྱོང་གི་རྣམ་པར་མགོ་སྟོད་ལམ་ལྷོང་བྱུང་བ་བཅས་ཀྱིས། རང་རེའི་རྒྱལ་ཁབ་ཀྱི་”མི་རིགས་ས་ཁོངས་རང་སྐྱོང་”གི་གཞི་རྩའི་ལམ་ལུགས་གཏན་འབེབས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། མི་རིགས་ས་ཁོངས་རང་སྐྱོང་དེ་གཞུང་ལུགས་ཀྱི་ལམ་སྟོན་དང་ལམ་ལུགས་བཟོ་བྱེད་ཀྱི་མིག་དཔེར་བརྩིས་ཏེ་རང་རྒྱལ་ཀྱིས་བོད་ཁུལ་དུ་ལོ་རབས་ ༦༠ ནས་ ༩༠ བར་གྱི་ལག་ལེན་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་ཡོད། འོན་ཀྱང་ཉེ་བའི་ལོ་འགའི་དངོས་ཡོད་ཁྲོད། དཀའ་རྙོག་གསར་པ་ཁག་ཅིག་ལ་འཕྲད་བཞིན་ཡོད།
ཀྲུང་དབྱང་སྲིད་གཞུང་གི་བསམ་ཚུལ་ལྟར་ན། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་མི་རིགས་རང་གི་ལོ་རྒྱུས་ལ་ཆ་རྒྱུས་ཡོད་ཅིང༌། རང་མི་རིགས་ཀྱི་སྐད་ཡིག་དང་གོམས་སྲོལ་ཡང་ཤེས་པའི་ཁར། མི་རིགས་རང་ཉིད་ཡར་རྒྱས་གཏོང་དགོས་བསམ་པའི་རེ་འདུན་ཤུགས་དྲག་ཡོད་པས། མི་རིགས་རང་གི་མང་ཚོགས་ཀྱི་རེ་འདུན་དང་དགོས་མཁོ་ཆ་ཚང་མཚོན་ཐུབ། ཁོ་ཚོས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས། མི་རིགས་ས་ཁུལ་གྱི་ཆ་ཤས་ཅན་གྱི་ཁེ་ཕན་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཧྲིལ་པོ་དབར་གྱི་འབྲེལ་བ་ཐག་གཅོད་དང༌། མི་རིགས་ས་ཁུལ་དང་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཐོབ་ཐང་སྣ་ཚོགས་སྲུང་སྐྱོབ་བཅས་ཀྱི་ཕྱོགས་སུ། གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཞིག་འཐོན་གྱིན་ཡོད། ༡༩༥༠ ལོའི་ཟླ་ ༡༡ པར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་<<གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ཚོད་ལྟའི་ལག་བསྟར་འཆར་གཞི་>> མགོ་བཙུགས་པ་ནས་བཟུང༌། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་ཐེངས་གསུམ་པའི་ཐོག་གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་དང་ཆེད་ལས་ལས་བྱེད་པ་གསོ་སྐྱོང་གང་མྱུར་བྱ་དགོས་པའི་བླང་བྱ་བཏོན་ཡོད། ཡང་ ༡༩༩༣ ཟླ་ ༡༢ པར་ཀྲུང་གོའི་རྩ་འཛུགས་པུའུ་དང༌། འཐབ་ཕྱོགས་གཅིག་གྱུར་པུའུ་གཉིས་ནས་<<གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བསྐྱེད་བསྲིང་དང་འདེམས་སྒྲུག་གི་བྱ་བ་སྔར་ལྷག་ལེགས་སྒྲུབ་བྱེད་ཕྱོགས་སྐོར་གྱི་ལས་དོན་བསམ་འཆར་>>ཞེས་པ་འགྲེམས་སྤེལ་བྱས། དེ་ནས་ཕྱི་ལོ་ ༢༠༠༥ བར་ཧུ་ཅིང་ཐའོ་ཡིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག “གྲངས་ཉུང་མི་རིགས་ཀྱི་ལས་བྱེད་གསོ་སྐྱོང་བྱ་རྒྱུའི་གལ་ཆེན་རང་བཞིན་ངོས་ཟིན་པ་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་སྤྲོ་སེམས་འཁོལ་བའི་ངང་སེམས་ཁུར་དང་བླང་བྱ་ནན་པོ་འདོན་པ་དང་ཆབས་ཅིག ཡིད་ཆེས་ཆ་ཚང་བྱེད་པ། དབང་ཆ་ཆ་ཚང་སྤྲོད་པ། གཞོན་སྐྱེས་གཙོར་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཕུལ་བྱུང་ཅན་སྔར་བས་མང་བ་ཞིག་རིམ་པ་སོ་སོའི་མགོ་ཁྲིད་ཀྱི་ལས་གནས་ཐོག་འདེམས་སྒྲུག་བྱ་དགོས།” ཞེས་ནན་བཤད་བྱས་ཡོད།
ལོ་ངོ་ ༥༠ རིང༌། ཀྲུང་དབྱང་སྲིད་གཞུང་དང་ས་གནས་སོ་སོའི་འབད་རྩོལ་འོག “གྲངས་འབོར་ཅུང་འདང་ངེས་དང༌། སྒྲོམ་གཞི་ཕལ་ཆེར་ལེགས་པ། ཆེད་ལས་ཀྱི་རྨང་གཞི་ལྡན་པའི་”གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་རུ་ཁག་གཅིག་གྲངས་ཉུང་མི་རིགས་གནས་ཡུལ་སོ་སོར་གཞི་རྒྱ་ཇེ་ཆེར་སོང་ཡོད། ཕྱི་ལོ་༢༠༠༧ བར་དུ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་གྲངས་འབོར་དེ་རྒྱལ་ཁབ་ཚུགས་མ་ཐག་གི་ཆིག་ཁྲི་ནས་དེང་གི་ཁྲི་ཚོ་ ༣༠༠ བར་འཕེལ་རྒྱས་བྱུང་ཡོད། གཞན་ཡང༌། བོད་ལྗོངས་ཀྱི་དམིགས་བསལ་ཁྱད་ཆོས་ནི། ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་ངོ་ ༥༠ ལྷག་གི་རིང༌། ཏང་གི་”བོད་སྐྱོར་”འབོད་སྐུལ་འོག་ནང་སའི་ལས་བྱེད་དང་ལས་མི་ཁྲི་ཚོ་བཅུ་ཕྲག་ལྷག་བོད་ལྗོངས་འཛུགས་སྐྲུན་གྱི་ལས་གཞིར་ཞུགས་ཡོད། ༡༩༩༤ ལོར་ནང་སའི་ཞིང་ཆེན་ཁག་གིས་བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་ལས་འཆར་མགོ་བཙུགས་རྗེས། ཀྲུང་དབྱང་དང༌། རྒྱལ་ཁབ་ཀྱི་ལས་ཁུངས། ཞིང་ཆེན་དང༌། གྲོང་ཁྱེར། རང་སྐྱོང་ལྗོངས། རྒྱལ་གཉེར་ཁེ་ལས་བཅས་ཀྱིས་སྔ་རྗེས་རིམ་པ་བཞི་བྱས་ནས་ལས་བྱེད་ ༤༠༠༠ ལྷག་འདེམས་སྒྲུག་གིས་བོད་དུ་བཏང་ཡོད།
མི་རིགས་འདུས་སྡོད་ས་ཁོངས་རང་སྐྱོང་གི་རྨང་གཞི་དང་ཆབས་ཅིག འགན་འཛིན་དཔོན་རིགས་ས་གནས་ཅན་དུ་བསྒྱུར་བ་དང༌། ལོ་ངོ་བཅུ་ཕྲག་དུ་མའི་རིང་སྒྲིག་འཛུགས་འཛུགས་སྐྲུན་བྱས་པ་བརྒྱུད། འཛིན་སྐྱོང་དཔོན་རིགས་དང་དབང་ལྡན་མི་སྣ་མང་པོ་ཞིག་གྲུབ་ཡོད་པ་དེ་དང་ལྷན་དུ་ཧ་ཅང་བྱ་དཀའ་བའི་གནད་དོན་དུ་མ་ཞིག་འབྱུང་བཞིན་ཡོད།
༡ བོད་ཁུལ་དེ་རང་སྐྱོང་མ་ཡིན་པའི་ས་ཁུལ་དང་མི་འདྲ་ས་ཞིག་ནི། ས་གནས་དཔོན་རིགས་རྣམས་རང་ས་བརྒལ་ཏེ་གཞི་རྒྱ་ཆེ་བའི་ལས་གནས་བརྗེ་སྤོས་བྱ་དཀའ་བ་དེ་ཡིན། ལོ་རྒྱུས་ཀྱི་ཉམས་མྱོང་ལས་ང་ཚོས་ཤེས་གསལ་ལ། དཔོན་རིགས་ཚོ་བརྗེ་སྤོས་ཀྱི་གནས་ཚུལ་ཅུང་ཞན་ཚེ། ས་གནས་སོ་སོར་དབང་ཆའི་དྲ་རྒྱ་བརྟན་ཚུགས་སུ་གྲུབ་སྟེ། རུལ་སོང་དང་དབང་ཆ་ཐལ་སྤྱོད་ཀྱི་མང་དུ་འབྱུང་ངེས་ཡིན། བོད་ཁུལ་གྱི་ས་ཁུལ་མང་པོ་ཞིག་ཏུ་”སྣོལ་ཞིང་འདྲེས་པའི་”ས་གནས་རང་གི་དབང་ཆའི་དྲ་རྒྱ་གྲུབ་སྟེ། ཚོགས་སྒེར་གྱི་ཁེ་ཕན་ཆེད་ས་གནས་དབང་ཆ་ལོག་སྤྱོད་དང་འཛིན་སྐྱོང་གྲུབ་འབྲས་ཞན་པའི་གནས་ཚུལ་རྒྱུན་ལྡན་དུ་མཐོང་ཐུབ། བོད་ཁུལ་གྱི་རྙོག་འཛིང་རང་བཞིན་དེ་ད་དུང་ཕྱོགས་གཞན་ཞིག་ནས་མཚོན་ཐུབ། དཔེར་ན། ཉེ་བའི་ལོ་ངོ་བཅུ་ལྷག་རིང་སྲོལ་རྒྱུན་གྱི་ཆོས་ལུགས་སྟོབས་ཤུགས་བསྐྱར་གསོ་བྱུང་རྗེས། དཔོན་རིགས་དང༌། དཔལ་འབྱོར་གྱི་སྐུ་དྲག་གསར་པ། ཆོས་ལུགས་ཀྱི་སྟོབས་ཤུགས་གསུམ་མཉམ་འདྲེས་སུ་གྱུར་ཏེ། དབང་ཆའི་སྒྲོམ་གཞི་གསར་པ་ཞིག་གྲུབ་པ་སྟེ། “སྐུ་དྲག་གསར་པའི་གྲལ་རིམ་”གྲུབ་ཡོད། “དོན་དངོས་ཐོག་བོད་ཁུལ་གྱི་ལམ་ལུགས་སྒྲིག་བཀོད་ཀྱི་རྒྱབ་ལྗོངས་ནི་ཐོན་ཁུངས་བགོ་འགྲེམས་ཀྱི་དབང་ཆའི་གནད་དོན་ལ་ཐུག་ཡོད། རིམ་པ་སོ་སོར་ཚོགས་སྡེའི་ཁེ་ཕན་རེ་ཡོད་པས། ལམ་ལུགས་ཀྱིས་ནུས་པ་འདོན་རྒྱུར་བཀག་རྒྱ་ཧ་ཅང་ཆེན་པོ་ཡོད།”ནུབ་བྱང་མི་རིགས་སློབ་ཆེན་གྱི་མཁས་དབང་ཌོག་ཊར་ཝི་མིན་ལ་བཅར་འདྲིའི་ཚིག
སྲོལ་རྒྱུན་གྱི་སྐུ་དྲག་དང་མི་འདྲ་བར། དབང་འཛིན་སྐུ་དྲག་འདི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ནི་གཤམ་གསལ།
༡ ཁོ་ཚོས་ཁྲིམས་མཐུན་གྱི་མཐོ་ས་བཟུང་ཡོད་པ་དང༌། ཁོ་ཚོའི་སྤྱི་ཚོགས་ཀྱི་ཐོན་ཁུངས་རྙོག་འཛིང་ཧ་ཅང་ཆེ་ལ། སྟོབས་ཤུགས་ཀྱང་ཧ་ཅང་ཆེ།
༢ གལ་ཏེ་ང་ཚོས། སྲོལ་རྒྱུན་གྱི་སྐུ་དྲག་ནི་བོད་ཁུལ་གྱི་ཚོ་པ་དང་ཁྱིམ་རྒྱུད་ཀྱི་ངོས་འཛིན་དང༌། ཆོས་ལུགས་ཀྱི་འབྲེལ་བ་བཅས་ལ་བརྟེན་པ་སྟེ། དབང་ཆའི་ཁྲིམས་མཐུན་གྱི་རང་བཞིན་དེ་”ནང་ཁུལ་གྱི་ཐོན་ཁུངས་ལ་བརྟེན་ནས་བྱུང་”བའི་དབང་དུ་བཏང་ན། སྐུ་དྲག་གསར་པའི་དབང་ཆ་ཕལ་ཆེ་བ་ཀྲུང་དབྱང་གི་ཆོག་མཆན་ལ་བརྟེན་ནས་བྱུང་བ་སྟེ། དབང་ཆའི་ཁྲིམས་མཐུན་གྱི་རང་བཞིན་དེ་”ཕྱི་ཁུལ་གྱི་ཐོན་ཁུངས་ལ་བརྟེན་ནས་བྱུང་”ཡོད། ཁྲིམས་མཐུན་དུ་འགྱུར་སྟངས་མི་འདྲ་བ་འདི་གཉིས་ཇི་ལྟར་མངོན་གྱི་ཡོད་དམ་ཞེ་ན། དངོས་ཡོད་སྤྱི་ཚོགས་ཁྲོད་རྙོག་དྲ་བྱུང་སྐབས། “སྐུ་དྲག་གསར་པ་”ཚོ་བོད་རིགས་མི་མང་གིས་ངོས་ལེན་ཐོབ་པའི་”དབང་ཤུགས་”སུ་གྱུར་མེད། རྒྱལ་ཁབ་དང་མི་མང་དཀྱུས་མའི་དབར་བསམ་ཚུལ་མི་མཐུན་པ་བྱུང་སྐབས། “སྐུ་དྲག་གསར་པ་”ཚོས་སྒྲུབ་ཕྱོགས་ནས་གནས་སྟངས་”ཞི་འཇམ་གཏོང་བའི་”ནུས་པ་འདོན་མི་ཐུབ།
༣ བོད་ཁུལ་དུ་སྐུ་དྲག་གསར་པའི་དབང་ཤུགས་སྐུ་དྲག་རྙིང་པར་འགྲན་མི་ཐུབ་པའི་ཁར། ཁོ་ཚོས་ཀྲུང་དབྱང་སྲིད་གཞུང་ཐོག་བཅངས་པའི་ཡིད་ཆེས་ཀྱང་སྔར་བས་ཤུགས་དྲག་ཅིག་མིན། སྐུ་དྲག་རྙིང་པ་ཚོས་ས་གནས་སྟོབས་ཤུགས་དང་རྒྱལ་ཁབ་སྟོབས་ཤུགས་གཉིས་ཀྱི་ཕན་ཚུན་འཐེན་འཁྱེར་འོག་”ས་ཁུལ་སྲུང་སྐྱོབ་དང་མི་མང་བདེ་བར་འགོད་པ་”སྟེ། ཁོ་ཚོའི་རེ་སྙེག་དང་པོ་ཡིན། “ཆབ་སྲིད་ཐོག་དོ་སྙོམས་”འཚོ་རྒྱུ་དེ་ཡིན། དེ་དང་ལྟོས་འཇོག་གི་སྒོ་ནས་བཤད་ན། སྐུ་དྲག་གསར་པ་ཚོར་གནས་ཡུལ་དང༌། ཚོ་ཁག ཆོས་ལུགས་བཅས་ཀྱི་ཚོད་འཛིན་རིམ་གྱིས་ཉམས་རྒུད་ཐེབས་ཡོད་སྟབས། བོད་ཁུལ་གྱི་མི་མང་དཀྱུས་མ་རྣམས་ཀྱིས་ཁོ་ཚོར་”རང་ཉིད་ཀྱི་མི་”ཁོངས་སུ་བརྩི་བའི་ངེས་པ་མེད་ཅིང༌། སྐུ་དྲག་གསར་པ་ཚོའི་བྱེད་སྤྱོད་ཚུལ་མིན་ཁག་ཅིག་གི་མཇུག་འབྲས་ཀྱང་”རང་བཞིན་ལུགས་མཐུན་”གྱིས་ཀྲུང་དབྱང་གིས་འཁུར་དགོས་པར་གྱུར།
༢ བོད་ཁུལ་གྱི་དམིགས་བསལ་ཁོར་ཡུག་དབང་གིས། རྒྱལ་ཁབ་ཀྱི་བོད་ཁུལ་སྲིད་བྱུས་ཁྲོད་”བརྟན་བརླིང་”ཞེས་པར་དམིགས་བསལ་གྱི་དོན་སྙིང་ལྡན། ཀྲུང་དབྱང་གི་བསམ་ཚུལ་ལྟར་ན། “གལ་ཏེ་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་མེད་ན། འཕེལ་རྒྱས་ཟེར་བ་སྐད་ཆ་སྟོང་པར་གྱུར།” “འཕེལ་རྒྱས་དང་བརྟན་བརླིང་”ཟེར་བ་མི་རིགས་ས་ཁུལ་གྱི་ལས་དོན་བྱེད་སྟངས་ཀྱི་ཆབ་སྲིད་ཀྱི་རིགས་ལམ་དེ་ཡིན་ནའང༌། དོན་དངོས་དབང་ཆ་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཁྲོད། “བརྟན་བརླིང་”ཟེར་བ་དུས་རྒྱུན་གལ་ཆེན་ནང་གི་དོན་ཆེན་དུ་འགྱུར་བ་ཡིན། བོད་རིགས་དཔོན་རིགས་དང་ལས་བྱེད་ལ་བརྟེན་ནས་བོད་ཁུལ་བརྟན་འཇགས་སུ་གཏོང་རྒྱུ་ནི་ལུགས་མཐུན་རང་བཞིན་གྱི་རིགས་ལམ་ཞིག་ཡིན་པས། ཀྲུང་དབྱང་གིས་དབང་ཆ་ཆེན་པོ་སྤྲད་ཡོད་ནའང༌། ས་གནས་དཔོན་རིགས་ཚོར་རྟོག་ཞིབ་ཕན་ནུས་ལྡན་པ་ཞིག་མ་བྱུང་བས། མི་མང་པོ་ཞིག་གིས་བརྟན་བརླིང་བེད་སྤྱད་དེ་རང་ཉིད་སྲུང་སྐྱོབ་བྱེད་ཀྱི་ཡོད། “བརྟན་བརླིང་དང་འཕེལ་རྒྱས་”ཀྱི་འོག་ཏུ། མི་རིགས་ས་གནས་ཀྱི་དབང་ཆར་བལྟ་རྟོག་བྱ་ཐབས་མེད། “རྒྱལ་ཕྱིའི་སྟོབས་ཤུགས་”དང༌། “བོད་རང་བཙན་”ཟེར་བ་སོགས་ནི་ས་གནས་དཔོན་རིགས་མང་པོ་ཞིག་གིས་རང་ཉིད་ཀྱི་བྱས་འཛོལ་འགེབས་སྲུང་བྱ་སླད་དང༌། སྤྱི་ཚོགས་ཀྱི་མི་དགའ་བའི་སེམས་ཚོར་གནོན་ཐབས་ཀྱི་ལག་ཆར་གྱུར་ཡོད། དཔོན་རིགས་ཁག་ཅིག་གིས་རང་ཉིད་ཀྱི་ནོར་འཁྲུལ་འགེབས་སྲུང་ཆེད། རང་གི་ཁྱབ་ཁོངས་ཀྱི་སྤྱི་ཚོགས་གནད་དོན་རྣམས་”ཚད་མེད་པའི་སྒོ་ནས་རྩ་དོན་དང་སྦྱོར་ཅི་ཐབས་བྱས་”ཏེ་ཁ་བྲལ་སྟོབས་ཤུགས་ཐོག་འདེད་ཐབས་བྱེད་ཀྱི་ཡོད། རྟོག་ཞིབ་ཚོགས་ཆུང་གིས་འདི་རྗེས་ཀྱི་བཅར་འདྲིའི་ཁྲོད་ཤེས་རྟོགས་བྱུང་བ་ལ། རྫོང་ག་གེ་མོ་ཞིག་གི་ས་གནས་སྲིད་གཞུང་གིས་ཞིང་འབྲོག་མང་ཚོགས་དང་ས་གནས་ཆུ་གློག་བཟོ་གྲྭའི་དབར་གུན་གསབ་ཀྱི་ཁ་མཆུའི་གནད་དོན་ལ་སྟབས་བདེའི་སྒོ་ནས་”ཁ་བྲལ་ལ་ངོ་རྒོལ་དང༌། སྤྱི་ཚོགས་བརྟན་བརླིང་རྒྱུན་འཁྱོངས་”ཀྱི་དོན་རྐྱེན་ལ་བརྩིས་འདུག བོད་ལྗོངས་ཀྱི་གུང་ཁྲན་ཏང་མགོ་འཛུགས་བྱེད་མཁན་སྐུ་ཞབས་ཕུན་ཚོགས་དབང་རྒྱལ་གྱིས་བཤད་པ་ལྟར། “སྲིད་གཞུང་ནང་ཁུལ་དུ་ཁ་བྲལ་ལ་ངོ་རྒོལ་བྱས་ཏེ་འཚོ་བ་རོལ་བའི་མི་འབོར་ཆེན་ཞིག་ཡོད། མི་དེ་ཚོས་གོ་སྐབས་ཡོད་ཚད་བཟུང་ནས་ཁ་བྲལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད། ཁོ་ཚོས་ཕྱི་ངོས་སུ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ཁ་གཡང་སྒྲོག་པ་ཙམ་ལས། དོན་དངོས་ཐོག་དེའི་ནང་ཁོ་ཚོ་མི་སྒེར་གྱི་ཁེ་ཕན་ཡང་འདིར་ཡོད། ཁོ་ཚོས་རང་ཉིད་ཀྱི་ནོར་འཁྲུལ་ངོས་ལེན་མི་བྱེད་པར། ནུས་ཤུགས་ཡོད་ཚད་ཀྱིས་འགན་ཁུར་རྣམས་”ཕྱིར་སྡོད་དགྲ་ཟླའི་སྟོབས་ཤུགས་”ཐོག་འདེད་ཐབས་བྱེད་ཀྱི་ཡོད། འདི་ལྟར་བྱས་ཚེ་ད་གཟོད་ཁོ་ཚོའི་གོ་གནས་དང་ཁེ་ཕན་བརྟན་སྲུང་བྱ་ཐུབ་ལ། དབང་ཆ་དང་ཐོན་ཁུངས་མང་པོ་ཞིག་ཐོབ་ཀྱི་ཡོད།”
དཔོན་རིགས་ཁག་ཅིག་གི་བསམ་བློའི་ནང་བརྟན་བརླིང་འདོད་ཅིང་རྙོག་ཟིང་ལ་སྐྲག་པའི་སྒྱུད་ལུག་གི་རྩ་བ་ཚུགས་ཡོད། དོན་དངོས་ཐོག་དེ་ནི་འཛིན་སྐྱོང་གི་ནུས་པ་ཞན་པ་དང༌། འཛིན་སྐྱོང་གི་བསམ་བློ་རྗེས་ལུས་ཡིན་པའི་མཚོན་རྟགས་ཤིག་ཡིན། “བྱ་བ་གཅིག་མང་བ་ལས་བྱ་བ་གཅིག་ཉུང་ན་དགའ་”ཞེས་པའི་འཛིན་སྐྱོང་གི་ལྟ་ཚུལ་འོག མི་མང་འདུས་ཚོགས་ཅུང་མང་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཅིག་ཕྱིར་འགྱངས་དང༌། ཚོད་འཛིན། ཕྱིར་འཐེན་སོགས་བྱས་ཡོད། “གོང་རིམ་ལ་སྲིད་བྱུས་ཡོད་ན། འོག་རིམ་ལ་ཐབས་བྱུས་ཡོད་”ཟེར་བའི་རིགས་ལམ་འོག ས་གནས་འཛིན་སྐྱོང་ཁྲོད་<<རྩ་ཁྲིམས་>>དང༌། <<གྲངས་ཉུང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་སྲོལ་>>ལ་འགལ་བའི་བྱ་སྤྱོད་མང་པོ་བྱུང་ཡོད་ཀྱང༌། མིག་སྔར་གནས་ཚུལ་དེ་རིགས་ལ་རྟོག་ཞིབ་བྱེད་པའི་ལམ་ལུགས་ཆ་ཚང་བ་གྲུབ་མེད། བོད་རང་སྐྱོང་ལྗོངས་དམངས་ཆེན་དྲུང་ཆེ་གཞོན་པ་པ་སངས་ནོར་བུའི་བསམ་ཚུལ་ལྟར་ན། ཤེས་བཞིན་ཁྲིམས་འགལ་བྱེད་པ་དང༌། ཁྲིམས་འཛིན་རུལ་སོང༌། ཁྲིམས་ལུགས་ཀྱི་གོ་རྟོགས་ཞན་པ་སོགས་ནི། མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་འཐུས་ཚང་ཅན་དུ་བསྒྱུར་རིམ་ཁྲོད་འབུར་དུ་ཐོན་པའི་གནད་དོན་ཁག་ཡིན། ཟེར།
རྟོག་ཞིབ་ཚོགས་ཆུང་གིས་ཀན་ལྷོར་བཅར་འདྲི་བྱེད་སྐབས། འབྲོག་པ་ཞིག་གིས། “སྤྱི་ཚོགས་ཁྲོད་ཁྲིམས་སྲོལ་ཧ་ཅང་ཉམས་རྒུད་ཕྱིན་འདུག ཉེན་རྟོག་པ་ཁོ་ཚོས་བྱུས་གཏོགས་བྱེད་ཀྱི་མི་འདུག ང་ཚོའི་ནོར་ལུག་གཞན་གྱིས་བཙན་འཕྲོག་བྱས་བྱུང༌། ཉེན་རྟོག་པར་ཞུ་གཏུགས་བྱས་ནས་རྐུན་མ་འཛིན་ཐུབ་པ་བྱུང་ནའང༌། ཉིན་གཉིས་སོང་རྗེས་གློད་གྲོལ་གཏོང་གི་རེད། ནོར་ལུག་ཕྱིར་རག་གི་མ་རེད། ནོར་ལུག་བཙོངས་པའི་དངུལ་རྣམས་ཉེན་རྟོག་ལས་ཁུངས་ནང་བགོ་བཤའ་བརྒྱབ་འགྲོ་གི་རེད།” ཅེས་ཟེར། བསང་ཆུ་རྫོང་ཆུ་སྔོན་ཤང་འབྲོག་པར་བཅར་འདྲིའི་ཚིག
༣ འགྲོ་འཆར་ཁོ་ན་ཅན་གྱི་ནོར་སྲིད་སྒྲོམ་གཞི་དང་ལས་བྱེད་པའི་འཛིན་སྐྱོང་ནུས་པའི་བཀག་རྒྱའི་སྐོར།
སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་ཐེངས་ལྔ་པའི་སྐབས་སུ་ཀྲུང་དབྱང་གིས་བོད་ལྗོངས་ཐོག་སྤྱིར་བཏང་འགྲོ་དངུལ་བརྒྱུད་གཏོང་དང༌། སྒྲིག་གཞིར་གུན་གསབ། དམིགས་བཀར་རོགས་དངུལ་སོགས་ཁྱོན་བསྡོམས་དུང་ཕྱུར་ ༤༧༥ ཟིན་ཡོད། ཀྲུང་དབྱང་གིས་བོད་ལྗོངས་ཐོག་འགྲོ་གྲོན་བཏང་དངུལ་གྱིས་སྤྱིའི་འགྲོ་གྲོན་གྱི་བརྒྱ་ཆ་ ༩༠ ཟིན་ཡོད། ཨ་མདོའི་བོད་ཁུལ་དུ་རྟོག་ཞིབ་བྱེད་སྐབས། དཔོན་རིགས་ཤིག་གིས་བཤད་རྒྱུར། རྫོང་ག་གེ་མོ་ཞིག་གི་ནོར་སྲིད་ཡོང་འབབ་སྒོར་བྱེ་བ་ ༡ ལྷག་ཡིན་ནའང༌། ནོར་སྲིད་འགྲོ་འཆར་སྒོར་དུང་ཕྱུར་ ༤ ཡིན་པས། ཡོང་འབབ་ལས་ལྡབ་ ༤༠ བརྒལ་བའི་འགྲོ་གྲོན་རྣམས་ཀྲུང་དབྱང་གིས་བརྒྱུད་གཏོང་བྱས་ཏེ་ཁ་གསབ་ཐབས་བྱེད་ཀྱི་ཡོད་ཟེར།
༡༩༩༤ ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག “ཆ་བགོས་འགན་འཁུར། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས་”བཅས་ཀྱི་བྱེད་ཐབས་གཏན་ལ་ཕབ་སྟེ། ནང་སའི་འབྲེལ་ཡོད་ཞིང་ཆེན་དང༌། གྲོང་ཁྱེར། ཀྲུང་དབྱང་གི་རྒྱལ་ཁབ་རིམ་པའི་ལས་ཁུངས་བཅས་ནས་ཁ་གཏད་ཀྱི་སྒོ་ནས་ལས་བྱེད་འདེམས་གཏོང་གིས་བོད་ལྗོངས་ལ་རོགས་སྐྱོར་བྱས། ༢༠༠༡ ལོར་ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག ལས་བྱེད་ཁ་གཏད་ཀྱིས་བོད་ལྗོངས་རོགས་སྐྱོར་གྱི་ལས་དོན་འདི་ཉིད་ལོ་ ༡༠ རིང་མུ་མཐུད་རྒྱུ་དང་ཆབས་ཅིག བོད་ལྗོངས་ཀྱི་རྫོང་དང་གྲོང་ཁྱེར། ས་ཁུལ་རྣམས་ཀྱང་ལས་རིམ་དེའི་ཁོངས་འཇུག་རྒྱུའི་ཐག་གཅོད་བྱུང༌། ལོ་མང་པོའི་རིང་དམིགས་བསལ་སྲིད་བྱུས་སྣ་ཚོགས་འོག་མ་དངུལ་དང༌། ལས་འཆར། དངོས་རྫས་སོགས་ཕྱོགས་སྣ་ཚོགས་ཐད་བོད་ལྗོངས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། བོད་ལྗོངས་ཀྱི་རྨང་གཞིའི་མཐུན་རྐྱེན་ཡང་ཡར་རྒྱས་བྱུང་ཡོད། དེ་དང་ཆབས་ཅིག བོད་ཁུལ་གྱི་དཔོན་རིགས་ཁ་ཤས་ཀྱིས་ཀྲུང་དབྱང་ལ་དངུལ་དང་ལས་འཆར་ཇི་ལྟར་སློང་རྒྱུ་ཁོ་ནའི་ཐོག་བསམ་བློ་གཏོང་བ་སྟེ། དོན་དངོས་སྤྱི་ཚོགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་ལས་རང་ཉིད་ཀྱི་སྤྱི་ཚོགས་བརྒྱུད་ལམ་བཀོལ་སྤྱོད་བྱ་རྒྱུ་གལ་ཆེན་དོན་ཆེན་དུ་བརྩི་བའི་གནས་སྟངས་བཟོས་ཡོད།
མིག་སྔར། བོད་རིགས་ས་ཁུལ་གྱི་ལས་བྱེད་པའི་ཤེས་ཡོན་ཐད་གནད་དོན་མང་པོ་ཞིག་མངོན་ཡོད། ཕྱོགས་གཅིག་ནས། སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་བ་ལ་ཐད་ཀར་ལས་འབྲེལ་གྱི་ལས་བྱེད་ཆེད་ལས་མི་སྣ་ཧ་ཅང་དཀོན་པ་དང༌། ཕྱོགས་གཞན་ནས། ཏང་སྲིད་དང༌། བྱ་གཞག་ལས་ཁུངས་ཁག་ཏུ་ལས་མི་འབོར་ཆེན་ཕུང་གསོག་བྱས་ཡོད། བསམ་བློའི་ཆབ་སྲིད་སྐོར་གྱི་ལས་བྱེད་འཕར་ལྷག་མང་བ་དང༌། ལག་རྩལ་དང༌། ཁེ་ལས། ཚན་རྩལ་སྐོར་གྱི་ལས་བྱེད་ས་སྟོང་ཧ་ཅང་མང༌། ཚོགས་ཆུང་གིས་བོད་ཁུལ་ལ་བཅར་འདྲི་བྱེད་སྐབས། རྫོང་ག་གེ་མོ་ཞིག་གི་རིག་གནས་ལུས་རྩལ་ཅུའུ་ཡི་འགན་འཛིན་གཞོན་པར་སློབ་ཆུང་གི་རིག་གནས་ཤེས་ཚད་ལས་མེད་པ་མཐོང༌། ༡༩༩༣ ལོའི་ཟླ་ ༡༢ པར། ཀྲུང་དབྱང་རྩ་འཛུགས་པུའུ་དང༌། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། ཀྲུང་དབྱང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་མཉམ་འབྲེལ་གྱིས་<<གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བསྐྱེད་བསྲིང་དང་འདེམས་སྒྲུག་གི་བྱ་བ་སྔར་ལྷག་ལེགས་སྒྲུབ་བྱེད་ཕྱོགས་སྐོར་གྱི་ལས་དོན་བསམ་འཆར་>>ཞེས་པ་འགྲེམས་སྤེལ་བྱས་པའི་ནང༌། “ཀུན་སྤྱོད་དང་ཤེས་འཇོན་ཟུང་ལྡན། སྤྱོད་གཙང་ཧུར་སེམས་ཀྱིས་སྲིད་སྐྱོང་བ། མི་རིགས་སོ་སོའི་མང་ཚོགས་ལ་འབྲེལ་བ་དམ་ཟབ་ལྡན་པ། ཤེས་ཚད་སྣ་འཛོམས། ཆེད་ལས་དང་མཐུན་པ། སྒྲིག་གཞི་ཚུལ་མཐུན། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་དར་སྤེལ་གྱི་དགོས་མཁོ་དང་འཚམ་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་རུ་ཁག་ཞིག་བསྐྱེད་བསྲིང་བྱ་རྒྱུ།” ཞེས་གསལ་ཡོད། མིག་སྔར་གྱི་གནས་སྟངས་ལ་བལྟས་ན། འདི་ལྟ་བུའི་དམིགས་ཡུལ་འགྲུབ་རྒྱུར་ད་དུང་ལམ་ཐག་ཧ་ཅང་རིང་པོ་ཞིག་འདུག
བཞི་པ། སྲིད་གཞུང་གིས་ ༣་༡༤ དོན་རྐྱེན་མཇུག་སྐྱོང་ལས་དོན་ཐད་ཀྱི་ནོར་འཛོལ་སྐོར།
རྟོག་ཞིབ་ཚོགས་ཆུང་གིས་ཤེས་རྟོགས་བྱུང་བ་ཞིག་ལ། ༣་༡༤ དོན་རྐྱེན་ནི་རྒྱུ་རྐྱེན་མང་པོ་ཞིག་ལྷན་འཛོམས་ཀྱིས་བྱུང་ཡོད་ཅིང༌། རྒྱུ་རྐྱེན་དེ་དག་གི་ཁྲོད་འཕེལ་རྒྱས་ཀྱིས་བཟོས་པའི་མིའི་སེམས་ཁམས་ཀྱི་ཧེ་བག་དང༌། དཔལ་འབྱོར་གྱི་ཕྱོགས་སུ་འདོད་བློ་མ་ཁེངས་པའི་སེམས་ཚོར། ཡུལ་མི་གནས་སྤོས་ཀྱི་གནད་དོན། རྒྱལ་ཁབ་ཕྱིའི་ཤུགས་རྐྱེན། ཆོས་ལུགས་ཀྱི་བརྩེ་དུང༌། སྐབས་ཐོག་དེའི་”མི་ཚོགས་རྗེས་འབྲངས་ཀྱི་བྱེད་ནུས་”སོགས་འདུས་ཡོད། སྟབས་བདེ་པོའི་སྒོ་ནས་”དྲག་སྤྱོད་ལྡན་པའི་ཁ་བྲལ་གྱི་ལྟ་ཚུལ་”ཐོག་སྤྱི་བསྡོམས་བྱེད་མི་རིགས། ང་ཚོའི་བསམ་འཆར་ལྟར་ན། ༣་༡༤ དོན་རྐྱེན་རྗེས་ཀྱི་ལས་དོན་གྱིས་དོན་རྐྱེན་མགྱོགས་མྱུར་ཞི་འཇགས་དང༌། ཐག་ཆོད་པོའི་སྒོ་ནས་འགལ་བ་སེལ་ཐབས། མང་ཚོགས་ཞི་བདེར་འགོད་པར་ཧུར་བརྩོན། དབང་ཆ་ཐལ་སྤྱོད་བྱེད་མཁན་དཔོན་རིགས་ལ་ཉེས་ཆད་གཏོང་བ། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་ལ་སྐུལ་འདེད་སོགས་ཀྱི་བྱེད་ནུས་ཐོན་དགོས་ནའང༌། ད་ལྟའི་ལས་དོན་ཐག་གཅོད་བྱེད་སྟངས་ལ་བལྟས་ན། སྲིད་བྱུས་ཐོག་ནོར་འཁྲུལ་མང་ཙམ་ཐོན་འདུག སྲིད་གཞུང་གིས་དྲིལ་བསྒྲགས་ཤུགས་ཆེན་དང་གཟབ་ནན་མ་བྱས་པའི་བྱེད་སྟངས་ཀྱིས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཡོད།
༡ ཕྱིས་སུ་”དྲག་སྤྱོད་”སྐོར་དྲིལ་བསྒྲགས་ཚད་ལས་བརྒལ་བ་བྱས་རྐྱེན། ༣་༡༤ དོན་རྐྱེན་གྱི་ནུས་པ་མུ་མཐའ་མེད་པར་རྒྱ་བསྐྱེད་དེ། མི་རིགས་ཁ་གཏད་ཀྱི་སེམས་ཚོར་ངེས་ཅན་ཞིག་གྲུབ། ལྷ་ས་དང་ཀན་ལྷོའི་དྲག་པོའི་དོན་རྐྱེན་གྱི་བརྙན་རིས་ཆུ་ཚོད་བཅུ་ལྷག་རྗེས་སུ་བརྙན་འཕྲིན་དང༌། དྲ་རྒྱའི་མཐོང་ལམ་བརྒྱུད་རྒྱལ་ཡོངས་སམ་འཛམ་གླིང་ཡོངས་སུ་བསྐྱལ་ཡོད། བརྙན་རིས་ནང་བོད་མི་ཁ་ཤས་ཀྱིས་དྲག་སྤྱོད་སྤེལ་བའི་བྱ་སྤྱོད་གཅིག་བསྡུས་ཀྱིས་བསྟན་ཡོད། དོན་རྐྱེན་གྱི་འབྱུང་རྐྱེན་ཐད་ཕྱིར་སྡོད་སྟོབས་ཤུགས་ཐོག་ཕྱོགས་རྐྱང་པ་ཁོ་ནར་ཕྱོགས་བསྡོམས་བརྒྱབས་པས། བོད་ཁུལ་གྱི་དངོས་ཡོད་གནས་སྟངས་ལ་ཆ་རྒྱུས་མེད་པའི་རྒྱ་རིགས་ཡུལ་མི་ཚོར་མཚོན་ན། བོད་མི་སྤྱི་ལ་དམིགས་པའི་མི་རིགས་རིང་ལུགས་ཀྱི་སེམས་ཚོར་བསྐྲུན་ཡོད། དྲིལ་བསྒྲགས་འདི་རིགས་ཀྱིས་དུས་ཡུན་རིང་པོའི་སྒོ་ནས་བལྟས་ན་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་བཏང་ཡོད། རྒྱ་མི་རིགས་ཀྱིས་བོད་ཀྱི་རིག་གཞུང་ཐོག་བཅངས་པའི་ཡིད་སྨོན་གྱི་བསམ་བློ་དེ། བོད་རིགས་སྤྱི་པར་ཞེད་སྣང་དང་དགྲ་འཛིན་གྱི་བསམ་བློར་གྱུར་ཏེ། བོད་མི་ནི་”དྲིན་གཟོ་མི་བྱེད་པའི་”མི་རིགས་ཤིག་ཏུ་འུད་སྒྲོག་བྱས་ཡོད། རྟོག་ཞིབ་ཚོགས་ཆུང་གིས་དོན་རྐྱེན་བྱུང་རྗེས་དྲ་ཚིགས་མང་པོ་ཞིག་ཏུ་རྒྱ་བོད་ཀྱི་དྲ་རྒྱ་ཀློག་པ་པོ་མང་པོའི་སྨྱོ་ཚབས་ཆེ་བའི་སྡིགས་དམོད་ཀྱིས་ཁེངས་ཡོད་པ་དེས། གོ་ནོར་ཐེབས་ཚད་སྔར་བས་ཟབ་ཏུ་གྱུར། སྐུ་ཞབས་ཀླུ་འབུམ་གྱིས་རྟོག་ཞིབ་ཚོགས་ཆུང་ལ་བཤད་རྒྱུར། ཁོང་གི་རྒྱ་རིགས་གྲོགས་པོ་ཞིག་གིས་བརྙན་རིས་མཐོང་རྗེས་ཁོང་དང་འབྲེལ་བ་གཅོད་གྲབས་བྱས་སོང་བས། དེ་ནི་ཁོང་གིས་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། འདིར་མཐོང་ཐུབ་པ་ཞིག་ནི། སྲིད་གཞུང་གིས་གསར་འགྱུར་གཏོང་འགྲེམས་བྱེད་སྐབས་མགྱོགས་མྱུར། ཐད་མཐོང༌། ནུས་ལྡན་བཅས་བྱུང་ཡོད་ནའང༌། སྦས་པའི་ཚུལ་དུ་ཡོད་པའི་ལྡོག་ཕྱོགས་ཀྱི་ནུས་པར་མཐོང་ཆུང་གཏན་ནས་བྱེད་མི་རུང༌། འདི་ལྟ་བུའི་ཐག་གཅོད་བྱེད་སྟངས་དེ། གྱུར་གཅིག་ལ་རྒྱབ་སྐྱོར་བྱེད་མཁན་བོད་མི་ཚོའི་བརྩེ་དུང་ལ་གནོད་པ་མ་ཟད། རྒྱ་བོད་དབར་གྱི་འབྲེལ་ལམ་ལའང་གནོད་དོ། །
༢ ༣་༡༤ དོན་རྐྱེན་དེ་ “བོད་མི་ཁ་བྲལ་པས་རྡུང་བཅོམ་འཕྲོག་སྲེག་” བྱས་པའི་ངོ་བོར་གཏན་འཁེལ་བྱས་པ་དེ་ཆབ་སྲིད་ཀྱི་རྣམ་དཔྱོད་བྲལ་བའི་བྱེད་སྟངས་ཤིག་ཡིན། དུས་རབས་སྔོན་མའི་ལོ་རབས་ ༥༠ པའི་མཇུག་གི་བོད་ཁུལ་གྱི་དྲག་པོའི་ངོ་རྒོལ་དེ་གྲལ་རིམ་འཐབ་རྩོད་ཀྱི་ངོ་བོར་གཏན་འཁེལ་བྱས་པས། མི་རིགས་འཐབ་རྩོད་ཀྱི་ཚད་མཐོའི་གནད་དོན་ཐོག་སླེབས་མེད། སྐབས་དེའི་སྲིད་བྱུས་གཙོ་བོ་ནི། “བྱེད་གཏེ་ཉུང་ཤས་ལ་རྒོལ་རྡུང་བྱས་པ་བརྒྱུད། རྒྱ་ཆེའི་ཞིང་འབྲོག་མི་མང་ཞི་བདེར་འགོད་རྒྱུ་”དེ་ཡིན། དེ་ལ་བརྟེན་ནས་སྲིད་བྱུས་སྙོམ་སྒྲིག་དང༌། བདག་དབང་ལམ་ལུགས་ སྒྱུར་བཅོས་སོགས་སྐབས་དེའི་གནད་དོན་སེལ་བའི་བརྒྱུད་ལམ་དུ་གྱུར་ཏེ། འགལ་བ་མགྱོགས་མྱུར་ངང་ཐག་གཅོད་བྱུང་ཡོད། འོན་ཀྱང་དེང་སྐབས་”རྡུང་བཅོམ་འཕྲོག་སྲེག་”དང༌། “ཏཱ་ལའི་རུ་ཚོགས་ཀྱི་རྩ་འཛུགས་ལྡན་ཞིང༌། འཆར་གཞི་ཡོད་པ། ཇུས་འགོད་ཞིབ་ཚགས་”ཀྱི་ཁ་བྲལ་གྱི་ལས་འགུལ་ལ་ཐུག་སྐབས། བོད་ཁུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ཚད་ལས་བརྒལ་བའི་བྱེད་སྤྱོད་སྤེལ་ཏེ། ཡོད་ཚད་དགྲ་བོར་བརྩིས་ཡོད། ས་གནས་སྲིད་གཞུང་གིས་རང་བཞིན་གྱིས་བོད་མི་དཀྱུས་མ་རེ་རེར་དོགས་པ་ཟས་ཏེ་བལྟ་རྟོག་ནན་མོ་བྱས་ཡོད། “ཆབ་སྲིད་ཐོག་མི་རེ་རེ་བྱས་ནས་འགག་སྒོ་འགྲིམ་པའི་”བྱེད་ཐབས་འདིས། བོད་མི་མང་པོ་ཞིག་མི་དགའ་བར་གྱུར་ཏེ། གཞི་རྒྱ་ཆེ་བའི་བློ་འགལ་སེམས་འགལ་བཟོས་ཡོད། དེ་བས་ཀྱང་ཉེན་ཁ་ཅན་ཞིག་ནི། བོད་མི་ཚོར་རྣམ་རྟོག་དང་ཕྱིར་འབུད་ཀྱི་བྱེད་སྤྱོད་འདི་རིགས་རྒྱུ་མཚན་གང་ཡང་མེད་པའི་སྒོ་ནས་རྒྱལ་ནང་གི་ས་ཆ་མང་པོར་ཁྱབ་སྟེ། མཚམས་རེར་འདྲ་མཉམ་མ་ཡིན་པའི་གནས་ཚུལ་ཡང་བྱུང་ཡོད། རྟོག་ཞིབ་ཚོགས་ཆུང་གིས་བཅར་འདྲི་བྱེད་སྐབས། བོད་རིགས་ཤེས་ལྡན་པ་ཧ་ཅང་མང་པོ་ཞིག་གིས་ཁོང་ཚོ་གནམ་ཐང་དང༌། མགྲོན་ཁང་དུ་བསྐྱོད་སྐབས་ཚད་ལས་བརྒལ་བའི་ཞིབ་བཤེར་བྱས་བྱུང་བས། རྒྱལ་གཅེས་ཀྱི་བརྩེ་དུང་ལ་དོ་ཕོག་བྱུང་སོང་ཟེར།
༣ བོད་ཀྱི་ཆོས་ལུགས་བརྩེ་དུང་ཐོག་རྒྱུས་ལོན་ཆ་ཚང་མ་བྱུང་བའི་རྐྱེན་གྱིས། ༣་༡༤ དོན་རྐྱེན་རྗེས་སུ་དགོན་པ་དང་གྲྭ་པར་རྣམ་འགྱུར་སྟོན་སྟངས་ཐད་ནོར་སྐྱོན་ཤོར་ཡོད། བོད་ཡུལ་གྱི་གྲྭ་བཙུན་རྣམས་ནི་མི་རྣམས་ཀྱི་བསམ་བློ་སྣེ་འཁྲིད་པའི་ཆོས་དོན་གཉེར་མཁན་ཡིན་པ་མ་ཟད། སྲོལ་རྒྱུན་གྱི་ཤེས་ལྡན་པ་ཡང་ཡིན་སྟབས། བོད་ཀྱི་གནམ་རིག་དང༌། སྐར་རྩིས། གསོ་རིག འདུལ་ཁྲིམས་སོགས་ཤེས་ལྡན་ཚོགས་སྡེ་འདིར་བརྟེན་ནས་བྱུང༌། ཆོས་ལུགས་དད་མོས་སྤྱི་ཁྱབ་ངང་གནས་པའི་བོད་ཁུལ་ལ་མཚོན་ན། དགེ་འདུན་པ་ཚོར་སྤྱི་ཚོགས་ཀྱི་མཐོང་ཧ་ཅང་མཐོན་པོ་ཡོད། དེར་བརྟེན། སྲིད་གཞུང་གིས་གྲྭ་བཙུན་དང་དགོན་པར་འབྲེལ་བའི་ལས་དོན་ཡོངས་རྫོགས་སྒྲུབ་ཕྱོགས་ནས་གཟབ་ནན་གྱིས་ཐག་གཅོད་བྱས་ཚེ། བོད་ཁུལ་དུ་ཡུན་རིང་བརྟན་བརླིང་ཡོང་བར་ཕན་ཐོགས་ཧ་ཅང་ཆེ། འོན་ཀྱང༌། ༣་༡༤ དོན་རྐྱེན་རྗེས་ཀྱི་ཐག་གཅོད་ཁྲོད། བླ་ན་མེད་པའི་གོ་གནས་ཡོད་པའི་དགོན་སྡེ་མང་པོ་ཞིག་བསྔོག་བཤེར་བྱས་པ་དང༌། དུས་ཐུང་རིང་སྒོ་བརྒྱབས་པ། ཕྱི་ཁུལ་ཐེམ་ཐོ་ཅན་གྱི་གྲྭ་བཙུན་རྣམས་ཕྱིར་འབུད་དང་འགྲོ་འོང་བཀག་སྡོམ་བྱས་པ། དགོན་སྡེ་ཡོད་ཚད་ནང་”སྤྱི་ཚོགས་རིང་ལུགས་”དང༌། “རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་”སྤེལ་བ། དོན་དངོས་ཐོག་ལས་འགུལ་འདི་རིགས་ནི་ཆབ་སྲིད་ལ་ཐེ་བྱུས་མི་བྱེད་པར་བློ་གཅིག་སེམས་གཅིག་གིས་ཆོས་བྱེད་པའི་གྲྭ་པ་ཚོར་བར་ཆད་བཏང་ཡོད་པས། སྒྲུབ་ཕྱོགས་ཀྱི་ནུས་པ་ཐོན་པའི་ངེས་པ་མེད། ཚོགས་ཆུང་གིས་རྟོག་ཞིབ་བྱེད་སྐབས། ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ལས་འགུལ་ཐེངས་འགར་ཐུག་བྱུང༌། གྲྭ་པ་ཚོའི་དུས་རྒྱུན་གྱི་ཆོ་ག་དང་ཉམས་ལེན་ལ་བར་ཆད་བྱུང་བས། ཚང་མས་སྡུག་སྐད་ནར་ནར་འདོན་གྱི་འདུག
ལྔ་པ། དེང་སྐབས་དཀའ་རྙོག་ཆེ་བའི་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་གནད་དོན།
བོད་ཁུལ་དུ་དེང་རབས་ཅན་ལ་བསྐྱོད་པའི་བརྒྱུད་རིམ་ཁྲོད། བོད་ཀྱི་ཆོས་ལུགས་རིག་གནས་ནི་དུས་ནམ་ཡང་གཡོལ་ཐབས་མེད་པའི་གནད་དོན་ཞིག་ཡིན། གང་ཡིན་ཞེ་ན། མིའི་རིགས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་བྱེད་སྒོ་གང་ཡིན་ཡང་དམིགས་བསལ་གྱི་ལམ་ལུགས་དང་རིག་གནས་ཀྱི་སྒོ་ནས་འཕེལ་རྒྱས་བྱུང་བ་མ་ཟད། དེ་དང་ཕན་ཚུན་ལྟོས་འབྲེལ་གྱི་སྒོ་ནས་ནུས་པ་སྤེལ་རེས་བྱེད་ཀྱི་ཡོད། བོད་ཀྱི་ཆོས་ལུགས་རིག་གནས་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་རེད། བོད་བརྒྱུད་ནང་བསྟན་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན་པ་མ་ཟད། བོད་ཀྱི་ཆོས་ལུགས་རིག་གནས་ལོ་རྒྱུས་ཀྱི་འཕེལ་རིམ་གཏན་ཚིགས་དང་མཐུན་པའི་བསམ་བློའི་འབྱུང་ཁུངས་གཙོ་བོའང་ཡིན། དོན་སྙིང་འདིའི་ཐད་ནས་བཤད་ན། དེང་རབས་ཅན་དང་བོད་ཀྱི་ཆོས་ལུགས་རིག་གནས་དབར་གྱི་འབྲེལ་བ་ཟེར་བ་དེ་གཙོ་བོའི་སྒོ་ནས་དེང་རབས་ཅན་དང་བོད་བརྒྱུད་ནང་བསྟན་དབར་གྱི་འབྲེལ་བར་བརྩིས་ཆོག བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཚན་པའི་འགན་འཛིན་ཚེ་རིང་སྐྱབས་ཀྱིས་བཤད་རྒྱུར། ང་ཚོའི་སྲིད་གཞུང་གིས་ཆོས་ལུགས་དད་མོས་ལ་ཐེ་བྱུས་མི་བྱེད། ཆོས་ལུགས་དད་མོས་བྱ་བར་སྐུལ་སློང་ཡང་མི་བྱེད། དོན་དངོས་ཐོག་བོད་བརྒྱུད་ནང་བསྟན་ནི་ཆོས་ལུགས་ཁོ་ན་ཞིག་མ་ཡིན་པར། རིག་གནས་ཚན་ཁག་ཅིག་ཡིན། དེ་ལ་སངས་རྒྱས་ཆོས་ལུགས་ཟེར་བ་ལས་ནང་དོན་རིག་པ་ཞེས་པ་འགྲིགས། བོད་བརྒྱུད་ནང་བསྟན་ལ་ལམ་སྟོན་སྔར་ལས་ལེགས་པོ་བྱས་ཏེ་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་དེ་ནི་གནད་འགག་ཅན་གྱི་བརྗོད་གཞི་ཞིག་ཡིན། ཟེར།
ང་ཚོས་དེང་རབས་ཅན་ཞེས་པའི་གོ་དོན་ནི། འཛམ་གླིང་གི་ལོ་རྒྱུས་དེ་ཉེ་བའི་དུས་རབས་ནས་བཟུང་དེང་རབས་ཀྱི་ཆ་ཤས་རིམ་གྱིས་ཇེ་མང་དང་སྲོལ་རྒྱུན་གྱི་ཆ་ཤས་རིམ་གྱིས་ཇེ་ཉུང་དུ་སོང་བར་བརྟེན་ནས་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བཅོས་སྒྱུར་དེ་ཡིན་པའི་དབང་དུ་བཏང་ན། སྔར་བས་རྒྱ་ཆེ་བའི་སྒོ་ནས་དེང་རབས་ཅན་དང་ཆོས་ལུགས་དབར་གྱི་འབྲེལ་བར་བསྐྱར་ཞིབ་བྱ་བར་གོ་སྐབས་དང་ལམ་ཁ་ཞིག་གསར་སྐྲུན་བྱས་ཡོད། དེང་རབས་ཅན་གྱི་གཞུང་ལུགས་ཀྱི་འཕེལ་རིམ་གསར་ཤོས་ནང༌། དེང་རབས་དང་སྲོལ་རྒྱུན་གཉིས་ཕན་ཚུན་མངོན་སུམ་ཁ་གཏད་ཅིག་མིན་ཞེས་གསལ་འདོན་བྱས་ཡོད། སྤྱི་ཚོགས་གང་ཡིན་ཡང་སྲོལ་རྒྱུན་གྱི་ནང་ཁུལ་དུ་དེང་རབས་ཅན་དུ་འཕེལ་རྒྱས་འགྲོ་བའི་གོ་སྐབས་ཡོད། དེར་བརྟེན། “དེང་རབས་ཅན་ཞེས་པ་ནི། སྲོལ་རྒྱུན་གྱི་ལམ་ལུགས་དང་རིན་ཐང་གི་ལྟ་བ་རྣམས་བྱེད་ནུས་ཐོག་དེང་རབས་རང་བཞིན་གྱི་དགོས་མཁོར་མུ་མཐུད་བསྟུན་ཐབས་བྱེད་པའི་བརྒྱུད་རིམ་ཞིག་ཡིན།” བརྒྱུད་རིམ་འདིའི་ཤུགས་དྲག་ཞན་ནི་སྲོལ་རྒྱུན་དང་དེང་རབས་དབར་མཉམ་གནས་ཡོང་མིན་གྱི་གནས་ཚད་ལ་བལྟ་དགོས། མཉམ་གནས་ཅུང་ཞན་པའི་གནས་སྟངས་འོག སྲོལ་རྒྱུན་རང་སྟེང་དུ་དེང་རབས་རང་བཞིན་འདང་ངེས་མེད་པས། རྒྱལ་ཁབ་ཀྱི་སྲིད་དབང་སྟོབས་ཤུགས་ལ་བརྟེན་ནས་བཙན་ཤུགས་ཀྱིས་ལམ་ལུགས་འཕོ་འགྱུར་གཏོང་དགོས་ཀྱི་ཡོད། ཡིན་ནའང༌། རྒྱལ་ཁབ་ཀྱིས་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་སྐབས། སྔོན་ཐོན་རྒྱལ་ཁབ་ཀྱི་བྱེད་སྟངས་ལ་ལད་ཟློས་ཁོ་ན་མ་ཡིན་པར། སྤྱི་ཚོགས་རང་ངོས་ཀྱི་རིག་གནས་གོམས་སྲོལ་གཞི་རྩར་འཛིན་དགོས། དེ་ལྟར་མ་བྱས་པར་”རིག་གནས་རིན་ཐང་དང་སྤྱི་ཚོགས་གོམས་སྲོལ་ལ་སྣང་མེད་བྱས་ཏེ། ཐབས་རྩལ་གསར་པའི་ངོ་བོར་ནང་འདྲེན་བྱས་པའི་ཕྱི་རྒྱལ་གྱི་ལམ་ལུགས་ཀྱིས་ཐོག་མའི་དམིགས་ཡུལ་ལ་ཞབས་འདེགས་ཞུ་ཐབས་མེད་པའི་ཁར། སྤྱི་ཚོགས་རྙོག་ཟིང་རྒྱུར་ཡང་འགྱུར་ངེས་ཡིན།” འདིར་མཐོང་ཐུབ་པ་ཞིག་ནི། དེང་རབས་ཅན་གྱི་ལམ་ཁར་ཞུགས་མཁན་ཕྱིའི་རྒྱལ་ཁབ་བམ་ས་ཁུལ་ལ་མཚོན་ན། དེང་རབས་ཅན་ལ་བསྐྱོད་སྐབས་སྤྱིར་བཏང་བཙན་ཤུགས་ཀྱིས་ལམ་ལུགས་འཕོ་འགྱུར་གཏོང་རྒྱུ་གཙོ་བོ་བྱས་པའི་ཐོག བཙན་ཤུགས་རང་བཞིན་ཅན་གྱི་འཕོ་འགྱུར་བཏང་བའི་གྲུབ་འབྲས་རྨང་གཞི་བྱས་པའི་ཐོག་བསླུ་འཁྲིད་རང་བཞིན་ཅན་གྱི་འཕོ་འགྱུར་གཏོང་དགོས། དོན་སྙིང་འདིའི་ཐད་ནས་ང་ཚོའི་བསམ་ཚུལ་ལ། བོད་བརྒྱུད་ནང་བསྟན་དེ་བོད་ཁུལ་གྱི་སྲོལ་རྒྱུན་ལམ་ལུགས་དང་རིག་གནས་འཚོ་གནས་ཀྱི་རྩ་བའི་རྣམ་པ་ཡིན་པའི་ཆ་ནས། དེང་རབས་ཅན་གྱི་བཀག་རྒྱ་ཡིན་པར་བལྟ་མི་རུང་བ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་བྱེད་ནུས་སྙོམ་སྒྲིག་བྱས་པའི་རྨང་གཞིའི་ཐོག་བོད་ཁུལ་དུ་དེང་རབས་ཅན་སྤེལ་བར་བེད་སྤྱོད་བྱ་རུང་བའི་སྲོལ་རྒྱུན་ཐོན་ཁུངས་གལ་ཆེན་ཞིག་ཡིན་པར་བརྩིས་ཆོག དེ་ལྟར་བྱས་ཚེ། ང་ཚོས་ད་གཟོད་བོད་ཁུལ་དུ་རྣམ་པ་གསར་པའི་དེང་རབས་ཅན་གང་མགྱོགས་ཤར་བར་རེ་སྒུག་བྱས་ཆོག
ཕྱོགས་གཞན་ནས། ང་ཚོས་ད་དུང་ཆོས་ལུགས་འཇིག་རྟེན་ཅན་དུ་འགྱུར་བར་ཚོད་དཔག་བྱེད་པའི་ཕྱོགས་ལྷུང་གི་ལྟ་བའི་འཆིང་རྒྱ་ལས་ཐར་ཏེ། དེང་རབས་ཅན་གྱི་བརྒྱུད་རིམ་ཁྲོད་ཆོས་ལུགས་ཀྱི་ལམ་སྲོལ་དང༌། བྱ་སྤྱོད། འདུ་ཤེས་སོགས་ཡོད་ཚད་ཀྱི་སྤྱི་ཚོགས་ཀྱི་དོན་སྙིང་བརླག་འགྲོ་བར་ལྟ་བའི་རྙིང་ཞེན་གྱི་ལྟ་ཚུལ་ལས་བརྒལ་ཏེ། ཆོས་ལུགས་ནི་དེང་རབས་ཅན་དང་དཔུང་པ་མཉམ་གཤིབས་ཀྱིས་བསྐྱོད་ཐུབ་པའི་ངེས་ཤེས་གསར་འཛུགས་བྱ་དགོས། གནད་དོན་འདི་ནི་མིག་སྔར་གྱི་འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་རིམ་དངོས་ཀྱིས་བདེན་དཔང་བྱས་ཡོད། འཇིག་རྟེན་ཅན་དུ་བསྒྱུར་བའི་བརྒྱུད་རིམ་གྱིས་བོད་བརྒྱུད་ནང་བསྟན་གྱི་ཤན་ཤུགས་ཉམས་ཞན་དུ་འགྱུར་ནའང༌། བོད་བརྒྱུད་ནང་བསྟན་ལ་གཞི་རྩའི་འགྱུར་བའམ་རྩ་བརླག་ཏུ་འགྲོ་མི་སྲིད། “འཇིག་རྟེན་ཅན་དུ་བསྒྱུར་བ་དེས་བོད་བརྒྱུད་ནང་བསྟན་ལ་འགྱུར་བ་བཏང་སྟེ། དེའི་སྲོལ་རྒྱུན་གྱི་བྱེད་ནུས་ཉམས་རྒུད་གཏོང་བ་འདི་ནི། བོད་བརྒྱུད་ནང་བསྟན་རང་ངོས་ཀྱི་སྒྲོམ་གཞིའི་འགྱུར་བ་ལ་བརྟེན་ནས་འབྱུང་ངེས་པའི་བརྒྱུད་རིམ་ཞིག་ཡིན།”
གཞུང་ལུགས་བགྲོ་གླེང་གི་སྐོར་མཇུག་སྒྲིལ་རྗེས། ང་ཚོས་རང་རྒྱལ་གྱི་བོད་ཁུལ་ལ་བསྐྱར་དུ་བལྟ་སྐབས། དངོས་ཡོད་སྤྱི་ཚོགས་ཁྲོད་དེང་རབས་ཅན་དང་ཆོས་ལུགས་རིག་གནས་དབར་གྱི་འགལ་བ་མང་པོ་བསྐྱར་སྣོལ་དུ་ཡོད་པ་མཐོང་ཐུབ། ཐོག་མར། རྒྱལ་ཁབ་ཀྱི་ཆབ་སྲིད་སྟོབས་ཤུགས་ནས་བྱུང་བའི་བཙན་ཤུགས་རང་བཞིན་གྱི་ལམ་ལུགས་འཕོ་འགྱུར་དེས་ཨ་མདོའི་ས་ཁུལ་དེང་རབས་ཅན་ལ་བསྒྱུར་བའི་བཀག་རྒྱ་གཙང་སེལ་གྱིས་ཆ་རྐྱེན་མཁོ་འདོན་བྱས་ཡོད་ནའང༌། བསླུ་འཁྲིད་རང་བཞིན་གྱི་ལམ་ལུགས་འཕོ་འགྱུར་ནུས་ལྡན་ཞིག་སྤེལ་མ་ཐུབ་པའི་དབང་གིས། བཙན་ཤུགས་འཕོ་འགྱུར་གྱི་བརྒྱུད་རིམ་ཁྲོད་བྱུང་བའི་ནོར་འཁྲུལ་གྱི་ཤུགས་རྐྱེན་དག་སེལ་ལེགས་པོ་ཞིག་བྱ་ཐུབ་མེད།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་དང་སྲིད་གཞུང་གི་མགོ་འཁྲིད་འོག ཨ་མདོའི་བོད་ཁུལ་དུ་མི་རིགས་ས་ཁོངས་རང་སྐྱོང་རྒྱ་ཁྱབ་ངང་ལག་བསྟར་བྱས་ཏེ། བོད་རིགས་མི་མང་གིས་རང་ཁྱིམ་རང་བདག་བྱ་བའི་ཁེ་དབང་ལ་ལོངས་སུ་སྤྱད་ཡོད། གནམ་ས་ཁ་ལོ་བསྒྱུར་བ་ལྟ་བུའི་སྤྱི་ཚོགས་འཕོ་འགྱུར་འདིས། ཨ་མདོ་ས་ཁུལ་གྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་བཅས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཡོད། བཀས་བཀོད་རྒྱུད་འཛིན་དང་ཆོས་ལུགས་ཀྱི་དམིགས་བསལ་དབང་ཆ་རིམ་གྱིས་རྩིས་མེད་བཏང་སྟེ། དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་ལེགས་བཅོས་བྱུང་ཡོད། འོན་ཀྱང༌། གཡོན་ཐལ་ལམ་ཕྱོགས་དབང་གིས་རིག་གསར་སྐབས་སུ་ཉེན་ཚབས་ཅན་གྱི་འཕེལ་རྒྱས་བྱུང་སྟེ། ཏང་གི་མི་རིགས་སྲིད་བྱུས་དང༌། ཆོས་ལུགས་སྲིད་བྱུས་ལ་གཏོར་བརླགས་ཐེབས་ཏེ། ཨ་མདོའི་བོད་ཁུལ་གྱི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ཁྲོད་གྲུབ་པའི་གོམས་སྲོལ་དང༌། མང་ཚོགས་ཀྱི་རྒྱུན་ལྡན་ཆོས་ལུགས་བྱེད་སྒོ་ལ་བསམ་བློ་རྩ་ནས་མ་བཏང་བར། ཆེད་མངགས་ཆོས་ལུགས་རྩ་མེད་བཟོ་ཐབས་དང༌། གནས་ལུགས་གང་ཡང་མེད་པར་དགོན་སྡེ་གཏོར་བཤིག ཆོས་ལུགས་མཐོ་རིམ་མི་སྣར་འཐབ་རྩོད། གྲྭ་པ་ཚོ་བཙན་ཤུགས་ཀྱིས་སྐྱ་སར་ཕབ་བཅུག་པ་བཅས་བྱས་པའི་དབང་གིས། ཆོས་ལུགས་ཀྱི་བྱེད་སྒོ་རྣམས་རིམ་གྱིས་”ས་འོག་”ཏུ་སྤེལ་དགོས་བྱུང་བས། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་བརྩེ་དུང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཏེ། མང་ཚོགས་རྣམས་མ་དགའ་བར་གྱུར་ཡོད།
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། ཟིང་སེལ་ཡོ་བསྲང་བྱས་ཤིང་། ཆོས་ལུགས་དད་མོས་རང་དབང་གི་སྲིད་བྱུས་ལ་སྲུང་སྐྱོབ་དང་བརྩི་བཀུར་ཞུས་ཏེ། དགོན་སྡེ་ཁག་གི་ཆོས་ལུགས་ཀྱི་བྱེད་སྒོ་རིམ་བཞིན་བསྐྱར་གསོ་བྱས་ཡོད། དགོན་སྡེ་རྣམས་བསྐྱར་དུ་སྒོ་ཕྱེ་སྟེ། དམངས་གཙོ་དོ་དམ་གྱི་རྩ་དོན་ལྟར། དད་ལྡན་མང་ཚོགས་དང་དགོན་པའི་གྲྭ་པ་ཚོས་ཏང་གི་བྱེད་ཕྱོགས་དང༌། སྲིད་བྱུས་ཤེས་ཤིང༌། རྒྱལ་གཅེས་ལྡན་པའི་གྲྭ་པའི་རིགས་བདམས་ཏེ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཚོགས་བཙུགས་པར་བརྟེན་ནས། ཆོས་ལུགས་སྲིད་བྱུས་དེ་རིམ་བཞིན་དངོས་གཞི་ཅན་དུ་གྱུར།
ཡིན་ནའང༌། མིག་སྔར་གནད་དོན་རིགས་གཉིས་ཡོད་པ་སྟེ། ༡། རྒྱལ་ཁབ་ཀྱི་ཆབ་སྲིད་སྐད་བརྡའི་ངོས་ནས་ཆོས་ལུགས་ཐོག་རྣམ་འགྱུར་སྟོན་ཕྱོགས་ཀྱི་དབྱེ་མཚམས་དང༌། འབྲེལ་ཡོད་སྲིད་བྱུས་དང་བྱེད་ཕྱོགས་སྟེང་བཙན་ཤུགས་དང་རྗེས་ལུས་ལ་བརྟེན་ནས། དེང་རབས་ཅན་དང་ཆོས་ལུགས་དབར་གྱི་འབྲེལ་བ་དང༌། སྤྱི་ཚོགས་རིང་ལུགས་དང་ཆོས་ལུགས་དབར་གྱི་འབྲེལ་བ་བཅས་ཀྱི་དབྱེ་མཚམས་ཐད། གཞུང་ལུགས་དང་ལག་ལེན་ཆ་མི་མཚུངས་པའི་གནས་སྟངས་ཡོད། ༢། ས་གནས་དཔོན་རིགས་ཚོས་རྒྱལ་ཁབ་ཀྱི་ཡུལ་མི་དང༌། ཆོས་དད་མི་མང་གཉིས་དབར་གྱི་འབྲེལ་བ་ངོས་འཛིན་གསལ་པོ་ཞིག་བྱེད་མ་ཐུབ་པར་བརྟེན། རྒྱལ་གཅེས་རིང་ལུགས་ཀྱི་རྣམ་པར་བརྟེན་ནས་ཕྱེད་བཙན་དབང་གིས་གྲྭ་པ་ཚོ་ཕྱིར་རྫོང་བྱེད་པའི་སྣང་ཚུལ་བྱུང་ཡོད། གནས་ཚུལ་འདི་དག་ལ་བརྟེན་ནས། ཚད་ངེས་ཅན་ཞིག་ནས་དད་ལྡན་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་ཤུགས་ལ་ངོས་ལེན་བྱ་ཚད་དང༌། རྒྱལ་ཁབ་ཀྱིས་བོད་བརྒྱུད་ནང་བསྟན་ཐོག་བཙན་ཤུགས་རང་བཞིན་གྱི་ལམ་ལུགས་འཕོ་འགྱུར་གྱི་རྨང་གཞིའི་ཐོག་སྤེལ་བའི་བསླུ་འཁྲིད་རང་བཞིན་གྱི་འཕོ་འགྱུར་བཅས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་པ་དང༌། བོད་བརྒྱུད་ནང་བསྟན་དེ་བྱེད་ནུས་ཀྱི་ཆ་ནས་དེང་རབས་རང་བཞིན་གྱི་བྱེད་ནུས་སུ་འགྱུར་རིམ་ལའང་ཤུགས་རྐྱེན་ཐེབས་ངེས་ཡིན།
དེ་ནས། བོད་བརྒྱུད་ནང་བསྟན་ཐོག་བཙན་ཤུགས་རང་བཞིན་གྱི་བཀག་གནོན་ཕྱིར་འཐེན་བྱས་རྗེས། ལྡེམ་ཤུགས་རང་བཞིན་གྱི་བསྐྱར་གསོའི་འཕེལ་ཕྱོགས་ཤུགས་དྲག་ཅིག་བྱུང་མྱོང་ནའང༌། དེང་རབས་ཅན་གྱི་འཕེལ་འགྲོས་ལ་བསྟུན་ནས་གཡོལ་ཐབས་མེད་པའི་སྒོ་ནས་རང་ངོས་ཀྱི་འཐོར་ཞིག་དང་འགལ་བ་བྱུང་ཡོད། བཅོས་སྒྱུར་སྒོ་འབྱེད་ཀྱི་ཐོག་མའི་དུས་རིམ་ཁྲོད། ཨ་མདོ་ས་ཁུལ་གྱི་དད་ལྡན་མང་ཚོགས་ཀྱི་འགོག་གནོན་ཐེབས་པའི་ཆོས་ལུགས་ཀྱི་སེམས་ཚོར་ཧ་ཅང་ཤུགས་དྲག་ཅིང༌། ཆོས་ལུགས་བྱེད་སྒོའི་ཐོག་སྨྱོ་འཚབ་ཆེ་བའི་ཧུར་བརྩོན་གྱི་རྣམ་པ་ཞིག་མངོན་ཡོད། དེ་རྗེས་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང༌། རིག་གནས་སློབ་གསོ། ཚན་རིག་ལག་རྩལ། འགྲིམ་འགྲུལ་བྱ་གཞག་བཅས་ཡར་རྒྱས་བྱུང་བ་དང་སྦྲགས། དེ་སྔོན་གྱི་ཕྱི་ཕྱོགས་ལ་སྒོ་བརྒྱབ་པའམ། སྒོ་ཕྱེད་ཙམ་བརྒྱབ་པའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞི་རྩའི་འགྱུར་ལྡོག་ཅིག་བྱུང་སྟེ། མི་མང་སྤྱི་དང༌། ཁྱད་པར་འགྲིམ་འགྲུལ་ལམ་རྒྱུད་དུ་འཁེལ་བའི་རོང་ཁུལ་མི་མང་གི་བསམ་བློའི་འདུ་ཤེས་ལ་འགྱུར་བ་ཆེན་པོ་བྱུང་ཡོད། གཞོན་དར་ཁག་ཅིག་གི་ཆོས་ལུགས་ཀྱི་འདུ་ཤེས་ཇེ་ཞན་དུ་གྱུར་ཡོད། གནས་སྟངས་འདི་ལྟ་བུ་ཞིག་གི་འོག བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་རང་སྟེང་དུའང་འཇིག་རྟེན་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཤིག་བྱུང་ཡོད།
༡ ཆོས་ལུགས་མི་སྣའི་ཁྲོད་མི་སྐྱའི་ཆ་ཤས་ཇེ་མང་དུ་གྱུར་པ།
༢ དགོན་སྡེའི་སྒྲིག་འཛུགས་རིམ་བཞིན་ཁེ་ཕན་ཅན་དང༌། དོ་དམ་བྱེད་སྟངས་མང་གཙོ་ཅན་བཅས་སུ་གྱུར་པ།
༣ དད་ལྡན་མི་མང་གི་འདུ་ཤེས་ཐད། དམིགས་ཡུལ་མངོན་འགྱུར་ཅན། རྣམ་པ་བར་མཚམས་ཅན། བླ་མར་བཀུར་བ་བཟང་སྤྱོད་ཅན་བཅས་ཀྱི་འགྱུར་བ་བྱུང༌།
དེ་ལྟ་ནའང༌། བོད་བརྒྱུད་ནང་བསྟན་གྱི་དམིགས་བསལ་རྒྱུད་འཛིན་བྱེད་སྟངས་རྐྱེན་གྱིས། ནང་ཆོས་དེ་བོད་ཁུལ་སྤྱི་དང་བོད་མི་སོ་སོ་སྤྱི་ཚོགས་ཅན་དུ་བསྒྱུར་བའི་བརྒྱུད་རིམ་ནང་ཁུལ་ཅན་དུ་བསྒྱུར་བར་མེད་ཐབས་མེད་པའི་ནང་དོན་ཞིག་ཏུ་གྱུར་པར་བརྟེན། བོད་བརྒྱུད་ནང་ལ་ནུས་ཤུགས་རྒྱ་ཆེན་ཞིག་ཡོད། ཡིན་ནའང༌། འགྱུར་ལྡོག་འདི་རིགས་ཀྱིས་མཐའ་མཇུག་ཆོས་ལུགས་ནང་ཁུལ་དབང་ཆའི་སྒྲོམ་གཞི་དང༌། དབང་ཆའི་བྱེད་ནུས་ཆེ་ཆུང་བཅས་ཀྱི་འཕོ་འགྱུར་འབྱུང་བའི་རྐྱེན་བྱས་ཏེ། ཆོས་ལུགས་ནང་ཁུལ་གྱི་སྒྲོམ་གཞི་དང༌། ཆོས་ལུགས་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་བཅས་བསྐྱར་དུ་སྙོམ་སྒྲིག་བྱེད་པ་ཡིན། གནས་སྟངས་གསར་པ་འདིའི་འོག བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་དབང་ཆ་དང་ས་གནས་དབང་ཆ་གཉིས་ལ་ལྟ་སྟངས་ཅི་ཞིག་འཛིན་དགོས་སམ། དགོན་སྡེ་དང་གྲྭ་བཙུན་ལ་དོ་དམ་ཇི་ལྟར་བྱ་དགོས་སམ།
སྤྱི་ཡོངས་ནས་བཤད་ན། མིག་སྔར་རྒྱལ་ཁབ་ཀྱིས་གནས་སྟངས་གསར་པའི་འགྱུར་ལྡོག་ཐོག་གྲ་སྒྲིག་དང་འགུལ་སྐྱོད་འདང་ངེས་ཤིག་མེད་སྟབས། བོད་བརྒྱུད་ནང་བསྟན་ཞེས་པའི་སྲོལ་རྒྱུན་ཐོན་ཁུངས་འདི་ཉིད་བེད་སྤྱོད་ནུས་ལྡན་བྱས་པ་བརྒྱུད་བོད་ཁུལ་གྱི་དེང་རབས་ཅན་ལ་སྐུལ་འདེད་ཇི་ལྟར་བྱེད་རྒྱུ་དང༌། མུ་མཐུད་འཕོ་འགྱུར་འབྱུང་བཞིན་པའི་གནས་སྟངས་གཞིར་བཟུང་སྲིད་བྱུས་སྙོམ་སྒྲིག་དང༌། རྒྱལ་ཁབ་དང་ཆོས་ལུགས་དབར་གྱི་འབྲེལ་བ་སྙོམ་སྒྲིག་བྱས་ཏེ་དགོས་པ་མེད་པའི་འདུ་ཤེས་འཛིན་སྟངས་ཀྱི་གདོང་ཐུག་ཇི་ལྟར་ཉུང་དུ་གཏོང་རྒྱུ། བོད་མི་རིགས་ཀྱི་ངོས་འཛིན་དང་བོད་མི་རང་ཉིད་མི་རིགས་དང་ཆོས་ལུགས་སྲིད་བྱུས་ཁྲོད་ཀྱི་གོ་ས་བསྐྱར་བཟོ་ཇི་ལྟར་བྱ་རྒྱུ་བཅས་ཀྱི་གནད་དོན་ཐོག་རྗེས་ལུས་ཚབས་ཆེན་ཐེབས་ཡོད། འདི་དག་ནི་མིག་སྔར་བོད་ཁུལ་དུ་འགལ་བ་བརྩེགས་མར་གྱུར་པའི་ཁྲོད་ནས་གལ་གནད་ཆེ་ཤོས་དེ་ཡིན།
དྲུག་པ། མཇུག་སྡོམ་དང་གྲོས་འདོན།
རྒྱལ་ཁབ་ཡུན་རིང་འཆམ་མཐུན་གཅིག་གྱུར་ཡོང་སླད། བོད་ཀྱི་ ༣་༡༤ དོན་རྐྱེན་ནི་ང་ཚོས་བསྐྱར་ཞིབ་གཏིང་ཟབ་བྱ་དགོས་པའི་གནད་དོན་ཞིག་ཡིན། གལ་ཏེ་ཕྱིའི་རྒྱུ་རྐྱེན་ཁོ་ནའི་ཐོག་ཤུགས་སྣོན་བརྒྱབ་སྟེ་ནང་ཁུལ་སྤྱི་ཚོགས་བདག་སྐྱོང་གི་སྒྲོམ་གཞིར་སྣང་ཆུང་བྱས་ཚེ། དེ་ནི་རྒྱལ་ཁབ་ཀྱི་ཕུགས་ཡུན་རིང་པོའི་ཁེ་ཕན་ལ་འགན་མ་ཁུར་བའི་བྱ་སྤྱོད་ཅིག་ཡིན། དེང་རབས་ཅན་གྱི་རྒྱབ་ལྗོངས་ཆེན་མོའི་འོག བོད་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ནའང༌། ཞིང་ཆེན་གཞན་དང༌། རྒྱལ་ཁབ་གཞན། བོད་ཁུལ་གྱི་མི་རིགས་གཞན་བཅས་ལ་བསྡུར་ན། རྗེས་ལུས་ཐེབས་པ་གསལ་པོ་ཡིན་པ་དང༌། ལྷག་པར་དུ་ཕྱི་ཡོང་མི་རིགས་མང་པོ་བོད་ཁུལ་དུ་ཡོང་ནས་རྒྱུ་ནོར་འབོར་ཆེན་ཐོབ་པ་མཐོང་འཕྲལ། རང་ཉིད་ལ་ལྟོས་འཇོག་གིས་བཤུ་བཞོག་དང་འཕྲོག་བཅོམ་བྱས་པའི་སེམས་ཚོར་ཞིག་ངང་ངམ་ཤུགས་ཀྱི་འབྱུང་ཞིང༌། དེ་དང་ཆབས་ཅིག་སྲོལ་རྒྱུན་གྱི་ཆོས་ལུགས་རིག་གནས་ལའང་དེང་རབས་ཅན་གྱི་ཤུགས་རྐྱེན་ཕོག་སྟེ། བོད་རིགས་གཞོན་སྐྱེས་མང་པོ་ཞིག་རྨོངས་ཐོམ་གྱི་གནས་སུ་གྱར་ཡོད། གནད་དོན་འདི་དག་ཚང་མའི་རྒྱབ་ཏུ་གནད་དོན་ཆེན་པོ་ཞིག་ཡོད་པ་ནི། ང་ཚོའི་རྒྱལ་ཁབ་བདག་སྐྱོང་ལམ་ལུགས་ལ་སྐྱོན་ཆ་ཡོད་པ་དེ་ཡིན། གོང་རིམ་ནས་འོག་རིམ་ལ་འབབ་པའི་དབང་ཆའི་འབྲེལ་བར་བརྟེན་ནས་བོད་རིགས་ལས་བྱེད་པ་ཁག་ཅིག་བཟོ་སྐྲུན་བྱས་ཡོད་པ་དེ་ཚོས། གོང་རིམ་ནས་བྱུང་བའི་དབང་ཆའི་ཐོན་ཁུངས་བེད་སྤྱོད་ཀྱིས། མི་རིགས་ས་ཁུལ་དུ་རྙོག་འཛིང་ཅན་གྱི་འབྲེལ་ལམ་གྱི་དྲ་བ་ཞིག་གསར་འཛུགས་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་རོགས་སྐྱོར་ཕལ་ཆེ་བ་ཁོ་ཚོའི་སྲིད་སྐྱོང་གི་བྱས་རྗེས་ངོམ་པའི་འཛུགས་སྐྲུན་ལས་འཆར་དང་མི་ཉུང་ཤས་ཤིག་གི་སྒེར་གྱི་རྒྱུ་ནོར་དུ་གྱུར་ཡོད། མི་དེ་ཚོས་མི་མང་ལ་གདོང་ཡག་པོ་གཏོད་ཐུབ་ཀྱི་མེད་ལ། དེང་རབས་ཅན་གྱི་བརྒྱུད་རིམ་ཁྲོད་ཡོད་པའི་བསམ་བློ་སྣ་མང་སྤྱི་ཚོགས་ལ་གདོང་ཡག་པོ་གཏོད་མི་ཐུབ་པའི་ཁར། རྒྱུན་དུ་སྤྱི་ཚོགས་ཀྱི་འགལ་བ་རྣོ་ངར་ཅན་དུ་བསྒྱུར་ཏེ། རང་གི་རྡོག་ཁྲེས་ཀྲུང་དབྱང་གིས་འཁུར་བར་རེ་སྒུག་བྱེད་ཀྱི་ཡོད། བོད་མི་དཀྱུས་མ་ཚོར་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་པའི་མྱོང་ཚོར་དང་བསྡུར་ན། བཤུ་གཞོག་དང་འཕྲོག་ལེན་བྱས་པའི་མྱོང་ཚོར་ཟབ་ཅིང་གསལ་བ་ཡོད་པས། བོད་མི་མང་པོ་ཞིག་གིས་ནང་སའི་ཞིང་ཆེན་གྱི་ཡུལ་མི་ནང་བཞིན་ས་གནས་དཔོན་རིགས་ལ་མི་དགའ་ས་ཧ་ཅང་མང༌། ལོ་གསོག་ཟླ་གསོག་བྱས་པའི་རྨོངས་འཐོམ་དང་ཁོང་ཁྲོའི་ཐོག་ཆོས་ལུགས་སོགས་ཕྱིའི་ནུས་ཤུགས་ཀྱིས་སློང་རྐྱེན་བྱས་སྟབས། ༣་༡༤ དོན་རྐྱེན་བྱུང་བ་རེད།
ང་ཚོའི་བསམ་ཚུལ་ལྟར་ན། མིག་སྔར་མི་ཁ་ཤས་ཀྱིས་བརྗོད་པའི་བོད་རྩ་མེད་གཏོང་བའི་དངོས་ཡོད་ནི་གཞི་རྩ་མེད་པར་འདོད། རྒྱ་བོད་གཉིས་ཀྱི་འབྲེལ་བ་གཙོ་ཆེ་བ་ཀུན་སློང་བཟང་པོའི་ཐོག་གནས་ཡོད། འོན་ཀྱང༌། བོད་ཁུལ་དུ་ ༣་༡༤ ཟིང་འཁྲུག་བྱུང་བ་བརྒྱུད། ང་ཚོས་མཐོང་གསལ་ཞིག་ལ། བོད་ཁུལ་གྱི་སྤྱི་ཚོགས་ཁྲོད་འགལ་བ་དང་དཀའ་ངལ་སྣ་ཚོགས་འབུར་ཐོན་བྱུང་ཡོད། ང་ཚོས་རྟོག་ཞིབ་དང་དཔྱད་ཡིག་ཕྱོགས་སྒྲིག་གི་ལམ་ནས་དཀའ་གནས་འདི་རིགས་དང༌། བོད་ཁུལ་མི་མང་གི་འཚོ་གནས་ཀྱི་གནས་སྟངས་བཅས་རྒྱུས་ལོན་ཡོང་ཐབས་བྱས་ཡོད། སྙན་ཞུ་འདིས་སྨྱུག་སྦུག་ནས་རྒྱལ་ཁམས་བལྟ་བ་ཟེར་བའི་དཔེ་བཞིན་གནས་ཚུལ་ཟུར་གཅིག་མཚོན་པ་མ་གཏོགས། བོད་ཁུལ་གནད་དོན་གྱི་ཕྱོགས་ངོས་ཡོད་ཚད་ལ་ཁྱབ་ཐུབ་མེད་ངེས་ཡིན། འོན་ཀྱང༌། འདིར་འབད་རྩོལ་ཡོད་ཚད་”རྒྱུས་ལོན་”ཞེས་པའི་གཞི་རྩའི་དམིགས་ཡུལ་གཅིག་གི་སྟེང་སྤུངས་ཡོད། བོད་ཁུལ་གྱི་འཕོ་འགྱུར་ཁྲོད་རྒྱུས་ལོན་བྱེད་དུ་འགྲོ་བ་དང་ཆབས་ཅིག སྔར་བས་གཏིང་ཟབ་ཅིང༌། སྔར་བས་རྒྱ་ཆེ་བའི་བགྲོ་གླེང་གི་མགོ་རྩོམ་ཐུབ་པའི་རེ་བ་ཡོད།
ང་ཚོས་འབོད་སྐུལ་ཞུ་རྒྱུར། མི་རིགས་ཕན་ཚུན་དབར་གྱི་འབྲེལ་བ་དེ་”མཐུན་སྒྲིལ། རོགས་ཕན། མཉམ་གནས། འགྲོ་བ་མི་གཞི་རྩར་གྱུར་པ་”དགོས་ལ། “མི་རིགས་མང་པོ་ཐུན་མོང་གིས་མཐུན་སྒྲིལ་ལ་ཧུར་བརྩོན་བྱེད་པ་དང༌། ཐུན་མོང་གིས་འཛུགས་སྐུན་བྱེད་པ། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བ། གྲུབ་འབྲས་མཉམ་སྤྱོད་བྱེད་པ་”བཅས་སོ། ། འདིའི་སྔོན་འགྲོའི་ཆ་རྐྱེན་ནི། སྲིད་གཞུང་གིས་བོད་ཁུལ་མི་མང་གི་སྤྱི་དམངས་ཀྱི་གོ་གནས་ངོས་ཟིན་པའི་ཐོག བོད་རིགས་མང་ཚོགས་ཀྱི་ཁེ་ཕན་ཁག་ཐེག་བྱེད་ཐུབ་པ། བསམ་བློའི་རིགས་ལམ་ཐད་དེང་རབས་ཅན་ལ་མགྱོགས་མྱུར་ངང་བསྐྱོད་པའི་དུས་རིམ་ཁྲོད་ཀྱི་བོད་ས་ཁུལ་གྱི་དངོས་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་དང་འཚམ་པ། མིག་སྔའི་གཞུང་ལུགས་ཀྱི་འཆིང་རྒྱ་ལས་བརྒལ་ཏེ། མིག་རྒྱང་རིང་པོར་བལྟ་བ། སྲིད་བྱུས་ཀྱི་བཀག་རྒྱ་བརྟོལ་བ་བཅས་ལ་རེ་སྒུག་བྱེད་བཞིན་ཡོད།
རྟོག་ཞིབ་ཚོགས་ཆུང་གིས་ ༣་༡༤ དོན་རྐྱེན་གྱི་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ལ་ཆེད་དུ་རྟོག་ཞིབ་བྱས་པ་བརྒྱུད། གཤམ་གསལ་གྲོས་གཞི་འདོན་རྒྱུ།
༡། བོད་མི་དཀྱུས་མའི་སྐད་ཆར་ནན་ཏན་གྱིས་ཉན་དགོས། བོད་མིའི་ཁེ་ཕན་སྣ་ཚོགས་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱས་པའི་རྨང་གཞིའི་ཐོག བོད་ཁུལ་གྱི་སྲིད་བྱུས་དང་རིགས་ལམ་སྙོམ་སྒྲིག་བྱ་དགོས། བོད་ཀྱི་ཁྱད་ཆོས་དང་འཚམ་ཤིང༌། བོད་མིའི་འདོད་མོས་དང་མཐུན་པའི་འཕེལ་རྒྱས་ཀྱི་སྲིད་བྱུས་གཏན་འབེབས་བྱ་དགོས།
༢། བོད་ཁུལ་གྱི་དཔལ་འབྱོར་སྒྲོམ་གཞི་ལུགས་མཐུན་འཕེལ་རྒྱས་ཡོང་བར་སྣེ་འཁྲིད་བྱ་དགོས། བོད་མི་ཡོངས་རྫོགས་ལ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁེ་ཕན་དང་གོ་སྐབས་འདྲ་མཉམ་དང༌། འདང་ངེས་ཡོང་ཐབས་ཐད་དམིགས་བསལ་ཡིད་འཇོག་བྱ་དགོས། ས་གནས་རང་གི་དཔལ་འབྱོར་སྟོབས་ཤུགས་གསོ་སྐྱོང་བྱ་བར་མཐོང་ཆེན་བྱ་དགོས། རོགས་སྐྱོར་སྐབས་འགྱུར་ལྡོག་གི་གནས་ཚད་ཧ་ཅང་ཆ་སྙོམས་མ་ཡིན་པའི་གནས་ཚུལ་ལ་ཡིད་འཇོག་དང༌། བོད་ཀྱི་ས་ཁུལ་ནང་གྲོང་ཁྱེར་དང་གྲོང་གསེབ་དབར་དབུལ་ཕྱུག་གི་ཧེ་བག་ཆུང་དུ་གཏོང་དགོས། བོད་སྐྱོར་ལས་རིམ་གྱི་ཁྱབ་ཚད་དེ་བོད་ལྗོངས་ཕྱི་རོལ་གྱི་བོད་རིགས་རང་སྐྱོང་ས་ཁུལ་ལ་རྒྱ་བསྐྱེད་དགོས། མ་དངུལ་རོགས་རམ་དང༌། ལག་རྩལ་རོགས་རམ། མིའི་ནུས་ཤུགས་རྒྱབ་སྐྱོར་བཅས་ཕྱོགས་གསུམ་མཉམ་འབྲེལ་གྱི་དཔལ་འབྱོར་གོང་སྤེལ་གཏོང་ཕྱོགས་མུ་མཐུད་པའི་ལམ་ནས་ཕྱིའི་མ་རྩ་འགུགས་འདྲེན་བྱ་བའི་དུས་མཉམ། ས་གནས་ཀྱི་ཐོན་ལས་ལ་སྲུང་སྐྱོབ་གང་ལེགས་བྱ་དགོས། ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རའི་ཕྱོགས་སུ། བོད་མི་ཚོའི་ལས་ཞུགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་དགོས། བོད་ཁུལ་གྱི་ཞིང་འབྲོག་ས་ཁུལ་ལ་ཆེད་དམིགས་མི་སྒེར་ལ་ཕན་པའི་རོགས་སྐྱོར་དང་ཁག་ཐེག་བྱ་དགོས།
༣། མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་བྱུས་ལག་ལེན་དོན་འཁྱོལ་བྱ་དགོས། ས་གནས་དབང་ཆའི་སྒྲོམ་གཞིར་ནུས་པ་ལྡན་པའི་རྟོག་ཞིབ་ཀྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ། དབང་ཆའི་སྒྲོམ་གཞི་དམངས་གཙོ་ཅན་དུ་བསྒྱུར་རིམ་ལ་ཤུགས་སྣོན་རྒྱག་དགོས། བོད་ཁུལ་སྲིད་གཞུང་ཁག་ཏུ་བྱུང་བའི་རུལ་སོང་དང༌། སྲིད་སྐྱོང་གི་ནུས་ཚད། དབང་ཆ་ཐལ་སྤྱོད་སོགས་རང་ཡན་མི་འཇོག་པ། ལྷག་པར་ཁ་བྲལ་ལ་ངོ་རྒོལ་ཟེར་བའི་མིང་གཡར་ནས་ས་གནས་ཀྱི་སྤྱི་ཚོགས་གནད་དོན་མགོ་གནོན་བྱེད་པའི་རིགས་ལ་དྲག་རྡུང་བྱ་དགོས། སྔར་ལས་ལུགས་མཐུན་དང་མང་གཙོའི་ཁྱད་ཆོས་ལྡན་པའི་སྒོ་ནས་བོད་རིགས་ལས་བྱེད་འདེམས་སྒྲུག་གི་སྲིད་བྱུས་གཏན་འབེབས་བྱས་ཏེ། ད་ཡོད་ཀྱི་ལས་བྱེད་སྒྲོམ་གཞི་ཡར་རྒྱས་གཏོང་དགོས།
༤། བོད་རིགས་གཞོན་སྐྱེས་ཚོའི་འཚོ་གནས་ཀྱི་གནས་སྟངས་ལ་དོ་སྣང་བྱས་ཏེ། ལྷག་བསམ་ཆེན་པོའི་སྒོ་ནས་མིག་སྔར་བོད་ཀྱི་སློབ་གསོའི་གནད་དོན་སྤྱི་དང༌། ཁྱད་པར་གྲོང་གསེབ་དང་ཞིང་འབྲོག་མི་རིགས་སློབ་གསོའི་གནད་དོན་ཐག་གཅོད་བྱ་དགོས། གུན་གསབ་དང་འཁྲིད་སྟོན་བྱེད་པའི་ལམ་ནས་སློབ་ལོ་རན་པའི་བྱིས་པ་སྐོང་འགུགས་ཀྱིས་ལོ་དགུའི་འོས་འགན་སློབ་གསོ་མཇུག་སྐྱོང་ཡོང་ཐབས་བྱ་དགོས། བོད་ཁུལ་གྱི་མཐོ་རིམ་ཤེས་ལྡན་པ་གསོ་སྐྱོང་ལམ་ལུགས་མུ་མཐུད་བདག་སྐྱོང་དང་སྐུལ་མ་བཏང་སྟེ། མཐོ་འབྲིང་ཆེད་ལས་སློབ་གྲྭའི་སློབ་མའི་ཆེད་ལས་ཤེས་ཚད་གནས་བབ་བཟང་པོར་བསྒྱུར་ཐབས་བྱ་དགོས། བོད་ཁུལ་གྱི་གཞི་རིམ་ལས་རིགས་ལག་རྩལ་སློབ་གསོའི་ཆ་ལག་མགྱོགས་མྱུར་འཐུས་ཚང་གཏོང་བ། ཤར་ཕྱོགས་ཞིང་ཆེན་གྱི་སློབ་གྲྭ་དང་མཉམ་འབྲེལ་གྱིས་སློབ་གྲྭ་འཛུགས་པའི་ཐབས་ལམ་སྤྱད་དེ། བོད་རིགས་སློབ་མ་རྣམས་ཕྱིར་བསྐྱོད་ཐུབ་པ་བཟོ་དགོས། ཚན་རྩལ་ཅུང་ཚད་མཐོ་དགོས་པའི་ལག་རྩལ་སྦྱོང་བརྡར་དང༌། བོད་ཁུལ་གྱི་ཐོན་སྐྱེད་ལག་རྩལ་སྦྱོང་བརྡར་ཐོག་ཤུགས་སྣོན་སྔར་ལྷག་བརྒྱབ་སྟེ། བྱང་རྩལ་ལྡན་པའི་ལག་རྩལ་པ་གསོ་སྐྱོང་བྱ་དགོས། བོད་རིགས་གཞོན་སྐྱེས་རྣམས་ལས་ཞུགས་དང་ལས་རིགས་གསར་གཏོད་སྐབས་འཕྲད་པའི་དཀའ་ངལ་དང་བཀག་རྒྱ་གཙང་སེལ་བྱ་དགོས། སློབ་གྲྭའི་སློབ་གསོའི་ནང༌། བོད་མི་རིགས་ཀྱི་རིག་གནས་ལོ་རྒྱུས་དང་འཚམ་པའི་སློབ་གསོའི་ནང་དོན་དང༌། སྤྱི་དམངས་འདུ་ཤེས་གསོ་སྐྱོང་སྐོར་གྱི་ནང་དོན་བཅས་ལ་དམིགས་བསལ་མཐོང་ཆེན་གྱིས་ཤུགས་སྣོན་རྒྱག་དགོས། ངེས་པར་དུ་སློབ་གསོ་དང་སྦྱོང་བརྡར་ནི་བོད་ཁུལ་གྱི་དུས་ཡུན་རིང་པོའི་གནད་དོན་ཐག་གཅོད་ཁྲོད་གལ་འགངས་ཆེ་ཤོས་སུ་བརྩི་དགོས།
༥། བོད་མིའི་ཆོས་ལུགས་རང་མོས་ལ་བརྩི་བཀུར་དང་ཁག་ཐེག་འདང་ངེས་བྱས་ཏེ། རྒྱུན་ལྡན་ཆོས་ལུགས་ཀྱི་འཚོ་བ་དང་བྱེད་སྒོ་བསྐྱར་གསོ་དང་རྒྱུན་འཁྱོངས་བྱ་དགོས། ཆོས་ལུགས་དང་ཆོས་ལུགས་འཚོ་བ་ནི་བོད་ཁུལ་དང་བོད་མིར་མཚོན་ན་དོན་སྙིང་ཆེན་པོ་ཡོད་པ་ངོས་ཟིན་འདང་ངེས་དགོས། རིག་གནས་དང་ཆོས་ལུགས་ཀྱི་ཕྱོགས་ནས། གནས་བབ་དང་བསྟུན་པའི་འཁྲིད་སྟོན་བྱེད་པ་དང༌། ཆོས་ལུགས་ཀྱི་དབང་ཤུགས་དང་བྱེད་ནུས་ལ་ཡིད་འཇོག་བྱ་དགོས། རྒྱུན་ལྡན་ཆོས་ལུགས་ཀྱི་འདུ་འཛོམས་དང༌། ཕྱོགས་བསྐྱོད་སློབ་གཉེར། འཆད་ཉན། རྒྱུགས་འཕྲོད་སོགས་ཀྱི་བྱེད་སྒོར་བརྩི་བཀུར་དང་བསྐྱར་གསོ་བྱ་དགོས། དྲིལ་བསྒྲགས་ལས་དོན་སྤེལ་སྐབས། བོད་མིའི་ཆོས་ལུགས་ཀྱི་བརྩེ་དུང་ལ་སྲུང་སྐྱོབ་དང་བརྩི་བཀུར་འདང་ངེས་བྱ་དགོས།
༦། བོད་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་སྐབས། རིགས་ལམ་བསྒྱུར་བཅོས་གཏོང་དགོས་ལ། སྔར་ལས་ལྷག་པའི་ཧུར་སེམས་དང་རྣམ་དཔྱོད་ལྡན་པའི་ཐབས་ལམ་དང་རིགས་ལམ་བེད་སྤྱོད་གཏོང་དགོས། གོ་སྐོན་དང༌། རྒྱུས་ལོན། འབྲེལ་འདྲིས་གཙོ་བྱས་པའི་རིགས་ལམ་ལ་བརྟེན་ནས། མི་རིགས་དབར་ནོར་འཁྲུལ་གྱི་ལྟ་ཚུལ་དང༌། བར་ཐག གནོད་འཚེ་བཅས་ཉུང་དུ་གཏོང་ཐབས་བྱ་དགོས། གློ་བུར་བྱུང་བའི་དོན་རྐྱེན་ཐག་གཅོད་བྱེད་སྐབས། གོང་རིམ་ནས་འོག་རིམ་བར་ཚད་ལས་བརྒལ་བའི་རྣམ་འགྱུར་དྲག་པོ་སྟོན་རྒྱུར་འགྱུར་བ་བཏང་སྟེ། རྣམ་དཔྱོད་ལྡན་པའི་སྒོ་ནས་བོད་ཁུལ་གྱི་ཧུར་བརྩོན་སྟོབས་ཤུགས་དཔེར་ན་ཆོས་ལུགས་ཀྱི་སྟོབས་ཤུགས་ལྟ་བུ་བཀོད་འདོམས་བྱས་ཏེ་ཐག་གཅོད་བྱ་དགོས།
༧། ཁྲིམས་དང་ལྡན་པའི་སྒོ་ནས་བོད་ཁུལ་བདག་སྐྱོང་བྱེད་པར་བསྐུལ་འདེད་བྱ་དགོས། བོད་རང་སྐྱོང་ལྗོངས་དང་རང་སྐྱོང་ས་ཁུལ་གཞན་རྣམས་ཀྱི་རང་སྐྱོང་སྒྲིག་གཞིས་མཚོན་པའི་ཁྲིམས་ལུགས་ཁྲིམས་སྲོལ་རྣམས་དངོས་སུ་ལག་བསྟར་བྱས་ཏེ། གྲངས་ཉུང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་སྲོལ་ཁྱབ་བསྒྲགས་བྱས་པ་ནས་ད་བར་ལག་ལེན་མ་བསྟར་བའི་དེང་སྐབས་ཀྱི་གནས་སྟངས་བསྒྱུར་བཅོས་གཏོང་དགོས། གལ་གནད་ཆེ་བའི་ཐོན་ཁུངས་ཀྱི་བདག་དབང་དང༌། ཐོན་ཁུངས་བཀོལ་སྤྱོད་ཀྱི་དབང་ཆ་སྐོར་གྱི་ཁྲིམས་སྲོལ་གཏན་འབེབས་བྱ་དགོས། བོད་ཁུལ་གྱི་ཕྱོགས་སོ་སོའི་ཁྱད་ལས་པ་རྣམས་བོད་ཁུལ་གྱི་སྲིད་བྱུས་ལ་བགྲོ་གླེང་དང་གྲོས་འདོན་ཁྲོད་ཞུགས་པར་སྐུལ་འདེད་བྱ་དགོས།
༨། མི་རིགས་མཐུན་སྒྲིལ་གྱི་གནས་སྟངས་རྒྱུན་འཁྱོངས་དང་དྲིལ་བསྒྲགས་བྱེད་པ་དང༌། བོད་ཁུལ་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་བཅས་དྲིལ་བསྒྲིགས་བྱེད་པ་བཅས་ཀྱིས། འདས་པའི་ཆར་སྔོན་གྱི་ཞིང་བྲན་ལམ་ལུགས་སྐོར་འུད་སྒྲོག་བྱེད་པའི་ཚབ་བྱེད་དགོས། འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་མཚོན་བྱེད་པ་དང་ཆབས་ཅིག བོད་ཁུལ་གྱི་གདོང་དུ་འཕྲད་པའི་སྤྱི་ཚོགས་ཀྱི་གནད་དོན་སྐོར་སྦ་གསང་མེད་པར་དྲང་བརྗོད་བྱེད་པ་དང༌། ཁ་བྲལ་དང་མི་རིགས་འཁོན་འཛིན་རིང་ལུགས་ལག་འབྲེལ་ཡོང་བར་དོགས་ཟོན་བྱ་དགོས།
༩། ཉེན་ཚབས་ཅན་གྱི་གནད་དོན་ཐག་གཅོད་བྱེད་སྐབས་ཐོག་མར་སྤྱི་ཚོགས་ཀྱི་གནད་དོན་དང༌། དཔལ་འབྱོར་གྱི་གནད་དོན། ཆོས་ལུགས་ཀྱི་གནད་དོན་སོགས་སོ་སོར་དབྱེ་འབྱེད་བྱ་དགོས། ཚོར་བ་རྣོ་བའི་དོན་རྐྱེན་རྣམས་”ཚོར་ཤུགས་གཅོག་ཐབས་”ཀྱིས་ཐག་གཅོད་ཡོང་བར་འབད་དགོས།
ཟུར་སྦྱར།
དང་པོ། ཨ་མདོ་དང་དབུས་གཙང་ས་ཁུལ་གྱི་རིག་གནས་ལོ་རྒྱུས་རྒྱབ་ལྗོངས་ལ་ཕྱིར་ལྟ་བྱེད་པ།
ཨ་མདོའི་ས་ཁུལ་དང་དབུས་གཙང་ས་ཁུལ་ཞེས་པའི་དབྱེ་སྟངས་ནི། བོད་རིགས་སྤྱི་ཚོགས་ཀྱི་ས་གནས་རང་བཞིན་གྱི་བར་སྟོང་གི་གོ་དོན་ཞིག་ཡིན། གནའ་རབས་ནས་བཟུང༌། ཨ་མདོའི་ས་ཁུལ་ནི་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་ས་ཞིག་ཡིན། ཐང་རྒྱལ་རབས་ཀྱི་སྐབས་སུ་ཐུ་བྷོད་ཀྱིས་སྟོང་ཆུ་དང༌ Longyou ས་ཁུལ་བཟུང་བ་ནས་བཟུང༌། ས་ཁུལ་འདིར་གནས་སྤོས་ཀྱིས་སླེབས་པའི་ཐུ་བྷོད་ཚོ་ཁག་དང༌། ནུབ་འཇང༌། འ་ཞ་སོགས་མི་རིགས་མང་པོ་མུ་མཐུད་འབྲེལ་འདྲིས་དང༌། རྒྱ་རིགས་དང་སོག་རིགས་སོགས་མི་རིགས་ཀྱི་གྲུབ་ཆའང་བསྡུས་པའི་རྨང་གཞིའི་ཐོག ཨ་མདོ་ས་ཁུལ་གྱི་བོད་རིགས་གྲུབ་པ་རེད། བོད་མི་འདུས་སྡོད་ས་ཁུལ་གྱི་ས་ཁམས་ཀྱི་གོ་བའི་ཐོག་ནས་ཆིང་རྒྱལ་རབས་ཀྱི་སྐབས་སུ་ས་ཁུལ་ཆེན་པོ་གསུམ་དུ་གསལ་པོར་དབྱེ་ཡོད། དེ་དག་ནི་མངའ་རིས་གུང་ཐང་མན་ནས་སོག་ལ་སྐྱ་བོ་ཡན་བར་ཀྱི་ས་ཁུལ་ལ་དབུས་གཙང་ཆོས་ཀྱི་ཆོལ་ཁ་ཟེར། རྨ་ཆུའི་ཁུགས་པ་ཡན་ཆད་ཀྱི་ས་ཁུལ་ལ་མདོ་སྟོད་མིའི་ཆོལ་ཁ་ཟེར། དེ་ནས་རྒྱ་ཡུལ་མཆོད་རྟེན་ཐང་ཡན་གྱི་ས་ཁུལ་གྱི་བོད་མི་འདུས་སྡོད་ལ་མདོ་སྨད་རྟའི་ཆོལ་ཁ་ཟེར། རི་རྒྱུད་དང་ཆུ་ཀླུང་གི་ཐོག་ནས་ས་ཁུལ་གྱི་བར་སྣང་གི་ཚད་གཞི་ཁག་བགོས་བྱེད་སྟངས་འདིའི་ཐོག་ནས་ས་ཁུལ་ཕན་ཚུན་དབར་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་བསྟན་ཡོད། བོད་བརྒྱུད་ནང་བསྟན་གྱི་མགོ་ཁུངས་དང་གནས་མཆོག་ཡིན་པའི་ཆ་ནས། དབུས་གཙང་ལ་ཆོས་ཀྱི་ཞིང་ཁམས་ཞེས་པའི་མཚན་སྙན་ཐོགས་པ་དང༌། དབུས་གཙང་ས་ཁུལ་ནི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེ་ཞིང་དར་ཡུན་རིང་བའི་གནས་སུ་གྲགས། མདོ་ཁམས་ཀྱི་མི་རྣམས་ཞི་དྲག་ཟུང་ལྡན་དང༌། གཟུགས་བྱད་ལང་ཚོ་མཛེས་པའི་གྲགས་སྙན་བོད་ཡུལ་ཀུན་ཏུ་ཁྱབ་ཡོད་པས། མདོ་སྟོད་ས་ཁུལ་ལ་མི་ཡི་ཆོལ་ཁ་ཞེས་པའི་མཚན་སྙན་ཆགས། ཨ་མདོ་ས་ཁུལ་ནི་དར་རྒྱས་ཆེ་བའི་མཐོ་སྒང་གི་འབྲོག་ལས་ལ་བརྟེན་ནས་མིང་འདོགས་བྱས་ཡོད། ས་ཁུལ་དེའི་འབྲོག་ལས་རིག་གནས་ལ་རྟའི་སྒོ་ནས་ཚབ་མཚོན་བྱས་ཡོད། དེ་དང་ཆབས་ཅིག བོད་ཡུལ་གྱི་ས་ཁུལ་ཆེན་པོ་གསུམ་ནི་རིག་གནས་མཚོན་རྟགས་ལ་བརྟེན་ནས་ས་ཁུལ་གྱི་གོ་དོན་ཆགས་ཡོད། དཔེར་ན། ལྷ་སའི་ཡུལ་སྐད་གཙོ་བོར་གྱུར་པའི་ས་ཁུལ་དང༌། ཁམས་ཀྱི་ཡུལ་སྐད་གཙོ་བོར་གྱུར་པའི་ས་ཁུལ། ཨ་མདོའི་ཡུལ་སྐད་གཙོ་བོར་གྱུར་པའི་ས་ཁུལ་བཅས་སོ། །
ཨ་མདོ་ས་ཁུལ་གྱི་ས་ཁམས་ཁྱབ་ཚད་ནི། མཚོ་སྔོན་གྱི་བོད་རིགས་ས་ཁུལ་དང༌། ཀན་སུའུའི་ལྷོ་ནུབ་ཀྱི་བོད་རིགས་ས་ཁུལ། ཟི་ཁྲོན་ནུབ་བྱང་གི་བོད་རིགས་ས་ཁུལ་བཅས་འདུས་ཡོད། ས་གནས་རང་ངོས་ནས་ངོས་འཛིན་བྱས་པའི་ཨ་མདོའི་བར་སྣང་གི་གོ་དོན་འདི་ནི་དུས་ཡུན་རིང་པོའི་ཁྲོད་ནས་གྲུབ་ཅིང༌། ས་གནས་ཡུལ་མི་ཡོངས་རྫོགས་ཀྱི་ངོས་འཛིན་ཐོབ་སྟེ་ཨ་མདོ་བ་ཞེས་འབོད། ཡིན་ནའང༌། ཨ་མདོ་བ་ཞེས་པའི་ངོས་འཛིན་འདི་ལ་བརྟེན་ནས་ས་ཁུལ་འདིའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཧྲིལ་པོ་ཞིག་གྲུབ་མེད། དབུས་གཙང་ས་ཁུལ་དུ་བྱུང་བའི་གཅིག་གྱུར་གྱི་རྒྱལ་པོའི་དབང་ཤུགས་དང་མི་འདྲ་བར། ཨ་མདོ་ས་ཁུལ་དུས་ཡུན་རིང་པོར་ལྷག་ལུས་བྱུང་ཡོད་པ་ནི་ཚོ་ཁག་མནའ་འབྲེལ་གྱི་ལམ་ལུགས་དེ་ཡིན། འབྲོག་སྡེ་མི་འདྲ་བ་ཕན་ཚུན་དབར་བརྒྱུད་ལམ་སྣ་ཚོགས་ལ་བརྟེན་ནས་གཅིག་གམ་ཁ་ཐོར་གང་རུང་དུ་གྱུར་ཡོད་པས། སྒྲིག་འཛུགས་ཁག་གི་གྲུབ་སྟངས་འདྲ་མིན་སྣ་ཚོགས་ཡོད།
དབུས་གཙང་ས་ཁུལ་གྱིས་ཨ་མདོ་ས་ཁུལ་ཐོག་ཐེབས་པའི་ཤུགས་རྐྱེན་ནི་དུས་སྐབས་མང་ཆེ་བར་ཆོས་ལུགས་ཀྱི་རྣམ་པའི་ཐོག་ནས་བྱུང་ཡོད།
ཐུ་བྷོད་རྒྱལ་རབས་མཇུག་སྒྲིལ་བ་དང་ཆབས་ཅིག ཨ་མདོའི་བོད་ཁུལ་གྱི་ཚོ་ཁག་ལམ་ལུགས་དེ་བོན་ཆོས་ཀྱི་ཤུགས་རྐྱེན་འོག་མུ་མཐུད་ཤུགས་ཆེར་གྱུར་ཡོད། གཉའ་ཁྲི་བཙན་པོ་ནས་ཁྲི་སྲོང་ལྡེའུ་བཙན་བར་རྒྱལ་རབས་ཉི་ཤུ་རྩ་དྲུག་གིས་རྒྱལ་སྲིད་བོན་གྱིས་བསྐྱངས་ཡོད། འོན་ཀྱང༌། བོན་ཆོས་ནི་ཆོས་ལུགས་གཅིག་གྱུར་ཅན་ཞིག་མ་ཡིན་པར། ས་ཁུལ་གྱི་ཚད་བཀག་ལ་བརྟེན་ནས་ས་གནས་མི་འདྲ་བའི་ཁྱད་ཆོས་ལྡན་པའི་ལྷ་མང་ཁྱིམ་གཞི་ཞིག་གྲུབ་ཡོད། བོན་ཆོས་ནང༌། “རང་གི་ཚོ་པའི་ལྷ་དེ་ཚོ་པ་རང་གི་མི་རྣམས་ལ་འབྲེལ་བ་དམ་ཟབ་ཡོད་པ་ལས། ཚོ་པ་གཞན་གྱི་ཁྱབ་ཁོངས་བྱ་དངོས་ལ་ཐེ་བྱུས་མི་བྱེད་པ་ཡིན།” བོན་ཆོས་ཀྱི་ཤུགས་རྐྱེན་འོག་གཅིག་གྱུར་གྱི་ཆབ་སྲིད་ཕུང་པོ་མཇུག་སྒྲིལ་རྗེས། ཨ་མདོ་ས་ཁུལ་གྱི་ཚོ་ཁག་སོ་སོ་ཡུལ་ལྷ་མཆོད་བཀུར་བྱ་རྒྱུ་དེ་སྲོལ་རྒྱུན་ཐོན་ཁུངས་གཙོ་བོར་བྱེད་པའི་ཚོ་ཁག་ལམ་ལུགས་དེ་མུ་མཐུད་ཤུགས་ཆེར་གྱུར་ཏེ། རང་སྲིད་རང་སྐྱོང་གི་ཁ་འཐོར་གྱི་རྣམ་པ་གྲུབ་བོ། །
ཀྲུང་དབྱང་རྒྱལ་རབས་རིམ་པས་ཨ་མདོ་ས་ཁུལ་ལ་དབང་སྒྱུར་དང་བདག་སྐྱོང་དེ་ཡོན་རྒྱལ་རབས་ཀྱི་རྗེས་དང༌། ཁྱད་པར་མིང་རྒྱལ་རབས་ཀྱི་མགོ་སྟོད་ནས་མགོ་བཙུགས་ཡོད། མིང་རྒྱལ་རབས་ཀྱིས་ཨ་མདོ་བོད་ཁུལ་གྱི་ཤར་ཕྱོགས་དང༌། བྱང་ཕྱོགས་ས་ཁུལ་དུ་དམག་སྲིད་ཟུང་འབྲེལ་གྱི་བདག་སྐྱོང་ཐབས་ལམ་ལག་བསྟར་བྱས་ཏེ། རྒྱ་ནག་ནང་ས་”འགེབས་སྲུང་”དང༌། “ཞི་འགུགས་”བྱེད་པའི་དམིགས་ཡུལ་བཟུང་ཡོད། རྒྱལ་རྒྱུད་རྒྱལ་ཁབ་ཀྱི་སྟོབས་ཤུགས་དེ་ཨ་མདོ་ས་ཁུལ་ནང་སིམ་འཛུལ་བྱུང་ཡོད་ནའང༌། ཡུལ་དཔོན་ལམ་ལུགས་ནི་སྔར་བཞིན་གཞི་རྩའི་དབང་སྒྱུར་ལམ་ལུགས་སུ་གྱུར་ཏེ། རྫོང་ཁག་དང་ལས་ཁང་སོགས་ཀྱིས་ས་གནས་ལ་རྟོག་ཞིབ་དང༌། ས་གནས་སྲུང་འགོག་བྱེད་པའི་ནུས་པ་ལས་ཐོན་གྱི་མེད། ཡུལ་དཔོན་ལམ་ལུགས་འདི་རིགས་ཀྱང་གཙོ་བོ་སྔར་བཞིན་ཚོ་ཁག་རྨང་གཞིར་གྱུར་ཡོད་པ་དང༌། ཚོ་ཁག་སྒྲིག་འཛུགས་གཞི་རྩར་གྱུར་ཡོད། གཞན་ཡང་ཡོན་རྒྱལ་རབས་ཀྱི་སྐབས་བོད་བརྒྱུད་ནང་བསྟན་གྱི་ས་སྐྱ་པའི་ཆོས་རྒྱུད་འབུར་ཐོན་བྱུང་སྟེ། ཨ་མདོ་ས་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་ཡོད། གནས་སྟངས་འདི་ལ་བསྟུན་ཐབས་སླད། མིང་རྒྱལ་རབས་ཀྱིས་ཨ་མདོ་ས་ཁུལ་དུ་མཐོ་རིམ་བཙུན་པ་མང་པོར་འཇའ་ས་གནང་བ་དང༌། བཙུན་པའི་ཁྲིམས་སྐྱོང་ལམ་ལུགས་ལག་བསྟར་བྱས་ཏེ། རིམ་གྱིས་”གོ་ཤྲི་དབུ་བླ་དང༌། བཙུན་པའི་སློབ་དཔོན་གྱིས་རྫོང་དཔོན་ལྟར་འབངས་མི་དོ་དམ་བྱེད་པའི་”གནས་སྟངས་བྱུང༌། དེ་ནས་བཟུང༌། སྲོལ་རྒྱུན་གྱི་ཚོ་ཁག་ལམ་ལུགས་ཙམ་དུ་མ་ཟད། སྤྱི་ཚོགས་ཀྱི་སྒྲིག་འཛུགས་ལམ་ལུགས་གསར་པ་ཞིག་བྱུང་ཡོད།
མིང་རྒྱལ་རབས་ཀྱི་མཇུག་དང་ཆིང་རྒྱལ་རབས་ཀྱི་མགོར། སོག་པོ་ཚོ་ཁག་མང་པོ་ཞིག་གཞི་རྒྱ་ཆེ་བའི་སྒོ་ནས་ཨ་མདོ་ས་ཁུལ་དུ་འཛུལ་ཏེ། བོད་དང༌། ཧོར་སོགས་མི་རིགས་དུ་མ་ཞིག་སོག་པོའི་དབང་སྒྱུར་འོག་བཅུག་པས། ས་ཁུལ་དེར། ཡང་ན་བླ་མར་ཞིང་རྨོད། ཡང་ན་མཚོ་སྔོན་གྱི་ཁོངས་སུ་འཛུལ་ནས་འདབས་ཁྲལ་སྤྲོད། སོག་པོ་ཁོ་ན་མ་གཏོགས། ཐིང་དང༌། ཝི་དང༌། ཡིན་དང༌། ཝུ་སོགས་ཟེར་བའི་དཔོན་རིགས་ཡོད་པ་མི་ཤེས། ཟེར་བའི་གནས་སྟངས་ཤིག་བྱུང༌། ༡༧༢༣ ལོར། ཆིང་རྒྱལ་རབས་ཀྱིས་བློ་བཟང་བསྟན་འཛིན་གྱི་ངོ་ལོག་ཞི་འཇགས་བཏང་རྗེས། མཚོ་སྔོན་དུ་གནས་པའི་སོག་པོ་མདའ་ཤོག་མནའ་འབྲེལ་རྣམས་ཕྱིའི་ས་ཁོངས་ནས་ནང་གཏོགས་ས་ཁུལ་དུ་དབྱེ་སྟེ། ཟི་ལིང་དུ་ལས་བྱེད་བློན་ཆེན་བསྐོ་འཛུགས་ཀྱིས་ཆེད་མངགས་དོ་དམ་བྱས་ཡོད། ཆིང་རྒྱལ་རབས་ཀྱིས་དམག་དོན་ཐོག་རྒྱལ་ཁ་ཐོབ་རྗེས་བཙན་ཤུགས་ལྡན་པའི་དབང་ཤུགས་བཙུགས་པ་དེས། དབུས་གཞུང་གིས་ཚོད་འཛིན་དོ་ནན་བྱས་པའི་འོག་མནའ་ཤོག་ལམ་ལུགས་དངོས་སུ་འཛུགས་ཐུབ་པ་བྱུང་ཡོད་པ་མ་ཟད། ཀན་སུའུ་དང་མཚོ་སྔོན་ཁུལ་གྱི་བོད་རིགས་དང༌། ཧོར། ཡུ་གུར་སོགས་གཞི་རྩའི་ཆ་ནས་སོག་པོའི་སྟོབས་ཤུགས་ཀྱི་དབང་སྒྱུར་ལས་ཐར་ཏེ། རྒྱལ་ཁབ་ཀྱི་སྲིད་སྐྱོང་མ་ལག་དངོས་གཞིའི་ནང་བསྡུས་འདུག རྒྱ་བོད་ས་རྒྱུད་ནར་རིང་ཁུལ་དུ་ཀ་ཆུ་ཐིང་དང༌། རེབ་གོང་གི་ཤོན་ཧྭ་ཐིང༌། བ་ཡན་རོང་གུར་ཐིང༌། ཁྲི་ཀ་ཐིང༌། སྟོང་འཁོར་ཐིང་སོགས་བཙུགས་པ་མ་ཟད། ཡུལ་དཔོན་ལམ་ལུགས་ལག་བསྟར་བྱས་ཏེ། ཐུ་སི་དང་ཡུལ་དཔོན་འབོར་ཆེན་ཞིག་བསྐོ་འཛུགས་བྱས་ཡོད། འདིར་མཐོང་དགོས་ངེས་ཤིག་ནི། འགྱུར་བ་འདི་རིགས་ཀྱང་ས་གནས་ལ་བསྟུན་ནས་ཆབ་སྲིད་སྐྱོང་བའི་སྤྱི་ཁོག་ལས་བརྒལ་མེད། ཀན་སུའུ་དང་མཚོ་སྔོན་མི་རིགས་ཀྱི་ཡུལ་དཔོན་ལམ་ལུགས་ཚང་མ་སྔར་ཡོད་ཀྱི་གཞི་རིམ་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ལམ་ལུགས་དང་གཞི་གཅིག་ཏུ་འབྲེལ་ཡོད། ཆིང་རྒྱལ་རབས་ཀྱིས་ཨ་མདོ་ས་ཁུལ་གྱི་མི་རིགས་སོ་སོར་སྟངས་འཛིན་བྱ་ཆེད། མིང་རྒྱལ་རབས་ཀྱི་བྱེད་ཐབས་རྒྱུད་འཛིན་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པར་རོགས་སྐྱོར་ཤུགས་ཆེན་བྱས་ཏེ། ཨ་མདོ་ས་ཁུལ་དུ་བླ་བྲང་དགོན་པ་དང༌། སྐུ་འབུམ་དགོན་པ། རོང་བོ་དགོན་པ། བྱ་ཁྱུང་དགོན་པ། དགོན་ལུང་དགོན་པ་སོགས་དགོན་སྡེ་ཆེན་པོ་ཁག་ཅིག་འཕེལ་རྒྱས་བྱུང་སྟེ། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གསར་འཛུགས་བྱས་པ་མ་ཟད། ས་ཁུལ་ངེས་ཅན་ཞིག་ཏུ་ཆོས་ལུགས་ཀྱི་དབང་ཆས་ཚོ་ཁག་ལམ་ལུགས་ལ་དབང་སྒྱུར་ཡང་བྱེད་ཀྱི་ཡོད།
དེ་བརྟེན། ཆིང་རྒྱལ་རབས་ཀྱིས་མཚོན་རྟགས་ཙམ་གྱི་དབང་སྒྱུར་བྱས་པ་ལས་གཞན། ཨ་མདོ་བོད་ཁུལ་གྱི་མི་རིགས་སོ་སོའི་སྤྱི་ཚོགས་འཚོ་བ་ནི་ཆོས་ལུགས་ལམ་ལུགས་དང་ཚོ་ཁག་ལམ་ལུགས་ཟུང་འབྲེལ་འོག་གནས་ཡོད། ཚོ་པ་སོ་སོའི་མགོ་པར་ཚོ་པ་དེར་གཏོགས་པའི་སྤྱི་ཚོགས་ཀྱི་དབང་ཆ་ཡོད་ཚད་འདུས་པས། ཚོ་ཁག་གི་འཚོ་བའི་ལྟེ་སྙིང་དུ་གྱུར་ཡོད། ཚོ་པའི་མགོ་བ་དབང་ཆའི་ལྟེ་སྙིང་དུ་བཟུང་ནས་འཛུགས་སྐྱོང་བྱས་པའི་སྤྱི་ཚོགས་ལམ་ལུགས་དེ་ནི། བོད་ཀྱི་རིག་གནས་ས་ཁུལ་གྱི་མི་རིགས་སོ་སོའི་སྤྱི་ཚོགས་འཚོ་བའི་གཞི་རྩའི་སྒྲོམ་གཞིར་གྱུར་ཡོད། ཆིང་རྒྱལ་རབས་ཀྱིས་སྟོང་དཔོན་དང༌། བརྒྱ་དཔོན། བརྒྱ་སྤྱི། བཅུ་སྤྱི་སོགས་ཚོ་པའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གསར་འཛུགས་ཀྱིས། བརྒྱ་དཔོན་དང་སྟོང་དཔོན་ལ་ཚོ་པ་རང་ཁོངས་ཀྱི་དབང་ཚད་ཆ་ཚང་ཡོད་པ་དང༌། འཛིན་སྐྱོང་དང་ཁྲིམས་གཅོད། དམག་དོན་བཅས་ཀྱི་དབང་ཆ་རང་རྐྱ་འཕེར་བར་བཟོས་ཏེ། རང་ཁོངས་མི་མང་རྣམས་གོ་གནས་ཀྱི་ཆ་ནས་བརྒྱ་དཔོན་སྟོང་དཔོན་ལ་གཏོགས་པ་ཡིན། གནས་སྟངས་འདི་འདྲའི་འོག ཡུལ་ཚོའི་བོད་མི་རྣམས་ལ་རང་རྐྱ་འཕེར་བའི་ངོས་འཛིན་ཞིག་མེད་པའི་རྐྱེན་གྱིས། དོན་དངོས་ཐོག་ཚོ་ཁག་གི་མགོ་པས་གཙོས་པའི་འཚོ་བར་རོལ་བཞིན་ཡོད་པས། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་འགན་མཉམ་འཁུར་གྱི་ལམ་ལུགས་ཤིག་གྲུབ་ཡོད། བོད་བརྒྱུད་ནང་བསྟན་དར་ཁྱབ་དང༌། བླ་སྤྲུལ་སྤྱི་དང་ཁྱད་པར་དགོན་བདག་བླ་སྤྲུལ་རྣམས་དགོན་སྡེའི་སྒྲིག་འཛུགས་ནང་དབང་ཚད་ཆ་ཚང་ཡོད་པ་མ་ཟད། མི་མང་གི་ཡོངས་ཁྱབ་དད་མོས་དབང་གིས་ཆོས་ལུགས་ཀྱི་ཁྱབ་ཁོངས་ས་ཁུལ་དུ་ཡིད་འགུགས་དབང་ཤུགས་སུ་གྱུར་ཏེ། ཐ་ན་ཚོ་ཁག་གི་མགོ་པའི་དབང་ཆའི་གོང་དུ་ཤོར་ཡོད། དེར་བརྟེན་བོད་རིགས་མི་མང་གིས་རང་ཉིད་ཀྱི་གོ་ས་ངོས་འཛིན་བྱེད་སྐབས། ཆོས་ལུགས་ཀྱི་གོ་ས་དེ་ཚོ་ཁག་གི་གོ་ས་ལས་གལ་ཆེར་འཛིན་པ་ཡིན། དགོན་སྡེ་ཆེ་བ་ཁག་ཅིག་གིས་ཚོ་ཁག་ལ་སྟངས་འཛིན་བྱས་པ་བརྒྱུད། ཆོས་སྲིད་གཉིས་ཀྱི་དབང་ཆ་རང་ལག་ཏུ་བཟུང་བས། ཆོས་སྲིད་ཟུང་འབྲེལ་གྱི་དབང་སྒྱུར་ཆགས་ཤིང༌། རིམ་གྱིས་བོད་ཀྱི་རིག་གནས་ས་ཁུལ་དུ་དགོན་སྡེས་གཙོས་པའི་ཚོ་བ་ཆེ་ཁག་མནའ་འབྲེལ་གྲུབ་སྟེ། ས་གནས་ཀྱི་སྟོབས་ཤུགས་ཆེ་ཁག་ཏུ་གྱུར་ཡོད། ཆོས་ལུགས་མགོ་འཁྲིད་ཀྱིས་སྒྲིག་འཛུགས་ཀྱི་འབྲེལ་བ་གསར་པ་འདིར་བརྟེན་ནས། རང་ངོས་སུ་སྐུལ་སློང་གི་ནུས་ཚད་ཤུགས་ཆེན་འཛུགས་སྐྱོང་བྱས་ཡོད།
འདིར་ལྟར་ཨ་མདོ་ས་ཁུལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དབང་ཆ་འཁོར་བསྐྱོད་ལམ་ལུགས་བྱུང་ཡོད་པ་སྟེ། ཚོ་ཁག་གི་དབང་ཆ་ནི་དབང་ཆ་འཁོར་བསྐྱོད་ལམ་ལུགས་ཀྱི་རྨང་གཞིར་གྲུབ་ཡོད་ཅིང༌། དབང་ཆ་གཞན་གཉིས་ནི་འདི་ཉིད་བརྒྱུད་པ་ན་ད་གཟོད་བྱེད་ནུས་འདོན་ཐུབ། ཆོས་ལུགས་ཀྱི་དབང་ཆ་དེ་གོང་མཐོར་སོང་སྟེ་མཚན་སྙན་རང་བཞིན་གྱི་དབང་ཤུགས་སུ་གྱུར་ཡོད། སྤྱི་ཁོག་གི་སྒོ་ནས་རང་ཉིད་ལ་དགོས་ངེས་ཁྲིམས་མཐུན་གྱི་རང་བཞིན་ཐོབ་ཐབས་ཆེད་ཆིང་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་ལ་བརྟེན་དགོས་པ་མ་ཟད། ཐ་ན་ས་གནས་སྲིད་གཞུང་གི་བཙན་ཤུགས་འོག་ཏུ་སྡོད་དགོས་ནའང༌། ས་གནས་སྲིད་གཞུང་ལ་གདོང་ཐུག་བྱེད་སྐབས་རང་ཉིད་ལ་ལྟོས་འཇོག་གི་གནས་བབ་བཟང་པོ་ཞིག་ཡོད་པས། ས་གནས་སྲིད་གཞུང་གིས་མ་བརྟེན་ཐབས་མེད་ཀྱི་སྟོབས་ཤུགས་སུ་གྱུར་ཡོད། གལ་ཏེ་དེ་ལྟར་མ་བྱས་ན། ས་གནས་སྲིད་གཞུང་གི་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་ཀྱིས་དགོས་ངེས་ཀྱི་ནུས་པ་འདོན་དཀའ་བ་ཡིན།
ཀྲུང་ཧྭ་མིན་གོའི་དུས་སྐབས་སུ། པེ་ཅིང་སྲིད་གཞུང་དང་ནན་ཅིང་གོ་མིན་སྲིད་གཞུང་གང་ཡིན་ཡང༌། མིང་ཙམ་གྱི་ངོས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་ཆ་བཟུང་ཡོད་པར་བརྗོད་ནའང༌། རང་ལག་ཏུ་ཡོད་པའི་སྤྱི་པའི་ཐོན་ཁུངས་སྔར་ནས་ཞན་སྟབས། རྒྱལ་ཡོངས་ལ་སྟངས་འཛིན་ནུས་ལྡན་ཞིག་བྱེད་ཐུབ་ཀྱི་མེད། དེར་བརྟེན། ཨ་མདོ་བོད་ཁུལ་གྱི་སྤྱི་ཚོགས་ཀྱི་གཞི་རིམ་སྒྲིག་འཛུགས་ལམ་ལུགས་ཐོག་གཞི་རྩ་རང་བཞིན་གྱི་གཡོ་འགུལ་ཞིག་ཐེབས་མེད། མང་ཚོགས་དཀྱུས་མ་ཚོའི་རང་ལུས་བདག་ཐོབ་དེ་སྔར་བཞིན་དགོན་པ་དང་ཚོ་ཁག་ལ་གཏོགས་པ་ཡིན། ཨ་མདོ་བོད་ཁུལ་དུ། ཆབ་སྲིད་རྒྱལ་ཁབ་ཀྱི་དབང་སྒྱུར་སྟོབས་ཤུགས་ཧ་ཅང་ཞན། ༡༩༤༡ ལོ་བར། བསང་ཆུ་རྫོང་ཡོངས་ཀྱི་ཆོས་སྲིད་ཀྱི་དབང་ཆ་ཡོངས་རྫོགས་དགོན་པའི་བླ་ཆེན་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཧོ་ཐོག་ཐུ་ལ་ཡོད། སྔོན་ཆད་ཡུལ་དཔོན་དང༌། མགོ་པ། གོང་ཚོ་བཅས་དཔོན་གནས་གསུམ་བཏོད་ཡོད་པ་དེ་ཚོར་མི་རབས་རྒྱུད་འཛིན་ནམ། བོད་མི་ཐུན་མོང་གིས་འདེམས་པ། ཡང་ན་བླ་བྲང་དགོན་པའི་སྐུ་ཚབ་མངགས་གཏོང་བཅས་ཀྱི་ལམ་ནས་བསྐོ་འཛུགས་བྱེད་མུས་དང༌། ལས་འགན་གྱི་དུས་ཡུན་ལོ་གཉིས་ནས་གསུམ་སོགས་ཡོད། ལོ་དེར་ཧེ་ཚོ་བདེ་སྲུང་སྲིད་སྐྱོང་ཚོགས་འདུའི་རྗེས་ནས་བཟུང༌། བོད་མི་རྣམས་སྲིད་གཞུང་ཐོག་བག་ཆགས་གཏིང་ཟབ་བྱུང་བ་དང༌། སྲིད་གཞུང་གི་བཀའ་ཁྱབ་ཀྱང་རིམ་གྱིས་ལག་བསྟར་བྱེད་མགོ་བརྩམས་ཏེ། རྫོང་ཧྲིལ་པོ་གྲོང་བརྡལ་གཅིག་དང་ཤང་ཁག་བཅུ་གཉིས་སུ་བགོས། ཡུལ་དཔོན་དང༌། མགོ་པ་སོགས་ཀྱི་གོ་མིང་རྣམས་ཤང་དང་གྲོང་རྡལ་གྱི་སྲུང་སྐྱོབ་མགོ་འཛིན་དུ་བསྒྱུར། དེ་དག་སྲིད་གཞུང་གིས་བསྐོ་གཏོང་དང་བརྗེ་ལེན་བྱེད། ཡིན་ནའང་དུས་ཚང་ཚན་སྒྲིག་གི་ལམ་ལུགས་ད་དུང་ལག་བསྟར་བྱས་མེད། མ་འོངས་པའི་ལོ་ཟླའི་ནང་ད་དུང་གནད་དོན་མང་དག་ཅིག་ལྷག་ཡོད། དོན་དངོས་ཐོག ཀྲུང་ཧྭ་མིན་གོ་མཇུག་མ་སྒྲིལ་བར་དུ། ས་ཁུལ་དེའི་ཆོས་སྲིད་ཟུང་འབྲེལ་དང་ཚོ་ཁག་ལམ་ལུགས་ལ་གཞི་རྩའི་འགྱུར་ལྡོག་གང་ཡང་བྱུང་མེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། རང་ཉིད་ལ་དབང་བའི་ཐོན་ཁུངས་ཀྱི་སྟོབས་ཤུགས་ཆེན་པོར་བརྟེན་ནས། གོང་རིམ་ནས་འོག་རིམ་བར་མགྱོགས་མྱུར་ངང་ཨ་མདོ་ས་ཁུལ་དུ་རིམ་པ་སོ་སོའི་སྲིད་དབང་གསར་འཛུགས་བྱས། ཆབ་སྲིད་ཕུང་པོ་གཅིག་གྱུར་གྱི་བྱེད་ཐབས་འདིས། དུས་རིམ་གསར་པའི་སྤྱི་ཚོགས་ཀྱི་གཞི་རིམ་སྒྲིག་འཛུགས་ལམ་ལུགས་བཅོས་བསྒྱུར་གྱི་བྱ་བར་རྨང་གཞི་བཏིང་ཡོད་ལ། གཞི་རྩའི་ཆ་རྐྱེན་ཁག་ཐེག་ཀྱང་བྱས་ཡོད། བཅོས་སྒྱུར་ཆེན་པོ་འདིའི་དཔལ་འབྱོར་གྱི་རྒྱབ་རྩ་ནི། རྒྱལ་ཁབ་ཀྱིས་བཙན་དབང་གིས་ཁག་ཐེག་བྱས་པའི་ས་ཞིང་བདག་དབང་ལམ་ལུགས་ཀྱི་བཅོས་བསྒྱུར་ལ་ཐུག་ཡོད། སྤྱི་ཚོགས་ལམ་ལུགས་ལ་བཙན་དབང་གིས་འཕོ་འགྱུར་བཏང་བའི་མཇུག་འབྲས་སུ། ཨ་མདོ་བོད་ཁུལ་གྱི་སྤྱི་ཚོགས་འཚོ་བོར་གནམ་ས་ཁ་ལོ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཅིག་བྱུང་ཡོད། གལ་ཆེ་ཤོས་ཤིག་ནི་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད། རིམ་པ་སོ་སོའི་མི་རིགས་ས་ཁུལ་གྱི་སྲིད་དབང་གསར་འཛུགས་བྱས་པ་དང༌། ཆོས་ལུགས་མགོ་འཁྲིད་དང་ཚོ་ཁག་མགོ་པའི་དམིགས་བསལ་དབང་ཆ་རྩིས་མེད་བྱས་ཏེ། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དང་ཚོ་ཁག་ལམ་ལུགས་མེད་པར་བཟོས་པ་དེས། སྤྱི་ཚོགས་ཀྱི་སྒྲོམ་གཞི་སྙོམ་སྒྲིག་བྱས་ཡོད་ལ། རྒྱ་ཆེའི་མང་ཚོགས་རྣམས་སྲོལ་རྒྱུན་གོང་རིམ་དབར་རང་ལུས་བདག་དབང་གི་འབྲེལ་བ་རྩ་གཏོར་བཏང་ཡོད།
ཨ་མདོ་བོད་ཁུལ་དང༌། དབུས་གཙང་གཉིས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་རང་སྟེང་གི་ཁྱད་ཆོས་ཀྱང་ཡོད། དབུས་གཙང་གི་ལོ་རྒྱུས་ངོ་སྤྲོད་བྱས་པའི་གསུང་རྩོམ་མང་བའི་དབང་གིས། རང་རྒྱལ་གྱི་མི་མང་ཕལ་ཆེ་བ་ཞིག་གིས་དབུས་གཙང་གི་ལོ་རྒྱུས་ཐོག་རྒྱུས་ལོན་ཕུན་སུམ་ཚོགས་པ་ཡོད་སྟབས། འདིར་ཆ་ཤས་ཙམ་ལས་བསྡུས་བཤད་བྱ་རྒྱུ་མིན།
དུས་རབས་དགུ་པར་ཐུ་བྷོད་བཙན་པོའི་རྒྱལ་ཁབ་ཐོར་ཞིག་ཏུ་སོང་བ་ནས་དུས་རབས་བཅུ་བདུན་པའི་དཀྱིལ་བར། དབུས་གཙང་ས་ཁུལ་དུ་སྟོབས་ཤུགས་ལྡན་པའི་གཅག་གྱུར་གྱི་འཇིག་རྟེན་སྲིད་དབང་ཞིག་བྱུང་མེད་པར། མངའ་བདག་ཆེ་ཆུང་མང་པོས་རང་ས་རང་འཛིན་ངང་ཡོད་པའི་ཁར། དམག་དོན་གྱི་སྟོབས་ཤུགས་ཧ་ཅང་ཞན། དུས་ཡུན་རིང་པོ་དེའི་ནང༌། བོད་བརྒྱུད་ནང་བསྟན་གྱི་སྟོབས་ཤུགས་ཉིན་བཞིན་འཕེལ་རྒྱས་བྱུང་སྟེ། དགོན་པ་ཁག་གིས་འཇིག་རྟེན་གྱི་བྱ་བའི་ཐོག་ཤུགས་རྐྱེན་ཐེབས་ཚད་རིམ་གྱིས་ཇེ་ཆེར་གྱུར། ཏཱ་ལའི་བླ་མ་དང༌། པཎ་ཆེན་བླ་མ། རྒྱལ་བ་ཀརྨ་པ་སྟེ་མིང་རྒྱལ་རབས་ཀྱིས་བསྐོས་པའི་རིན་ཆེན་ཆོས་རྒྱལ་ཆེན་པོ་སོགས་ཀྱིས་མཚོན་པའི་སྤྲུལ་སྐུ་ངོས་འཛིན་ལམ་སྲོལ་ཡང་རིམ་གྱིས་ཚུགས་ཤིང༌། དུས་རབས་ ༡༤ པའི་རྗེས་སུ་དགེ་ལུགས་པས་རིམ་གྱིས་དབུས་གཙང་ས་ཁུལ་དུ་མགོ་འཁྲིད་ཀྱི་གོ་གནས་བཟུང༌། དུས་རབས་ ༡༧ དང་ ༡༨ པའི་ནང་སོག་པོ་དང་ཆོག་ཐུ་ཚོ་པ། ཇིན་གར་པའི་ཚོ་པ་སོགས་རིམ་པ་བཞིན་བོད་དུ་འཛུལ། དབུས་གཙང་ས་ཁུལ་དེ་དོན་དངོས་ཐོག་ཕྱི་ཡོང་དམག་དོན་སྐུ་དྲག་ཚོགས་སྡེའི་དབང་སྒྱུར་འོག འཇིག་རྟེན་པའི་སྲིད་དབང་དང་ཆོས་ལུགས་ཀྱི་སྟོབས་ཤུགས་དབར་གྱི་འགལ་བ་ཛ་དྲག་ཅན་དུ་འགྱུར་བའི་གནས་སུ་ལྷུང༌། དུས་རབས་ ༡༨ པའི་ནང༌། ཆིང་རྒྱལ་རབས་ཀྱིས་ཇིན་གར་པ་མཐར་སྐྲོད་བཏང་སྟེ་བོད་ཁམས་བདེ་ལ་འགོད་པའི་ལམ་སྟོན་འོག ཞི་བའི་ཐབས་ལམ་སྒོ་ནས། ཆོས་ལུགས་སྟོབས་ཤུགས་དང་མཐུན་སྒྲིལ་བྱེད་པ་དང་ཆབས་ཅིག སེམས་ཐག་ཆོད་པོའི་སྒོ་ནས་དབུས་གཙང་དུ་ཡོད་པའི་ཇིན་གར་ཚོ་པའི་དམག་དོན་སྟོབས་ཤུགས་མཐར་སྐྲོད་གཙང་མ་བཏང་བ་དང༌། གོར་ཥའི་བཙན་འཛུལ་ལ་ཕམ་ཉེས་བཏང་ཡོད། ལམ་ལྷོང་ལྡན་པའི་སྒོ་ནས་བོད་ལྗོངས་ཀྱི་གནས་སྟངས་ལ་སྟངས་འཛིན་བྱས་ཡོད།
གོང་གི་རྨང་གཞི་འདིའི་སྟེང༌། ཆིང་རྒྱལ་རབས་ཀྱིས་དབུས་གཙང་དུ་ཏཱ་ལའི་བླ་མ་དང༌། པཎ་ཆེན་རིན་པོ་ཆེས་དབུ་འཁྲིད་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་གསར་འཛུགས་བྱས་པ་དང༌། ཀྲུང་དབྱང་གི་དབང་ཤུགས་ཚབ་མཚོན་བྱེད་པའི་བོད་སྡོད་བློན་ཆེན་མངགས་གཏོང་བྱས་པ་མ་ཟད། གསེར་བུམ་དཀྲུགས་འདོན་གྱིས་མཚོན་པའི་ལམ་ལུགས་ཁག་ཅིག་གསར་བཟོ་བྱས་ཏེ་ས་གནས་སྲིད་དབང་ལ་ཚུལ་མཐུན་སྟངས་འཛིན་བྱས་ཡོད། བོད་བརྒྱུད་ནང་བསྟན་གྱི་བརྗོད་དོན་ལྟར། པཎ་ཆེན་རིན་པོ་ཆེ་ནི་མགོན་པོ་འོད་དཔག་མེད་ཀྱི་སྤྲུལ་པ་ཡིན་སྟབས། པཎ་ཆེན་རིན་པོ་ཆེའི་ཆོས་ལུགས་ཀྱི་གོ་གནས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་གྱུར་པའི་ཏཱ་ལའི་བླ་མའི་གོ་གནས་ལས་མཐོ་བ་ཡོད། འོན་ཀྱང་ཆབ་སྲིད་ཀྱི་འགན་དབང་ཕྱོགས་ནས། ཏཱ་ལའི་བླ་མས་སྟངས་འཛིན་བྱས་པའི་བཀའ་ཤག་ནི་པཎ་ཆེན་རིན་པོ་ཆེའི་མཁན་སྤྱི་ཚོགས་འདུ་ལས་ལྷག་པ་ཡོད། ས་གནས་དབང་ཆའི་སྒྲོམ་གཞིའི་ནང༌། བཀའ་ཤག་གིས་བཏང་བའི་དཔོན་རིགས་ཡོད་པ་མ་ཟད། མི་རབས་རྒྱུད་འཛིན་ལས་བྱུང་བའི་སྐུ་དྲག་དང༌། དགོན་སྡེ་ཆེ་ཁག་གི་མཐོ་རིམ་གྲྭ་བཙུན་བཅས་ཀྱང་མཐོང་ཐུབ། འདི་གསུམ་པོས་ཚང་མས་ཤེས་གསལ་ལྟར་གྱི་མངའ་བདག་ཆེན་པོ་གསུམ་ཞེས་པ་གྲུབ་ཡོད། དབང་སྒྱུར་བྱ་ཡུལ་དུ་གྱུར་པའི་མི་མང་ལ་མཚོན་ན། རང་དབང་གི་མི་སེར་གྱི་གོ་ས་བརྟན་པོ་ཞིག་མེད་པར། མི་སེར་རྣམས་ག་དུས་ཡིན་ཡང་བྲན་གཡོག་དང་མི་སེར་ཐ་དམན་པར་འགྱུར་སྲིད་ལ། བྲན་གཡོག་དང་མི་སེར་ཐ་དམན་པའི་ཚེ་སྲོག་རྒྱུ་ནོར་ནི་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་འོག་མེད། ཨ་མདོའི་བོད་ཁུལ་དང་བསྡུར་ན། དབུས་གཙང་ས་གནས་སུ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེ་ཞིང༌། ཆོས་སྲིད་ཀྱི་འབྲེལ་བ་རྙོག་འཛིང་ཆེ་ནའང་འགལ་བ་བྱུང་བའི་གནས་ཚུལ་མེད། ཀྲུང་དབྱང་གི་རྒྱལ་ཁབ་འདུ་ཤེས་ཀྱི་ཤུགས་རྐྱེན་དེ་གཙོ་བོ་ཆོས་ལུགས་མཐོ་རིམ་མི་སྣའི་ཁྲོད་མངོན་ཞིང༌། འཛིན་སྐྱོང་དོ་དམ་གྱི་ཕྱོགས་སུ་དབུས་གཙང་ལ་བྱེད་ནུས་རྩ་ནས་ཐོན་གྱི་མེད།
དུས་རབས་བཅུ་དགུ་པའི་མཇུག་དང་དུས་རབས་ཉི་ཤུ་པའི་མགོར། རྒྱ་གར་དབང་དུ་བསྡུས་ཟིན་པའི་དབྱིན་ལན་རྒྱལ་ཁབ་ཀྱིས། དབུས་གཙང་གི་ས་ཁོངས་རིམ་ཟ་བྱ་མགོ་བརྩམས་ཤིང༌། དམག་དོན་དང༌། དཔལ་འབྱོར། རིག་གནས་སོགས་ཀྱི་བྱེད་ཐབས་སྤྱད་དེ་དབུས་གཙང་ས་གནས་སྲིད་དབང་ལ་ཤུགས་རྐྱེན་སྤྲད་དེ། དབུས་གཙང་དེ་ཀྲུང་དབྱང་དང་ཁ་བྲལ་ཏེ་ཁོ་པས་སྟངས་འཛིན་བྱ་བའི་དམིགས་ཡུལ་བཟུང་ཡོད། སྐབས་དེར་ཆིང་རྒྱལ་རབས་སྟོབས་ཤུགས་ཉམས་རྒུད་ཕྱིན་ཡོད་པའི་ཁར། བོད་སྡོད་བློན་ཆེན་གྱིས་ལས་དོན་ཚུལ་མཐུན་མ་བྱུང་བ་བཅས་ཀྱི་དབང་གིས། དབུས་གཙང་གི་ས་གནས་དབང་སྒྱུར་རུ་ཚོགས་ཁྲོད་ཀྱི་ཚོགས་མི་ཁ་ཤས་ལ་ཁ་བྲལ་གྱི་བསམ་ཚུལ་ཤུགས་ཆེར་བྱུང་ཡོད། ཆིང་རྒྱལ་རབས་མཇུག་ཏུ་སི་ཁྲོན་སྤྱི་ཁྱབ་ཀྲའོ་ཨར་ཕིན་གྱིས་ཐེ་བྱུས་དྲག་པོ་བྱས་རྐྱེན་དབུས་གཙང་གི་གནས་སྟངས་གནས་སྐབས་རིང་ཞི་འཇགས་བྱུང་ནའང༌། མན་ཇུའི་རྒྱལ་རྒྱུད་ཀྱི་སྲིད་དབང་མགོ་རྟིང་ལོག་རྗེས། མིན་གོའི་དུས་སྐབས་སུ་ཀྲུང་དབྱང་གིས་དབུས་གཙང་དབང་སྒྱུར་བྱེད་པ་སྔར་ལྷག་ཉམས་ཞན་དུ་གྱུར་པ་དང་ཆབས་ཅིག ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པའི་མཐོ་རིམ་མི་སྣ་ཁ་ཤས་ཀྱིས་རང་ཉིད་ལ་ཆབ་སྲིད་ཀྱི་ཁེ་ཕན་སྔར་ལྷག་འཐོབ་ཆེད། དབུས་གཙང་གི་ཆབ་སྲིད་དབུ་འཁྲིད་ཀྱི་གོ་གནས་ནི་ཏཱ་ལའི་བླ་མ་ཁོ་ནར་ཡོད་ཚུལ་ཆེད་མངགས་བཟོས་ཏེ། པཎ་ཆེན་བླ་མར་གནོན་ཤུགས་སྤྲད་དེ་རྒྱ་ནག་ནང་སར་ཕེབས་པ་དང༌། བཀའ་ཤག་གི་དབང་སྒྱུར་ཁྱབ་ཚད་ཁམས་དང་ཨ་མདོ་བར་རྒྱ་བསྐྱེད་ཡོང་ཐབས་བྱས་ཡོད། འདི་ནི་དེང་སྐབས་ཕྱིར་སྡོད་རུ་ཚོགས་ཀྱིས་”བོད་ཆེན་པོ་རང་སྐྱོང་གི་འཆར་གཞི་”ཟེར་བའི་འབྱུང་རྩ་དེ་ཡིན།
དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པའི་ནང༌། དབུས་གཙང་ས་གནས་སྲིད་གཞུང་གིས་ཧུར་ཐག་ཆེན་པོས་དམག་ཤུགས་རྒྱ་བསྐྱེད་བཏང་སྟེ། དེ་སྔོན་ཁམས་ཁུལ་དུ་དབང་བའི་ཆབ་མདོ་ས་ཁུལ་བཙན་བཟུང་བྱས་ཤིང༌། ཤར་ཕྱོགས་ཀྱི་དབང་ཤུགས་ཁྱབ་ཚད་རྫ་ཆུ་ཁ་བར་སླེབས་ཡོད། དེ་ལས་གོམ་གང་མདུན་སྤོས་ཀྱིས་ཡུལ་ཤུལ་ལ་བཙན་འཛུལ་བྱེད་སྐབས། བོད་དམག་གཙོ་ཤུགས་ཐོག་མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་གྱི་ས་གནས་དབང་ཤུགས་ཤོག་པའི་རྒོལ་རྡུང་དྲག་པོ་ཕོག་པས། རྒྱ་བསྐྱེད་ཀྱི་ལས་འགུལ་འདི་བར་མཚམས་མི་འཇོག་ཐབས་མེད་བྱུང༌།
ལོ་རབས་བཞི་བཅུའི་རྗེས་སུ། རྭ་སྒྲེང་སྤྲུལ་སྐུས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་ལ་རྒྱབ་སྐྱོར་བྱས་རྐྱེན། དབུས་གཙང་གི་གནས་སྟངས་ཅུང་བཟང་ཕྱོགས་སུ་གྱུར་ཡོད། ཡིན་ནའང༌། ས་གནས་ཀྱི་མཐོ་རིམ་དབང་སྒྱུར་བའི་ཁྲོད་ནུབ་ཕྱོགས་ལ་ཞེན་པའི་སྟོབས་ཤུགས་ཀྱི་ངོ་ལོག་གི་ལས་འགུལ་ལ་བརྟེན། རྭ་སྒྲེང་སྤྲུལ་སྐུ་སྲིད་ཚབ་ལས་ཕབ་སྟེ། སྐུ་སྲོག་ཀྱང་ཤོར་ཉེན་བྱུང༌། ལྷག་པར་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ནང་འཁྲུག་གི་མཇུག་འབྲས་ཉིན་བཞིན་ཇེ་གསལ་དུ་གྱུར་སྟབས། སྲིད་ཚབ་སྟག་བྲག་སོགས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་པའི་སྔ་གཞུག་ཏུ་”རྒྱ་རིགས་མཐར་སྐྲོད་ཀྱི་དོན་རྐྱེན་”བཟོས་ཏེ། སྐབས་ཤིག་རིང་”བོད་རང་བཙན་”ཟེར་བའི་འུད་སྐད་ཆེན་པོ་བྱུང་ཡོད་ནའང༌། ༡༩༥༠ ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་སྲིད་དབང་བཞེས་ཏེ། ཀྲུང་དབྱང་སྲིད་གཞུང་མཉམ་ཞི་མོལ་མགོ་འཛུགས་བྱས་ཡོད། དེའི་རྗེས་ཀྱི་དབུས་གཙང་ལོ་རྒྱུས་མི་མང་བྱིངས་ལ་རྒྱུས་མངའ་ཆེ་ཞིང༌། ལོ་རྒྱུས་མཁས་ཅན་དང་རྩོམ་པ་པོ་རྣམས་ཀྱིས་ཞིབ་ཕྲ་བྲིས་ཡོད་པས། ཚོགས་ཆུང་གིས་འདིར་བརྗོད་མི་དགོས་སོ། །
གཉིས་པ། རྒྱལ་ཁབ་ཀྱིས་བོད་ཁུལ་མི་རིགས་སྲིད་བྱུས་དང༌། ཁྲིམས་སྲོལ་འཕོ་འགྱུར་ལ་བསྒྱུར་བཅོས།
གསུམ་པ། རྟོག་ཞིབ་དང་བཅར་འདྲིའི་སྐོར་གྱི་དཔྱད་གཞིའི་རྒྱུ་ཆ་ཕྱོགས་བསྒྲིགས།
བཞི་པ། རྟོག་ཞིབ་བྱ་ཡུལ་གྱི་འབྲེལ་མཚོན་རེའུ་མིག
༡། རྩོམ་ཡིག་འདིའི་ནང་གི་ལོ་རྒྱུས་ཀྱི་དཔྱད་ཡིག་གཙོ་བོ་ལན་གྲུ་སློབ་ཆེན་གྱི་ལོ་རྒྱུས་སློབ་གླིང་གི་ཌོག་ཊར་དབྱང་ཧུང་ཝི་དང༌། ཆིན་ཧྭ་སློབ་ཆེན་གྱི་འགྲོ་བ་མིའི་རིགས་སློབ་གླིང་གི་ཌོག་ཊར་ཀྲང་ཅིན་ཕིན་གཉིས་ཀྱིས་ཕྱོགས་སྒྲིག་བྱས་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ།
འོད་ཟེར་གྱི་མཆན་འགྲེལ།
༡། རྟོག་ཞིབ་སྙན་ཞུ་འདི་གཞན་ཡང་http://memdia.cn/2009/05/09/140ལ་མཐོང་རྒྱུ་འདུག འདིར་རྟོག་ཞིབ་བྱེད་མི་ནི། སྤྱི་མཐུན་མནའ་འབྲེལ་ཁྲིམས་ལུགས་ཞིབ་འཇུག་ལྟེ་གནས་ཀྱི་པེ་ཅིང་སློབ་གྲྭ་ཆེན་མོའི་ཕང་ཁོན། ཧོང་ལི། ལི་ཤང་བཅས་ཀྱིས་ཟིན་བྲིས་བཏབ་པ་དང༌། པེ་ཅིང་སློབ་ཆེན་གྱི་ཕང་ཁོན་དང༌། ཧོང་ལི། ལི་ཤང༌། ཝང་ཧོན་ཅི་བཅས་ཀྱིས་རྟོག་ཞིབ་བྱས་འདུག
༢། སྤྱི་མཐུན་མནའ་འབྲེལ་ཁྲིམས་ལུགས་ཞིབ་འཇུག་ལྟེ་གནས་ཀྱི་སྐོར་http://www.gongmeng.cn/com_1.php ཞེས་པར་གསལ་ཞིང༌། དེའི་ཚོགས་མི་ཁོངས་སུ་ན་ནིང་གི་དོན་རྐྱེན་ཁྲོད་བོད་མི་ཚོར་ཁྲིམས་ལུགས་ཀྱི་རོགས་རམ་མཁོ་འདོན་བྱེད་མཁན་གྱི་རྒྱ་ནག་གི་ཁྲིམས་རྩོད་པ་ ༢༡ ཁྲོད་ཀྱི་ཐིན་པེའོ། ཅང་ཐེན་ཡུན། ལི་སུའུ་པིན། ཝིན་ཧེ་པོ། ཕུ་ཧོང་ཝི་བཅས་འདུག ཉེ་ལམ་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་རྫོང་གི་ཕུར་བུ་ཚེ་རིང་རིན་པོ་ཆེ་དང༌། ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་གི་གྲྭ་པ་འཇིགས་མེད་གཉིས་ཀྱི་ཁྲིམས་རྩོད་པ་ལི་ཕང་ཕིན་བཅས་ཡོད།
༣། ཤར་མཐའི་དཔལ་འབྱོར་དཔྱད་བརྗོད་ཐོག་རྒྱལ་སྤྱིའི་བོད་རིག་པའི་མཁས་པ། ཨ་རིའི་ཀོ་ལོམ་བི་ཡ་མཐོ་རིམ་སློབ་གྲྭའི་སློབ་དཔོན་རོ་བྷོ་ཊེ། བྷར་ནེ་ཊི་Robert Barnett ལ་བཅར་འདྲི་བྱེད་སྐབས། ཁོང་གིས་གཤམ་གསལ་དྲི་བ་ལ་ལན་འདེབས་སྐབས་གསུངས་རྒྱུར། གལ་ཏེ་ད་ལྟ་ཁྱེད་ཀྱིས་བོད་ལ་བདག་སྐྱོང་བྱེད་མཁན་མཐོ་རིམ་དཔོན་རིགས་ཚོར་སྐད་ཆ་བཤད་ཐུབ་ཀྱི་ཡོད་ན། ཁྱེད་ཀྱིས་ཁོང་ཚོར་བསླབ་བྱ་ཅི་ཞིག་འབུལ་རྩིས་ཡོད་དམ།
ལན། “སང་ཉིན་ཞོགས་པ་ནས་བཟུང༌། ཆོས་ལུགས་བཀག་སྡོམ་གྱི་ཁྲིམས་གཞི་མཚམས་འཇོག་བྱེད་པ། སློབ་མ་རྣམས་དགོན་པར་སོང་ནས་སློབ་གཉེར་བྱ་རྒྱུར་བཀག་སྡོམ་བྱ་རྒྱུ་མཚམས་འཇོག་བྱ་དགོས། ཏཱ་ལའི་བླ་མ་དང་ཁོང་གི་སྐུ་པར་བཀག་སྡོམ་བྱ་རྒྱུ་མཚམས་འཇོག་བྱ་དགོས། མགྱོགས་མྱུར་ངང་ཨུ་ཡོན་ལྷན་ཚོགས་བཙུགས་ཏེ་བོད་རིགས་མ་ཡིན་པའི་ཡུལ་མི་གནས་སྤོས་ཀྱི་གནད་དོན་གྱི་འཆར་འགོད་བྱ་དགོས། མིག་རྒྱང་ཐུང་བའི་ཡར་རྒྱས་ཡོང་ཐབས་མ་སྤེལ་རོགས། མིའི་ནུས་རྩལ་གསོ་སྐྱོང་བྱ་རྒྱུའི་མགོ་རྩོམས། གལ་ཏེ་འདི་ལྟར་བྱས་ན། ཁྱེད་རང་གིས་བོད་མི་ཚོས་ཁྱེད་རང་ལ་ལོ་ངོ་བཅུའི་རིང་ཐུགས་རྗེ་ཆེ་ཞུ་བ་ཞིག་བསྐྲུན་ཐུབ། ཁྱེད་རང་གིས་བོད་ཀྱི་གནད་དོན་ཕྱེད་ཀ་ཞིག་སེལ་ཐུབ་བྱུང་སྟེ། བོད་དེ་ཀྲུང་གོའི་ས་ཁུལ་གཞན་དག་དང་འདྲ་མཚུངས་བཟོས་ཡོད།” http://lovetibet.ti-da.net/e2578504.html ཞེས་པའི་དྲ་གནས་ནས་དྲངས།
གོང་གི་རྩོམ་འདི་་ལ་ཁྱི་སྐྱག་ཞིག་གི་རིན་ཐང་མི་འདུག་ཡིན་ན་ཡང་ཁག་མི་འདུག་བཀྲ་ཤིས་དོན་འགྲུབ་ལགས་རྩོམ་འདྲ་མ་སྒྱུར་རོགས།
གོང་གི་རྩོམ་འདི་་ལ་ཁྱི་སྐྱག་ཞིག་གི་རིན་ཐང་མི་འདུག་ཡིན་ན་ཡང་ཁག་མི་འདུག་བཀྲ་ཤིས་དོན་འགྲུབ་ལགས་རྩོམ་འདྲ་མ་སྒྱུར་རོགས།
བཀྲ་ཤིས་དོནད་གྲུབ་ཁྱེད་ཁ་དྲོ་་་་ཨ་མིའི་བུ། བོད་མི་མང་ལ་དགོས་པ་ནི་ཁྱེད་རང་འདྲ་བའི་མི་རེད། ལྷག་པར་དུ་བོད་གཞུང་ནང་དུ་ཁྱེད་འདྲ་བའི་ལོ་ཙ་བ་ཤེས་ཡོན་ཅན་དུ་མ་ཡོད་ཅི་མ་རུང།
ཐུགས་རྗེ་ཆེ།
རྭ་ལོ། རྭ་ལོ། ཞེས་ངའི་སྒང་ལ་ངར་གི་མ་འདུག ཨོ་ན་ཤོད་དཱ། དོན་དག་རེ་རེ་བཞིན་རྭ་ལོས་བགྲང་དགོས་དེོན་ཨེ་ཡོད། སྙན་ཐོ་ནི་བོད་་ཡིག་ནང་ཕབ་འདུག ཕབ་པ་དེ་ཕྱི་ལ་ནི་བཀྲམས་འདུག
ཡིག་ཆ་འདིའི་ནང་དུ་རང་སྲིད་རང་སྐྱོང་གི་སྐོར་དང་༧གོང་ས་མཆོག་གི་སྐོར་ཐད་ཀར་བཀོད་མེད་ཀྱང་ཐོག་མཐའ་བར་གསུམ་དུ་བོད་མིའི་ཆོས་ལུགས་དད་མོས་ལ་བརྩི་བཀུར་བྱེད་དགོས་བ་གནས་ཚུལ་མཐའ་དག་བོད་མི་རང་གི་འདོོད་མོས་གཞིར་བཞག་གི་སྟེང་ནས་ཞེས་ཁ་གསལ་དོན་གསལ་བྱས་འདུག་པ་འདི་གནད་དུ་འཛིན་དགོས། ཁམས་ཁུལ་གྱི་གནས་ཚུལ་བསྡུས་མེད་པ་བདེན་པ་རེད་འདུག འོན་ཀྱང་འདི་ནི་གཞུང་འབྲེལ་གྱི་ཞིབ་འཇུག་སྙན་ཐོ་མིན་ལ་དུས་ཡུན་དང་དམ་དྲག་གི་དབང་གིས་ཁོ་ཚོར་དཀའ་ངལ་ཅི་ཙམ་ཡོད་པ་ང་ཚོས་བསམ་ཤེས་བྱེད་དགོས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་པའི་གྲངས་འབོར་ནང་ཁམས་ནས་ཡོང་མཁན་མང་ཤོས་ཡིན་ཀྱང་། དཀར་མཛེས་དང་འཇོན་མདའ། ལི་ཐང་སོགས་ས་ཁུལ་མང་བོར་ཞི་རྒོལ་སྟུད་མར་བྱུང་སྐབས་ཕྱི་བསྡོད་བོད་མིས་གྲས་ནས་པར་དང་བརྙན་ཐག་ལེན་པའི་ཐབས་ཤེས་སམ་བཀོད་འདོམས་བྱེད་ཐུབ་མཁན་ཞིག་ཀྱང་བྱུང་མེད་འདི་ཅི་ཞིག་གིས་རྐྱེན་པ་རེད། དེར་བརྟེན་གོང་གི་ཡིག་ཆ་འདི་ལྟར་ཕ་རོལ་བའི་མཐོང་ཚུལ་མཐའ་དག་རང་གི་བསམ་ཚུལ་དང་ཡོངས་སུ་མཐུན་མིན་གཙོ་བོ་མ་ཡིན་པར་ཕན་ཚུན་གཉིས་ཀྱི་རྒྱབ་བཅོལ་ས་མཐར་གཏུགས་ན་དྲང་བདེན་དང་དངོས་ཡོད་གཞི་ལ་འཇོག་དགོས་པ་འདི་དོན་གྱི་གཙོ་བོད་རེད། སློབ་དཔོན་ཆེན་མོ་རོ་བྷིར་ཊི་བྷར་ནེ་ཊི་ལགས་རྒྱལ་སྤྱི་གསར་ལམ་ཁག་ནས་བོད་དོན་ཐད་བཅར་འདྲི་བྱེད་སྐབས་གདེངས་འཇོག་མཐོས་ཤོས་ཀྱི་མཁས་དབང་ཞིག་ཡིན་ཀྱང་རྒྱ་ནག་གཞུང་གིས་ད་ལྟའི་བར་ལྟ་ཚུལ་ཅི་ཙམ་བཟུང་ཡོད་པ་ཚང་མས་ཤེས་གསལ་རེད། དེར་བརྟེན་ཁོང་ཚོས་ཆེད་དུ་སློབ་དཔོན་ཆེན་མོ་ཁོང་ལ་འདི་ཐད་ནས་དགོངས་འཆར་ཞུས་བ་ཡང་གནད་དོན་ཆུང་ཆུང་ཞིག་ག་ལ་ཡིན།
རྭ་ལོ་ལགས། སྐུ་ཉིད་ཅུང་འཁྲུགས་པ་འདྲ། སྙན་ཐོ་འདི་ནི་རྒྱ་ནག་གཞུང་གི་ད་ལྟའི་རྩ་ཁྲིམས་གཞིར་བཟུང་ཞིབ་འཇུག་པ་ཁོང་རྣམས་ཀྱིས་སྔ་ལོའི་མདོ་དབུས་ཁམས་གསུམ་གྱི་ཞི་རྒོལ་ཐབས་རྩོད་ཀྱི་འབྱུང་རྩ་དང༌། ཕྱིས་འབྱུང་གྱི་གནས་བབ་ལ་དཔྱད་པ་ཞིག་རེད། རྒྱ་མི་རིགས་ཤིག་གིས་འདི་ལྟར་རྟོག་ཞིབ་བྱས་པ་ལེགས། འདིའི་ནང་མིག་འཕྲུལ་ཞིག་མེད་ན། རྒྱ་ནག་གི་ཤེས་ཡོན་ཅན་ཚོས་ང་ཚོར་རྣམ་འགྱུར་ཞིག་བསྟན་པ་རེད། དོན་གནད་མང་པོ་སྤུངས་འདུག ཞོར་དུ་དོན་བཀྲ་ལ་ལེགས་གསོལ་ཞུ།
ལོ་སྔོན་མར་བཙན་བྱོལ་བོད་གཞུང་གིས་པེ་ཅིན་ལ་རང་སྐྱོང་གི་གནས་བབ་སྐོར་གྱི་ཡིག་ཆ་ཞིག་ཕུལ་བ་དེ་དང་། སྙན་ཐོ་འདི་གཉིས་བསྡུར་ན། འདིའི་ནང་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་ས་ཁོངས་རང་སྐྱོང་དེ་བཤད་མི་འདུག་སྙམ།
གསུམ་གཅིག་བཞིའི་དོན་རྐྱེན་ལ་ཞིབ་འཇུག་བྱེད་ན་ཁམས་དཀར་མཛེས་ས་ཁུལ་ལ་ངེས་པར་དུ་འགྲོ་དགོས་ཀྱང་། ཁོང་ཚོས་བོད་ཆོལ་ཁ་གསུམ་གྱི་ཚབ་ལ། ལྷོ་ཁ་བདམས་ཏེ་བོད་ཀྱི་དཔལ་ཡོན་གྱི་ཁུངས་བཙལ་བ་ཡིན་ཚུལ་བཤད། མ་གཞི་ནས་གསུམ་གཅིག་བཞིའི་དོན་རྐྱེན་གྱི་ཐད་ནས་བོད་ས་ཡོངས་རྫོགས་ལ་རྒྱུ་རྐྱེན་གཅིག་མཚུངས་ཡིན་ཡང་། ཨ་མདོ་དང་དབུས་གཙང་མ་གཏོགས་ཁམས་ས་ཁུལ་ཞིབ་འཇུག་གི་ཁྱབ་ཁོངས་སུ་མེད་པ་འདི་ཏོག་ཙམ་འཐུས་ཚང་མིན་པའི་ཕྱོགས་རེད། སྤྱིའི་ཆ་ནས་སྙན་ཐོ་འདི་དྲང་པོ་རེད་འདོད།
རྒྱ་རྒན་འདི་ཚོས་འདི་ལྟ་བུའི་གསུམ་བཞིའི་དོན་རྐྱེན་དང་འབྲེལ་བའི་གནད་དོན་གྱི་ཞིབ་འཇུག་སྙན་ཐོ་རིང་བོ་ཞིག་བྲིས་ཡོད་ཀྱང་། འདིའི་ནང་དུ་ལུས་ལྟ་བུའི་བོད་རིགས་མི་དམངས་དང་རྐང་ལག་ལྟ་བུའི་མི་རིགས་འདིའི་རིག་གཞུང་དང་དཔལ་འབྱོར་གླེང་བ་མ་གཏོགས། མི་རིགས་འདིའི་ཁོག་པའི་སྙིང་ལྟ་བུའི་བོད་ཀྱི་དབུ་ཁྲིད་གོང་ས་ཏྰ་ལའི་བླ་མའི་སྐོར་གླེང་མེད་པ་འདི་ནི་རྒྱ་རྒན་འདི་ཚོས་བོད་ཀྱི་དངོས་ཡོད་གནས་ཚུལ་ལ་མིག་ཡ་གཅིག་བཀབ་ནས་ཡ་གཅིག་གིས་ལྟ་གིན་ཡོད་པའི་དཔང་རྟགས་གསོན་པོ་ཞིག་རེད། ཏྰ་ལའི་བླ་མའི་དགོངས་གཞི་སྟེ་བོད་ལ་རང་སྲིད་རང་སྐྱོང་ཚད་ལྡན་ཞིག་མ་ཡོང་བར་དུ་བོད་ཀྱི་གནད་དོན་འདི་ཐག་གཅོད་བྱེད་ཐབས་མེད་པ་དེའི་ཟུར་ཙམ་ཡང་གླེང་མེད་པ་འདིས་ཅི་ཞིག་མཚོན་བཞིན་ཡོད་དམ། སྙན་ཐོ་འདིའི་མཇུག་གི་ཨ་རིའི་མཁས་དབ་རོ་སྦོ་ཀྲེ་ལགས་ཀྱི་དྲི་ལམ་འདི་གཅིག་པོས་གོང་གི་རྒྱ་རྒན་ཚོས་ངལ་བར་འཛེམ་མེད་ཀྱིས་བྲིས་པ་ཡོངས་སུ་རྫོགས་པར་མཇུག་སྡོམ་གནད་དུ་ཁེལ་ཞིང་མེད་ཐབས་མེད་པ་ཞིག་བརྒྱབ་འདུག
རྩོམ་ཡིག་འདི་སྤེལ་ནས་ཆུ་ཚོད་ཉེར་བཞི་ཟིན་ཀྱང་ད་དུང་མཆན་གཅིག་ཀྱང་བཀོད་མི་འདུག་པ་འདི་ཅི་འདྲའི་ཡ་མཚར། རང་གཞུང་གི་གཙོ་འཛིན་ཞིག་གམ་ཡང་ན་མི་སྒེར་བ་ཞིག་ལ་ཁ་གཏོང་དགོས་ན་རྩོམ་ཡིག་གཅིག་ལ་ཉིན་རེར་མཆན་བཅུ་ནས་ཉི་ཤུ་ལྷག་མཐོང་རྒྱུ་འདུག སྤྱིར་འཇིག་རྟེན་བལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས་ཟེར་བ་ལྟར་ལོ་རྒྱུས་ཀྱི་ངོས་ནས་ལྟ་ཚུལ་འདི་དག་བོད་པ་ཚོར་མི་འཐད་ས་ཡོད་མོད། གཅིག་བྱས་ན་འདི་ནི་རྒྱ་རིགས་ཞིག་དང་བོད་རིགས་ཞིག་གིས་བོད་ཀྱི་ལོ་རྒྱུས་ལ་འཛིན་པའི་བལྟ་ཚུལ་གྱི་ཁྱད་པར་ཡིན་སྲིད་ལ། གཅིག་བྱས་ན་རྒྱ་རིགས་ཤེས་ལྡན་པ་འདི་དག་ཚང་མ་རྒྱལ་ནང་དུ་འཚོ་བཞུགས་བྱེད་ཀྱི་ཡོད་སྟབས་གནད་དོན་འགའ་རེ་དགོས་དབང་གིས་བརྗོད་པ་ཡང་ཡིན་སྲིད། འོན་ཀྱང་ང་ཚོས་རྩོད་བཞིན་པ་ནི་བོད་མི་ས་ཡ་དྲུག་གི་འདས་སོང་གི་ལོ་རྒྱུས་མ་ཡིན་པར། དེ་རིང་གི་འཚོ་བ་འདི་དང་། སང་ཉིན་གྱི་ལམ་བུ་དེ་ཡིན་པས། མི་བུ་འདི་དག་གིས་རང་ཉིད་ཀྱི་བདེ་འཇག་དང་འགྲིམ་འགྲུལ་གྱི་དཀའ་ཚེགས་ལ་མ་ལྟོས་བར་ས་ཁུལ་གང་མང་ཞིག་གི་་སྤྱི་ཚོགས་ཁྲོད་ཀྱི་དངོས་ཡོད་གནས་སྟངས་མང་པོ་ཞིག་ལ་ཞིབ་འཇུག་དང་རྒྱུས་ལོན་གཏིང་ཟབ་བྱས་འདུག་པས། གལ་སྲིད་པེ་ཅིན་གཞུང་གིས་སྙན་ཞུ་འདི་ལ་བསམས་གཞིག་བྱེད་པའི་ཉིན་མ་ཞིག་ཤར་ན་བོད་རྒྱའི་གྲོས་མོལ་དེ་ནས་འགོ་བཙུགས་པ་མ་རེད་དམ།