མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་རྒན་གྱི་ལམ། ཁང་གསར་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

ཐབས་ཤེས་ཡོད་རྒུ་བྱས་རྗེས་ང་རང་བོད་ནས་བལ་ཡུལ་དང་། དེ་རྗེས་བལ་ཡུལ་ནས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་རུ་འགྲོ་ཐུབ་པ་བྱུང་། འོན་ཀྱང་ས་དེར་སླེབས་པ་དང་ངའི་སེམས་ལ་འགྱོད་སྣང་དང་འཇིགས་སྣང་གཉིས་ཀ་ཤར།

གྲོང་ཁྱེར་དེར་བོད་མི་སྟོང་ཕྲག་གསུམ་ཙམ་ཡོད་ནའང་བོད་མིའི་སློབ་གྲྭ་གཅིག་ཀྱང་མེད་ལ། བོད་རིགས་ནང་ཁུལ་དུ་བལ་ཡུལ་ནས་སླེབས་པ་དང་རྒྱ་གར་ནས་སླེབས་པ་ཞེས་ཕྱོགས་འཛིན་བྱེད། ལྷག་པར་དུ་བོད་རིགས་གནས་ཡུལ་ས་ཁུལ་དེར་དུག་རྫས་ཉོ་སྤྱོད་བྱེད་མཁན་མང་བས། ལོ་གཞོན་བོད་རིགས་མང་པོ་དུག་རྫས་ཀྱིས་བརླག་ཚར་འདུག

ངའི་འཇིགས་སྣང་ཆེ་ཤོས་ནི། ཁུལ་དེར་བོད་ཕྲུག་སྟོང་ཕྲག་ཙམ་ཡོད་ཀྱང་འཛིན་རིམ་བཅུ་གཉིས་ཀྱི་ཚད་ལྟ་བུའི་སློབ་སྦྱོང་མཇུག་འཁྱོལ་ཐུབ་མཁན་ཧ་ཅང་ཉུང་བ་དེ་རེད། ཕ་མ་ཚོ་ལས་ཀར་བྲེལ་ཏེ་ཕྲུ་གུར་མི་ལྟ་བ་དང་། ཕྲུ་གུ་ཚོས་སློབ་སྦྱོང་མ་བྱས་པར་དགའ་རོགས་བསྒྲིགས་པ་དང་དུག་རྫས་འཐེན་པ། འཁྱམས་མྱུལ་བྱེད་པ་བཅས་ལ་བརྟེན། ངས་བསམ་གྱིན་བསམ་གྱིན་རང་ཉིད་ཡོང་ས་དེ་ནོར་འདུག་དྲན།

ངས་རང་གི་ཕྲུ་གུ་གཉིས་དེ་ལྟར་འཕྲོ་བརླག་གཏོང་འདོད་མེད། འོན་ཀྱང་ཁང་གླ་དང་ཟས་རིན་འཚོལ་དགོས་པས། ངས་ཕྲུ་གུར་གཅེས་སྐྱོང་བྱས་ནས་སྡོད་ཐབས་མི་འདུག དུས་ཚོད་རིམ་གྱིས་སོང་བ་དང་མཉམ་དུ་ངའི་བུ་རྒན་པས་སློབ་བྱོལ་བྱེད། ཁོས་ཁྱིམ་དུ་བོད་སྐད་སྤྱོད་ཚད་ཉུང་དུ་སོང་། ངས་གཤེ་གཤེ་དང་ཉེས་རྡུང་གཏོང་སྐབས། ཁོས་ཉེན་རྟོག་པ་བོས་ཡོང་། ང་ལ་འགྱོད་སྣང་ཤར། ངས་ང་རང་འདིར་འགྲོ་སོང་འབུམ་མང་པོ་བཏང་སྟེ་སོ་སོའི་ཕྲུ་གུ་འཕྲོ་བརླག་གཏོང་བར་ཡོང་བ་མིན་ནམ་སྙམ་པའི་དོགས་པ་ཤར།

ངའི་བུ་མོ་ཆུང་ཆུང་གི་ངག་ལ་དབྱིན་ཚིག་བརྒྱ་རེའི་གོ་སར་བོད་ཚིག་གཅིག་ཀྱང་ཨེ་ཡོད་སྙམ། ངེད་བཟའ་མི་གཉིས་ཀྱིས་གང་ཐུབ་ཀྱིས་བོད་སྐད་བཤད་ཀྱང་། ངེད་གཉིས་མ་ཡིན་པའི་གཞན་ཚང་མ་སྟེ། ཁ་པར་དང་བརྙན་འཕྲིན། གླུ་གཞས། གྲོགས་པོ་གྲོགས་མོ། གློག་བརྙན། དགེ་རྒན། སྨན་པ། ཞབས་ཞུ་བ་སོགས་ཚང་མས་དབྱིན་སྐད་སྨྲ་བས། ང་ལ་ཁ་སྟོང་དང་ལྕེ་འབུམ་ཡོད་ཀྱང་དེ་དག་གི་ཁ་གཏད་གཅོག་ཐབས་ཤིག་མི་འདུག ངས་སྒོར་འབུམ་མང་པོ་བཏང་སྟེ་རང་གི་ཕྲུ་གུ་གཉིས་བོད་མི་མ་ཡིན་པར་བསྒྱུར་བར་ཡོང་བ་མིན་ནམ་དྲན།


ངས་དེ་ལྟར་ལོ་གསུམ་མ་ཟིན་ཙམ་དཀའ་ལས་བརྒྱབ་རྗེས་མཐའ་མ་ནང་མི་ཚང་མའི་ཁ་གཏད་དུ་ལངས། ངས་དགོང་མོ་ཞིག་ཁྱིམ་ཚང་གི་ཕ་རྒན་གྱི་མིང་ཐོག་ནས་ངེད་ཚོ་རྒྱ་གར་ལ་ལོག་རྒྱུ་གཏན་འཁེལ་བ་ཡིན་ཞེས་བཤད། ཟླ་བ་ལྔ་ཙམ་གོང་ང་ཚོ་ཚང་མ་ལོག་ཡོང་སྟེ་རྡོ་རྗེ་གླིང་ལ་གནས་བཅས། འོན་ཀྱང་ངའི་ཕྲུ་གུ་རྒན་པས་ཟླ་བ་གཅིག་ལས་མ་སོང་གོང་ཁེ་ན་ཌར་ཕྱིར་ལོག་བྱས་སོང་། ཁོ་ལོ་བཅོ་བརྒྱད་སོན་མ་ཐག་པ་རེད་ལ་ཁེ་ན་ཌའི་མི་སེར་ཡིན་པས། ངས་འགོག་ཐབས་མི་འདུག

ནང་མི་ཁ་བྲལ་དུ་སོང་བས་ཁྱིམ་ཚང་ནང་མི་མཐུན་པ་མང་། འདི་ཁུལ་གྱི་བོད་མིའི་སློབ་གྲྭའི་གནས་ཚད་ཞན་པས། ང་ཡང་སོ་སོའི་བུ་མོའི་མདུན་ལམ་ལ་སེམས་ཁྲལ་སྐྱེ་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

མཆན། 37

  1. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    བློ་བཟང་ལུང་རྟོགས་ལགས་ལ་སྐད་ཆ་གནད་ཆེན་གསུང་རྒྱུ་འདུག རང་ཚུགས་ཐུབ་པ་དང་གཞན་དྲིངས་མི་འཇོག་པའི་ལྟ་བ་ལ་ཡིད་ཆེས་བརྟན་པོ་ཟིག་ཡོད་པ་འདྲ་བས་ང་ཚོ་ལ་མི་དེ་ལྟ་བུ་མཁོ། ཚང་མ་ལ་བདེན་ཁ་སྟེར་རྐྱང་བྱེད་མཁན་ཚོར་ང་མི་མགུ། ངའི་རེ་བ་ཁྱེད་རང་ཉིད་ཀྱིས་འདིར་ཟིན་བྲིས་ཤིག་བཟོས་ཏེ་རྩོམ་ཡིག་སྤེལ་རོགས།

    Reply
  2. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    གངས་ཕྲུག་ལགས། ཁྱེད་ཀྱི་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། ངས་ཀྱང་ལམ་ནོར་ཤོར་བ་ཤེས་ཀྱི་ཡོད། དབྱིན་ཇིའི་གཏམ་དཔེར། གཏན་དུ་རྗེས་ལུས་ཤོར་བ་ལས་རྗེས་ལུས་ཤོར་བ་དྲག་ (better late than never)ཟེར་བ་ཞིག་ཡོད། ངས་ནོར་བ་ཤེས་རྗེས་ལམ་ནོར་ལྡོག་ཤེས་བྱས་པའི་ཁུལ་ལགས།

    རྡོ་རྗེ་གླིང་དུ་གནས་ཆགས་ཐུབ་རྗེས། ངའི་བུ་མོས་བོད་སྐད་ཡག་པོ་ཤེས་བཞིན་འདུག བོད་ཡིག་ཀྱང་ཡར་རྒྱས་འགྲོ་བཞིན་པ་རེད། རྗེས་སུ་ཆ་རྐྱེན་འཛོམས་སྐབས་ངས་བོད་ཁྱིམ་ལ་སློབ་འཇུག་བྱེད་པའམ། ཐབས་ཤེས་གཞན་གང་འོས་བྱེད་ངེས་ཡིན།

    ངའི་བུའི་དཀའ་ངལ་དེ་དཀའ་ངལ་ཆེན་པོ་ཞིག་ཡིན། ཉིན་ལྟར་དགོང་མོ་མར་ཉལ་སྐབས་དེ་སེམས་ལ་འཁོར་ཡོང་གི་འདུག ངེད་ཚོ་ཁ་པར་ཐོག་ནས་འབྲེལ་བ་ཡོང་གི་ཡོད། ཁ་པར་ནང་སྣང་དག་མེད་ཟེར་ཡང་སེམས་ཁྲལ་འདུག ཁེ་ན་ཌ་ན་ཕོ་ལོ་བཅོ་བརྒྱད་ལ་སོན་པ་ཟེར་ན། ཉེན་ཁའི་གཡང་ལ་སླེབས་པ་དང་གཅིག་པ་རེད།

    གང་ལྟར་ཁྱེད་རང་གིས་གསུངས་པ་བཞིན། ང་གླེན་པ་ཞིག་ཡིན། འོན་ཀྱང་རང་གི་མེས་པོ་དང་མི་རབས་ཚ་རྒྱུད་ཀྱི་ཞབས་འདྲེན་པ་བྱེད་འདོད་མེད་པའི་གླེན་པ་ཞིག་ཡིན།

    Reply
  3. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ཁ་དཔེར། བུ་ཕ་ལ་རིགས།།བུ་མོ་མར་རིགས།། ཟེར་བ་མིན་ནམ་ཁང་རྡོའི་བུའི་བྱ་སྤྱོད་ལ་བལྟས་ན་སྐུ་ཞབས་ཁང་གསར་རྡོ་རྗེ་ལགས་མི་ཇི་འདྲ་ཞིག་ཡིན་པ་ཤེས་ཐུབ་ཀྱང་དེ་ང་དང་འབྲེལ་བ་མེད་པའི་དཡུགས་ཞོག

    Reply
  4. གངས་ཅན། says:
    ལོ་ 17 སྔོན།

    ཁང་གསར་རྡོ་རྗེ་ལགས་ཀྱི་ཆོད་སེམས་བརྟན་པོ་དེ་རྗེས་སུ་ཡི་རང་དང། སྔོན་མ་ང་རྡོ་རྗེ་གླིང་ཞིག་ཏུ་འགྲོ་སྐབས། སྔོན་མ་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཡིན་པའི་རྒད་པོ་ཞིག་འདུག ཁོང་ཡང་བོད་མི་ཆིག་སྟོང་ནང་ཨ་རི་སོང་ནས་བུ་ཕྲུག་གཉིས་ཨ་རི་ནས་འཚར་ལོངས་བྱུང་ཞིང། བུ་རྒན་པ་དེ་ཨ་རི་མི་སེར་ཆགས་ཏེ་གླགས་མ་འཁེལ་བས་ཁོ་རང་གི་འདོད་པ་ལྟར་བྱེད་དུ་འཇུག་པ་ལས་བྱ་ཐབས་མ་རྙེད་པ་དང། བུ་ཕྲུག་ཆུང་བ་དེ་རྒྱ་གར་དུ་ཁྲིད་ཡོང་ནས་བུ་ཁྱིམ་དུ་སློབ་འཇུག་བྱས་པ་ཡིན་ཟེར། ཡང་། ཧོང་སོར་ཞིག་ན་ཁྱོ་ག་ཨ་རི་བ་དང་སྐྱེས་མས་ཞིག་འདུག དེར་བུ་ཕྲུག་གཉིས་འདུག་ལ། དེ་ཡི་བུ་ཕྲུག་གཉིས་དང་ཁྱོ་ག་གསུམ་ཆའི་བོད་སྐད་བྱང་ཆ་ལྡན་པ་ཞིག་རྒྱག་གི་འདུག ག་རེ་ཡིན་ན། མགོ་འཐོམས་པ་ཞིག་རེད།

    Reply
  5. གངས་ཕྲུག says:
    ལོ་ 17 སྔོན།

    ངས་བལྟས་ན་ཁང་གསར་རྡོ་རྗེའི་བྱེད་སྟངས་མགོ་ནས་མཇུག་བར་ནོར་འདུག བསམ་བློ་སྔོན་ལ་བཏང་ན་མཁས་པ་དང་། གྱོད་པ་རྗེས་ལ་སྐྱེས་ན་གླེན་པ་ཡིན། ཟེར་བ་ལྟར་རེད། ཁོ་རང་ཁེ་ན་ཊར་མ་ཐོན་སྔོན་ལ་སོ་སོས་བསམ་བློ་བཏང་། གྲོགས་པོ་དག་དང་མི་གཞན་ལ་བློ་དྲིས། ནང་མི་དང་གྲོས་བྱས་ནས་ཐག་གཅོད་དགོས་པ་ལ་དེ་ལྟར་མ་བྱས་པར་སྒོར་མོ་འབུམ་མང་པོ་སྤྲད། ཡུལ་སྤོས། ནང་མི་འཐེན། གཞིས་ཆགས། ལུང་པའི་མི་སེར་ཆགས། ལྟོ་གོས་འཕྱིས་ཤིང་ནང་མི་གཉེར་སྐྱོང་ཐུབ་པའི་ལས་ཀ་བརྙེས་རྗེས་ཡང་རིགས་ཞེན་ཡོད་ཁུལ་གྱིས་ནང་མི་རྣམས་སླར་ཡང་རྒྱ་གར་ལ་ཁྲིད་པ་ནི་སེམས་འཕྱོ་བའི་རྟགས་ཡང་དག་ཅིག་བསྟན་འདུག ད་དུང་ཁོས་ཕྲུ་གུ་རྣམས་བོད་སྐད་སླར་གསོ་ཡོང་ཆེད་རྡོར་གླིང་དུ་སྤོས་པ་ནི་གད་མོ་འགོག་མི་ཐུབ་་པ་ཞིག་ཤོར་སོངྲ། ཡབ་གཞིས་ཀྱི་རང་འཚོའི་བཟོ་གྲྭ་ཕར་ཕུད་པའི་ཀ་རྡོར་སྒང་གསུམ་གྱི་བོད་ཕྲུག་ཚོའི་བོད་སྐད་ནི་ར་མ་ལུག་ཡིན་པ་རྒྱ་གྲགས་བོད་གྲགས་རེད། ངས་ནམ་ཡང་རྗེས་སུ་ཡི་རངས་བྱེད་མི་ཐུབ། ད་དུང་མི་ལྐུགས་པ་དེ་སུ་ཡིན་ནམ་བསམ་ནས་པར་བལྟ་འདོད་འདུག་པས་དུས་བབ་ནས་བཅར་དྲི་བྱས་ནས་པར་ཞིག་སྟོན་རོགས་ཞེས་རེ་བསྐུལ་ཞུ་རྒྱུ་ཡིན།

    Reply
  6. དབུ་མ། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོས་སྐད་ཡིག་དང་རིག་གཞུང་གླེང་གིན་སྐད་ཡིག་ལ་གཏོར་བཤིག་མ་གཏོང་རོགས།གོང་གི་བསམ་འཆར་དག་ལ་གཟིགས་དང་།ཡིག་ནོར་དང་ཆད་ལྷག་མེད་པ་ཞིག་ཧ་ཅང་དཀོན།རྗེས་སུ་སྤྱི་སྐད་དེ་ཡིག་སྐད་བེད་སྤྱོད་བྱ་
    ཐུབ་ན་ལེགས།

    Reply
  7. བློ་བཟང་ལུང་རྟོགས། says:
    ལོ་ 17 སྔོན།

    ཤ་ཁྲག་སྣག་གསུམ་ལགས།
    ང་རང་ཉེ་ཆར་རྒྱ་བོད་སློབ་ཕྲུག་བགྲོ་གླེང་ཟེར་བ་ཞིག་ལ་ཕྱིན་པ་ཡིན། རྒྱ་བོད་གཞོན་ནུའི་སློབ་ཕྲུག་གི་བགྲོ་གླེང་ཁྲོད་ང་རང་དངོས་ནས་སེམས་ཁམས་ལ་སྐྱོན་ནམ་ཉམས་ཆུང་ནུས་མེད་ཅིག་ཡིན་ཤེས་རྟོགས་བྱུང་།
    ང་རང་གི་སེམས་ཁམས་ལ་སྐྱོན་ཡོད་པ་ངོས་ལེན་ཞུ་གི་ཡིན། རང་སྐྱོན་ངོས་ལེན་མ་བྱས་ན་སྐྱོན་ཆ་བཤད་མཁན་ཡོང་དུས་ཁྱེད་རང་ལྟར་ལམ་སེང་ལན་སློག་པའི་གོམས་གཤིས་ཞིག་ང་ཚོར་རང་འཇགས་ཡོད་པ་དེ་རེད། ལན་སློག་དུས་ཀྱང་རྒྱུ་མཚན་དང་གནས་ལུགས་མི་བརྗོད།
    གོང་ཞུས། བོད་རྒྱ་སློབ་ཕྲུག་གི་བགྲོ་གླེང་གི་ཐོག་རྒྱ་རིགས་སློབ་ཕྲུག་མང་ཆེ་བས་རང་གིས་བརྗོད་འདོད་པ་རྣམས་ཞུམ་པ་མེད་པར་བརྗོད་ཀྱི་འདུག་་་བོད་རིགས་ཚོའི་ཁྲོད་ནས་ཀྱང་སྐད་ཆ་བཤད་ཐུབ་མཁན་ནི་ཕ་མ་གང་རུང་ཕྱི་རྒྱལ་ཡིན་པ་དེ་འདྲ་རེད། ཕ་མ་གཉིས་ཆ་བོད་པ་ཡིན་མཁན་ཕལ་ཆེར་ཉམས་ཆུང་དང་ནུས་མེད་ལྟ་བུ་མཐོང་སོང་། ག་དུས་ཡིན་ཀྱང་གཉའ་ཞུམ་ཞུམ་དང་གུས་བརྩི་ཡོད་མདོག་མདོག རྒྱ་རིགས་རྣམས་མེད་སར་པ་མགོ་ཟེར་བཞིན་མང་པོ་ཞིག་ལབ་ཀྱི་འདུག
    གལ་སྲིད་ཁྱེད་རང་སེམས་ཁམས་རིག་པར་རྒྱུས་མྱོང་ཡོད་མཁན་ཞིག་ཡིན་ན་གོང་གི་གནས་ཚུལ་ཆུང་ཆུང་དེས་ག་རེ་སྟོན་གྱི་ཡོད་པ་རེད། ང་ཚོ་བོད་རིགས་ཚོར་སྤོབས་པ་དང་སོ་སོར་ཡིད་ཆེས་ཟེར་བ་དེ་མེད་པའི་རྒྱུ་མཚན་གཙོ་བོ་ཕ་མས་གསོ་སྐྱོང་གི་བརྒྱུད་རིམ་ནས་སླེབས་པ་མ་རེད་དམ།
    ཡང་ན། རྒྱུ་རྐྱེན་གང་རེད་དམ།
    གསལ་བོར་ཞུ་དགོས་པ་ཁག
    ༡་་ངས་བོད་ཀྱི་རིག་གཞུང་ཚང་མ་སྤངས་དགོས་བྲིས་མེད་ལ་ཡང་བོད་ཀྱི་བྱེད་སྟངས་ཚང་མ་འགྲིག་འདུག་བསམ་གྱི་མེད།
    ༢་་ང་ཚོས་རང་སྐྱོན་ངོས་ལེན་བྱེད་པའི་དུས་ཚོད་ཕྱིས་དྲགས་མེད་ནས་སྔ་དྲགས་མེད། དེ་བས་ཕྲུ་གུ་གསོ་སྐྱོང་གི་གནད་དོན་འདིའི་ཐོགས་མི་རིགས་གཞན་ནས་ལེན་དགོས་པ་དེ་འདྲ་ཡོད་མེད་ཀྱང་བསམ་བློ་བཏང་ཆོག་གི་རེད།
    ༣་་ཕྲུ་གུར་གཅར་རྡུང་དང་། གདོན་འདྲེའི་སྒྲུང་ཤོད་པ། ད་དུང་འཕྲོད་བསྟེན་ལ་དོ་སྣང་མེད་པ་སོགས་ཀྱིས་ཕྲུ་གུའི་ལུས་སེམས་གཉིས་ལ་སྐྱོན་རྒྱག་གི་ཡོད་པ་རེད།
    ༤་་ཤ་ཁག་སྣག་གསུམ་ལགས་ནས་མིང་གསང་བ་བྱེད་པ་དེ་ཡང་སེམས་ཁམས་ལ་སྐྱོན་ཡོད་པར་ངས་ངོས་འཛིན་བྱེད་ཀྱི་ཡོད།
    གང་ཉིད་ཀྱིས་མིང་དངོས་དེ་བརྗོད་ཐུབ་པ་ཡིན་ན་གོམ་པ་གང་མདུན་ཕྱོགས་སུ་སྤོས་པ་རེད།
    དགོངས་དག་ངས་སེམས་ཁམས་ལ་སྐྱོན་ཟེར་བའི་ཚིག་དེ་བོད་རིགས་རྣམས་ལ་ཅུང་ཟད་བཙན་དྲགས་པ་འདུག་ཀྱང་ཚིག་གཞན་ཞིག་ད་ལྟ་བར་དུ་རེག་མ་སོང་བས་གནས་སྐབས་རིང་ཚིག་དེ་བེད་སྤྱོད་བཏང་ཆོག་པའི་ཆོག་མཆན་ཞུ་གི་ཡིན།
    ཐུགས་རྗེ་ཆེ།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་བློ་བཟང་ལུང་རྟོགས་ལགས། སྐུ་ཉིད་ཀྱིས་ང་རང་གིས་དྲི་བ་དེར་ལན་འདེབས་གནང་བ་ཐུགས་རྗེ་ཆེ་ཞུ།
    ཁྱེད་རང་གིས་གསུང་བས་ང་ཚོ་བོད་པ་ཚང་གི་བུ་ཕྲུག་ཚོ་གཅར་བརྡུང་བྱེད་ཀྱི་འདུག་ཟེར་བ་དེ་ལ་ང་རང་ཡང་མོས་མཐུན་ཡོད། འོན་ཀྱང་། བོད་པ་མང་ཤོས་ཤིག་གི་སེམས་ཁམས་ལ་སྐྱོན་ཡོད་པ་རེད་ཟེར། དེས་ན་ཁྱེད་རང་སྐྱོན་ཡོད་པ་དེའི་གྲངས་དུ་ཡོད་མེད་སྐུ་ལན་གསལ་བོ་ཞིག་གནང་ན་འགྲིག་གི་རེད་དམ།
    ད་དུང། སྐུ་ཉིད་ནས་དེ་འདྲ་ཞིག་སྙམ་གྱི་འདུག་ཟེར་བ་ཙམ་གྱིས་གཏན་ནས་འགྲིག་གི་མི་འདུག སྤྱིར་མི་ཞིག་ཡིན་དུས་རང་གིས་གང་བཤད་པ་དེ་ལ་འགན་ཞིག་དགོས་ཀྱི་ཡོད་པ་མ་ཟད། ལྷག་དོན་དུ་མི་རིགས་ཤིག་གི་དར་རྒུད་གླེང་དུས་དེ་བས་ཀྱང་འགན་ཡོད་པའི་སྐད་ཆ་བཤད་དགོས་ཀྱི་ཡོད་པ་སྐུ་ཉིད་ནས་མཁྱེན་གསལ་རེད།
    བོད་པ་ཚོ་མ་གཏོགས་རང་རློམ་བྱེད་མཁན་མི་རིགས་གཞན་མེད་པ་ཡིན་ནམ། བོད་པ་ཚོ་མ་གཏོགས་རང་གི་སྐད་ཡིག་འདི་ཕྱུག་པོ་ཡིན་ཟེེར་མཁན་མེད་པ་ཨེ་རེད། འདི་སྐུ་ཉིད་ཀྱིས་བསམ་གཞིགས་གསལ་བོ་ཞིག་གནང་མྱོང་ངམ། གལ་སྲིད་སྐུ་ཉིད་ལ་རེ་འདོད་ཡོད་ན་གནས་ཚུལ་དངོས་ནས་རང་རང་གི་མི་ཚེ་གྱི་ཉམ་མྱོང་དང་བསྒྲགས་ནས་བདེན་པ་བདེན་དྲང་གིས་གསུང་ལན་ཞིག་གནང་རྒྱུ་མཁྱེན།

    Reply
  9. ལྕགས་རྒྱ་འགྲམ་ནག says:
    ལོ་ 17 སྔོན།

    གོང་གི་གནས་ཚུལ་དེ་འབྲོག་རུ་ཆོས་གྲགས་ལགས་ཉེ་ཆར་རྡར་རྗེ་གླིང་ལ་སོང་བའི་མཐོང་ཐོས་ཡིན་པ་ཡིད་འཇགས་འཚལ།

    Reply
  10. ལྕགས་རྒྱ་འགྲམ་ནག says:
    ལོ་ 17 སྔོན།

    ཁང་གསར་ལ་ཁ་ན་ཊ་ནས་བོད་སྐད་དང་བོད་གཤིས་ཀྱི་ཐོག་ལ་འཕྲད་པའི་དཀའ་ངལ་དེ་རྡར་རྗེ་གླིང་ནས་སེལ་ཐུབ་བམ། འབྲོག་རུ་ཆོས་གྲགས་ཀྱིས་ཀ་རྡོར་སྒང་གསུམ་གྱི་ད་ལྟའི་གནས་སྟངས་ལ་རྟོག་ཞིབ་བྱས་པ་ལྟར་ན། ཁང་གསར་གྱི་དཀའ་ངལ་དེ་ས་ཆ་བརྗེ་སྤོར་བྱས་པ་ཙམ་གྱིས་སེལ་ཐུབ་རྒྱུ་ནི་ཐེ་ཚོམ་ཞིག་ཡིན་པ་འདྲ།ཞིབ་ཕྲའི་གནས་ཚུལ་གཤམ་གྱི་གནས་ཚུལ་འདི་ལས་ཤེས་པར་གྱིས།

    ཀ་རྡོར་སྒང་གྱི་བོད་པ་ཚོ་ཉམས་བཞིན་འདུག
    ཀ་རྡོར་སྒང་གསུམ་ནི་བོད་གངས་ཅན་པ་ཚང་གི་ལོ་རྒྱུས་ཡིག་ཚང་ནང་བལྟས་ན་ཧ་ཅང་གནད་འགག་གི་ལོ་རྒྱུས་གྱི་ས་ཚིགས་གཙོ་བོ་ཞིག་ཆགས་ཡོད་པ་མ་ཟད།
    ལྷག་དོན་དུ་ཀ་སྤུག་ནི་བོད་མ་ཤོར་བའི་སྔོན་ནས་བཟུང་བོད་ཀྱི་ཚོང་འབྲེལ་བྱེད་སའི་ལྟེ་གནས་ཤིག་ཀྱང་རེད། ཡིན་ནའང་། ད་སྐབས་ས་དེའི་བོད་པ་ཚོས་བོད་ཀྱི་གནད་དོན་ཐད་གླེང་སློང་བྱ་རྒྱུ་ཕར་ཞོག རང་གི་ནང་མི་དང་གྲོགས་པོ་ཚོ་ལའང་བོད་སྐད་མི་བཤད་པར་མ་ཟད། གཞོན་སྐྱེས་ཚོས་བོད་སྐད་བཤད་མི་ཤེས་མཁན་ཡང་ཇེ་མང་དུ་འགྲོ་བཞིན་འདུག་ཟེར། དེའི་ཐད་ནས་ཀ་སྤུག་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་འཇམ་དཔལ་སྐལ་ལྡན་ལགས་སུ་གླེང་མོལ་བྱས་པར་ཁོང་གིས་བརྗོད་དོན།
    ས་ཆ་འདིའི་བོད་པ་ཚོར་བོད་དོན་གྱི་ཕྱོགས་ལ་སེམས་ཤུགས་ཆེན་པོ་ཡོད་པ་མ་རེད། མ་གཞི་ཁོང་ཚོ་བོད་ལ་མ་དགའ་བ་དང་བོད་མ་དགོས་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད། གཙོ་བོ་ཁོར་ཡུག་གིས་བསྒྱུར་སོང་བ་རེད།
    གཞོན་སྐྱེས་ཚོས་བོད་དོན་དང་བོད་སྐད་ཡིག་གི་ཐོག་ལ་འབད་པ་མི་་བྱེད་པའི་སྣང་ཚུལ་ཞིག་ནམ་རྒྱུན་ཡོང་གིན་ཡོད་པ་རེད། འདི་ལ་བོད་གཞུང་གིས་ཀྱང་དོན་སྣང་ཆེན་པོ་བྱ་རན་འདུག ཀ་རྡོར་སྒང་གསུམ་ཁ་འཐོར་གཞིས་ཆགས་རེད་ཅེས་ནས་སྣང་མེད་དུ་བཞག་ན་ས་ཁུལ་འདི་གསུམ་གྱི་བོད་མི་ཚོ་མི་འགྱངས་བར་འདིའི་ཡུལ་མིའི་ནང་འཐིམ་རྒྱུ་ཐག་གཅོད་ཐུབ་པ་ཞིག་རེད།
    ༸གོང་ས་མཆོག་གིས་ཀྱང་བོད་པ་ཚང་མ་གནས་སྟངས་འདི་འདྲ་ཞིག་ཆགས་རྒྱུ་རེད་བསམ་ནས་དང་པོ་བོད་སྐད་ཡིག་བསླབ་ས་ཡོད་པའི་སློབ་གྲྭ་ཁག་གསར་འཛུགས་གནང་བ་རེད་ཟེར།
    བོད་སྐད་གཙང་མ་བཤད་རྒྱུ་དེ་བོད་མི་རེ་རེ་ངོས་ནས་འགན་ཁུར་མ་ཁུར་ལ་ཐུག་ཡོད་སྟབས། བོད་མི་ཚོས་ག་རེ་བྱས་ནས་འགན་དེ་འཁུར་ཐུབ་ཀྱིན་ཡོད་མེད་སྐོར་གླེང་སློང་བྱས་པར་ཁོང་གིས་བརྗོད་དོན། དེ་ཏག་ཏག་རེད། ཡིན་ནའང་། ང་ཚོའི་བུ་ཕྲུག་ཚོ་ཆུང་དུས་ནས་རྒྱ་གར་གཞུང་གིས་སྟངས་འཛིན་འོག་ཡོད་པའི་བོད་གཞུང་གི་སློབ་གྲྭ་ཁག་ལ་འགྲོ་བཞིན་ཡོད་པ་རེད། དེ་འདྲ་སོང་ཙང་ཆུང་དུས་ནས་རྒྱ་གར་གྱི་ཡུལ་མི་དང་སྒྲིག་ཁྲིམས་ཐ་ན་སློབ་གསོ་རྒྱག་སྟངས་སོགས་བོད་པའི་འཚོ་བ་དང་ཁ་བྲལ་ནས་བསྡད་སྟབས།
    ཁོང་ཚོ་རང་བཞིན་གྱིས་འདི་འདྲ་ཞིག་ཆགས་སོང་བ་རེད་བསམ་གྱིན་ཡོད་ཟེར།

    ཀ་སྦུག་ས་གནས་འཐཱུས་ཚོགས་ཀྱི་ཚོགས་གཙོ་དར་ཞབས་འཇམ་དཔལ་སྐལ་ལྡན་ལགས་ནི་་༡༩༥༦་་ལོར་རྒྱ་གར་ལ་འབྱོར་ཞིང་། རིམ་བཞིན་རྒྱ་གར་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམ་ཞོར་དར་མདོ་རིན་པོ་ཆེ་མཆོག་གི་དྲུང་ནས་བོད་ཡིག་གི་སྙན་ངག་དང་སུམ་རྟགས་དག་གསུམ་ཆེད་སྦྱོང་བྱས།
    ཁོང་གིས་སློབ་སྦྱོང་གི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་རྗེས་རྒྱ་གར་གྱི་འཛིན་སྐྱོང་འོག་གནས་པའི་བོད་གཞུང་གི་སློབ་གྲྭ་ཁག་ནས་ལོ་ངོ་ཉི་ཤུའི་རིང་བོད་ཡིག་གི་ཕྱག་ལས་གནང་།
    ད་སྐབས་འཕགས་བོད་ནང་བའི་རིག་གནས་སློབ་གཉེར་ཁང་གི་འགན་འཛིན་དང་། ཀ་སྦུག་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོའི་ཕྱག་ལས་གནང་བཞིན་ཡོད་འདུག

    Reply
  11. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    བོད་ཀྱི་ཡུལ་མི་ཡིན་བཞིན་དུ་རྒྱལ་ཁབ་གཞན་གྱི་ཡུལ་མི་བྱས་ཆོག་པའི་ཆ་རྐྱེན་ཞིག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བསྐྲུན་འདུག ད་ལྟའི་འཕྲོད་བསྟེན་བཀའ་བློན་སོགས་ཀྱང་རྒྱལ་ཁབ་གཞན་གྱི་ཡུལ་མི་རེད། འདིའི་སྐོར་ལ་ང་ཚོས་རྗེས་སུ་ཟིན་བྲིས་གཞན་ཞིག་གི་ནང་བགྲོ་གླེང་བྱ།

    ང་རང་གནས་བཅའ་ཡུལ་གྱི་སྐོར་ལ་བསམ་བློ་མང་པོ་བཏང་མྱོང་། དྷ་ས་སོགས་དྲན་མྱོང་། འོན་ཀྱང་ལམ་སང་ཆ་རྒྱུས་མེད་པའི་ལུང་པ་ཞིག་ལ་འགྲོ་བ་ལས། རྡོ་རྗེ་གླིང་ལ་གཉེན་སྤུན་དང་ངོ་ཤེས་ཡོད་པ་དང་། ངེད་བཟའ་མི་གཉིས་ཀ་སྡོད་སའི་ཁང་པ་ཞིག་ཀྱང་ཡོད་པ། ང་རང་ལ་ལས་ཀ་ཞིག་ཀྱང་རག་གི་ཡོད་པ་བཅས་ཀྱི་ཆ་ནས་འདིར་གནས་བཅས་པ་ཡིན། འདིར་བསྡད་ཡུན་རིང་ངའི་བུ་མོས་བོད་ཡིག་བོད་སྐད་ཡག་པོ་ཤེས་ཀྱིན་འདུག དེ་ནི་བེད་སྤྱོད་ཀྱི་ཁོར་ཡུག་ཡོད་པའི་དབང་གིས་རེད།

    ཕྲུ་གུར་ཉེས་རྡུང་གཏོང་བ་དང་གཅེས་སྐྱོང་བྱེད་སྟངས་ཐད་དྲ་གྲོགས་བློ་བཟང་ལུང་རྟོགས་ཀྱིས་བཤད་པ་དེ་གནད་འགག་རེད། གནད་འགག་འདི་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་སླེབས་དུས་གནད་དོན་ཆེན་པོར་ཆགས་ཀྱི་འདུག ངས་དེའི་སྐོར་ལ་རང་ལ་དངོས་སུ་བྱུང་བའི་དཀའ་ངལ་ཞིག་ཟིན་བྲིས་སུ་འགོད་བཞིན་ཡོད། བྲིས་ཚར་བ་དང་སྤེལ་ཆོག

    ངས་སྤེལ་བ་འདི་སྙིང་བསྡུས་རེད། དེར་འབྲི་མ་ཐུབ་པའི་གནད་དོན་མང་པོ་ཡོད། ཚང་མ་བྲིས་ན། སྙན་པོ་དང་ཡག་པོ་ཆགས་ཀྱི་མི་འདུག ཚང་མ་མ་བྲིས་ན། མི་ཚོར་དོགས་པ་སྐྱེ་བཞིན་འདུག

    Reply
  12. བློ་བཟང་ལུང་རྟོགས། says:
    ལོ་ 17 སྔོན།

    གྲོགས་པོ་བོད།ཤ་ཁྲག་སྣག་གསུམ་ལགས་ལ་ཞུ་རྒྱུ། སྤྱིར་བཏང་དུས་རབས་ཕྱེད་ཙམ་གྱི་སྔོན་ལ་དཔེ་གསར་ཡིན་པའི་མིང་རྫུན་བེད་སྤྱོད་གཏོང་མཁན་ཚོར་ང་ལ་ལན་འདེབས་པའི་འདོད་པ་མེད་ན་ཡང་། བོད་རིགས་སྤྱིའི་ལས་དབང་སྐོར་གྱི་དྲི་བ་ཞིག་བཏང་ཡོད་པར་ངས་གང་ནུས་ཀྱིས་ལན་འདེབས་ཞིག་ཞུ་འདོད་བྱུང་།
    ༡་ངས་བོད་རིགས་མང་ཆེ་བར་སེམས་ཁམས་ལ་སྐྱོན་ཆ་ཡོད་པར་ངོས་འཛིན་ཞུ་གི་ཡོད། རྒྱུ་མཚན། ང་ཚོས་རང་ཉིད་ལ་གཞན་ལས་ལྷག་པའི་རིག་གཞུང་ཕྱུག་པོ་ཞིག་ཡོད་པར་རློམ་ནས་ད་ལྟའི་བར་དུ་རང་རློམ་གྱི་ན་ཚས་མནར་རྐྱེན་ང་ཚོར་འགྲོ་བ་མི་ཞིག་ལ་དགོས་པའི་སྤོབས་པ་ཟེར་བ་དེ་རྩ་བ་ནས་མེད།
    ༢་ཕ་མས་སེམས་འཁུར་འོག་གཉོར་སྐྱོང་བྱས་པའི་ཕྲུ་གུ་ལ་སེམས་ཁམས་ཀྱི་སྐྱོན་ཡོད་སྐོར་ངས་ལབ་རྒྱུ་བྱུང་མེད་ཀྱང་། བོད་རིགས་ཚོར་ཕྲུ་གུ་གཉོར་སྐྱོང་སྐོར་ལ་རིག་པའི་གཞུང་ལུགས་ཞིག་འདི་ཞེས་སྟོན་རྒྱུ་མི་འདུག
    ༣་གཅར་རྡུང་གི་སློབ་གསོ་དེ་རྗེས་ལུས་ཀྱི་སློབ་གསོར་རྩིས་ན་མ་འགྲིག་པ་གང་ཡང་མེད། ང་རང་ཀྱང་ཕྲུ་གུ་ཡོད་པའི་པ་ལགས་ཐེབས་ཆག་ཅིག་ཡིན་པས་ཆ་ནས་རང་གི་ནོར་འཁྲུལ་ངོས་འཛིན་བྱེད་ཀྱི་ཡོད།
    ༤་༧གོང་ས་མཆོག་ནས་ཡང་ཡང་གསུང་བཞིན་པའི་ཕ་མས་ཕྲུ་གུར་བརྩེ་བ་སྤྲོད་སྟངས་དེ་བཞིན་ང་ཚོ་བོད་རིགས་ཀྱི་དྲི་བསུང་འཐུལ་བའི་རིག་གཞུང་དུ་བརྩིས་ཆོག འོན་ཀྱང་། མི་ཚེའི་རེ་བ་ཡོད་ཚད་བུ་ཕྲུག་ལ་བཅོལ་བའི་ལུགས་སྲོལ་དང་གོམས་གཤིས་དེ་ཡག་པོ་ཨེ་ཡོད་སྙམ་གྱི་འདུག
    སྨྱུག་གྲོགས་ཚོས་མུ་མཐུད་དེའི་ཐད་བགྲོ་གླེང་གནང་རོགས།

    Reply
  13. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གལ་ཏེ་ཁང་རྡོ་ལགས་ཀྱི་བུ་རྡོར་གླིང་ལ་ཁྲིད་པ་བདེན་པར་ཆ་ཞོག
    དེས་ཅི་ཞིག་ཕན་ཆེས་མང་ན་ཟླ་ཤས་རིང་རྡོར་གླིང་དུ་སྡོད་ཡོད་ཀྱི་རེད། དེས་བོད་སྐད་དང་བོད་ཡིག་ལ་མི་ཕན་པ་མ་ཟད་དེ་ལས་ལྡོག་དེ་རྡོར་གླིང་གཞིས་ཆགས་བོད་རིགས་གཞོན་སྐྱེས་ཚོར་ཤུགས་རྐྱེན་ངན་པ་ཐེབས་ངེས་པས་ཕན་ལས་གནོད་པ་ཆེའོ།
    ཁང་རྡོ་ལགས་ཁྱོད་ཁ་དྲོ།

    Reply
  14. ལྕགས་རྒྱ་འགྲམ་ནག says:
    ལོ་ 17 སྔོན།

    ཁང་གསར་གྱིས་བརྗོད་གཞི་འདི་འདྲ་གླེང་བ་དང་དེའི་ཐོག་ཏུ་བསམ་ཚུལ་བཤད་མཁན་མང་བ་འདི་ཡག་པོ་འདུག ཡིན་ནའང་གནས་ཚུལ་འདི་ཞིབ་ཏུ་ཀློག་སྐབས། ངས་ནི་དེ་ལ་ཁང་གསར་གྱིས་སྒྲུང་གི་ལྷན་པ་མང་པོ་ཞིག་བརྒྱབ་འདུག་ཨང་སྙམ་བྱུང་། དེ་ལྟར་བསམ་དོན་ནི། རྒྱ་གར་དང་ཁ་ན་ཊའི་སྤྱི་ཚོགས་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ཚེ། སྐད་ཡིག་དང་རིག་གཞུང་གི་ཞེན་ཁོག་གིས་བུ་ལོ་བཅོ་བརྒྱད་ལ་སོན་ལ་ཉེ་བ་ཞིག་རྡར་རྗེ་གླིང་ལ་དྲུད་འགྲོ་བ་ནི་བློ་ཡིད་དུ་ཤོངས་དཀའ་བ་ཞིག་རེད། ཁང་གསར་གྱི་བྱེད་སྟངས་འདིས་ཧི་མ་ལ་ཡ་ཟེར་བའི་གློག་བརྙན་དེའི་ནང་གི་རྒད་པོ་ཀླད་གྱོང་འཕྲིན་ལས་དྲན་དུ་བཅུག་སོང་། ངའི་ཉམས་མྱོང་ལྟར་ན། རྡར་རྗེ་གླིང་ནི་རྒྱ་གར་གྱི་གཞིས་ཆགས་ཁག་ནས་བོད་སྐད་སྐྱོ་ཤོས་དེ་རེད། གང་ལྟར་སྒྲུང་དང་ངོ་མ་གང་ཡིན་རུང་དཀའ་ངལ་རྣམས་མུ་འགོད་བྱེད་རོགས།

    Reply
  15. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    ཁང་གསར་རྡོ་རྗེ ་ལགས་ཀྱི་ཟིན་བྲིས་འདི་ཡག་པོ་ཞིག་བྲིས་འདུག་ལ། དེ་ལ་ཨ་རིག་གླེན་རྒན་གྱིས་བསམ་འཆར་བྲིས་པ་དག་ལ་ཡང་གོ་རྒྱུ་འདུག་སྙམ། འདི་ནི་ངས་ཞེན་ཁོག་མིན་པར་དྲང་ཐད་ནས་བཤད་པ་ཡིན།

    Reply
  16. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    དྲ་གྲོགས་རྣམ་པ་དོན་མེད་སེམས་ཁུར་མ་བྱེད་ཁང་གསར་རྡོ་རྗེ་ལགས་ཀྱིས་ང་ཚོར་རྩེད་མོ་རྩེད་ཀྱིན་ཡོད་རེད། ཁོའི་བུ་ཕྲུག་མི་རིགས་གཞན་དུ་བསྒྱུར་ཚར་རྗེས་སྐད་ཆ་འདི་གླེང་གི
    ཁོ་ལ་དེ་འདྲའི་སེམས་ཤིག་ཡོད་ན་ཅིའི་ཕྱིར་ཁེ་ན་ཊའི་མི་སེར་གྱི་ཐོབ་ཐང་ཕྱིར་བསྡུ་མ་བྱས་པ་རེད། རྒྱལ་ཁབ་གང་ཞིག་ཡིན་ཡང་མི་སེར་གྱི་ཐོབ་ཐང་ཞུ་བ་དང་ཕྱིར་བསྡུ་བྱེད་པའི་ཁེ་དབང་དོ་བདག་རང་ཉིད་ལ་ཡོད་རེད། དེ་ཐོབ་ཐུབ་མིན་གཞན་བསྟེན་རེད།
    གང་ལྟར་ཁང་རྡོའི་རང་དོན་བྱུང་བཞག་དེ་ཡག་པོ་རེད

    Reply
  17. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    དྲ་གྲོགས་ཁང་སར་རྒད་པོའི་སྡུག་སྐད་ལ་ཉན་རྗེས་སེམས་པའང་དེ་ཙམ་བདེ་བོ་མི་འདུག་་་་གང་ཡིན་ཟེར་ན་དེང་སྐབས་བོད་ཕྲུག་མང་ཆེ་ཤོས་དེ་འདྲར་ཆགས་འདུག་་་་་ཁོང་ཚོར་ཁ་བརྡ་འགའ་བྱོས་དང་མིང་ཚིག་མང་ཆེ་ཤོས་གཞན་སྐད་ལས་བོད་སྐད་ཧ་ཅང་ཉུང་། ངས་འདི་འདྲ་མང་པོ་མཐོང་མྱོང་་ངས་འདི་འདྲའི་སྐོར་ལ་བསམ་བློའང་མང་པོ་བཏང་མྱོང་། འུ་ཚང་ལ་རང་སྐད་གཙང་མ་བཤད་མཁན་ཞིག་ཧ་ལམ་མེད་པ་ལྟ་བུར་ཆགས་རྒྱུའི་དུས་ཤིག་ཡོང་ལ་ཉེ། ནམ་ཡིན་ཡང་ཕ་མ་ཚོར་རེ་སྐུལ་དང་བོད་ཕྲུག་ཚོར་བསླབ་བྱ་རྒྱག་རྒྱུ་དེ་ང་ཚོ་བོད་པ་དང་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོད་མཁན་ཚོས་འགན་འཁྲི་ཡིན་པས་དྲ་གྲོགས་ཚོས་འདི་ནམ་ཡང་སེམས་ལ་ཉལ་རྒྱུ་ཞེས་འབོད་སྐུལ་ཞུ་བཞིན་ཡོད།

    Reply
  18. བཙན་པོ། says:
    ལོ་ 17 སྔོན།

    ང་ཁང་གསར་གྱིས་བྱེད་ལྟངས་འདི་ལ་ཡིད་སྨོན་ཤོར་ཡོད། ལུང་རྟོགས་པས་ཅིག་ཤེས་མདོག་མདོག་བྱས།ང་ཨ་རི་ན་ཡོད་།ནུབ་ཕྱོགས་ཀྱི་གནས་ཚུལ་ཤེས་ཀི་ཡོད། ནུབ་ཕྱོགས་ཀྱི་ར་བཟི་དུག་འཐུང་ཞིག་བྱེད་པ་ལས་རྒྱ་གར་གྱི་པྰ་མགོ་ཞིག་བྱས་ན་བཟང།

    Reply
  19. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    ཁང་གསར་རྡོ་རྗེ་ལགས། ཁྱེད་ཀྱི་བུ་ཕྲུག་གིས་བོད་སྐད་གཅིག་པོ་ཤེས་པ་ཙམ་གྱིས་ཆོག་གི་ཡོད་པ་མ་རེད། ངས་རྡོར་གླིང་ན་བོད་ཀྱི་གཤིས་ཀ་རློན་པ་དང་། བོད་ཀྱི་ཤ་དྲོད་ཚ་བོ་ཞིག་མེད་ཁུ་ཟེར་གྱིན་ཡོད།
    ངའི་འདོད་པ་ཡིན་ན། ཁྱེད་རང་གི་བུ་ཕྲུག་དྷ་རམ་ས་ལར་བསྐྱལ་ན་འདིར་བོད་ཀྱི་རང་གཤིས་རློན་པ་ཞིག་གི་ཁྱིམ་གཞི་ཡོད། ལྷག་པར་དུ་ཁེྱད་ཀྱི་བུ་ལོ་བཅོ་བརྒྱད་ཡིན་ན་གསོག་སྒར་སློབ་གྲྭར་བསྐྱལ་ན་བཟང་གི། གཞུང་གིས་གཏན་འབེབས་ཀྱི་ལོ་ཡང་ཏག་ཏག་འཁེལ་འདུག
    གནས་དེ་རུ་བོད་ཀྱི་རང་གཤིས་ངོ་མ་དེ་ཡོད་པ་མ་ཟད། ཆོལ་ཁ་གསུམ་གྱི་མ་སྐད་ཀྱང་རང་བཞིན་གྱིས་ཤེས་འགྲོ། འདི་ཡག་ཐོག་ལ་རྒྱན་མ་རེད་དམ།
    ཨ་་་་་ཀུ་རེ་ཡིན།༌༌༌༌༌༌༌༌༌༌
    ཁྱེད་ཀྱི་སྤོབས་པ་དང་འདུ་ཤེས་དེས་ངའི་སེམས་པ་ཚ་ལེམ་མེར་བཟོས་སོང་།
    ཐུགས་རྗེ་ཆེ༌་་་་་་་་་་་

    Reply
  20. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    འབྲོག་རུ་ཆོས་གྲགས་ལགས། རྡོ་རྗེ་གླིང་ལ་དེའི་ཐད་དཀའ་ངལ་ཅུང་འདུག འོན་ཀྱང་བོད་མིའི་གཏན་སློབ་ཅིག་ཡོད་པ་དང། ངའི་གཉེན་སྤུན་མང་ཆེ་བས་བོད་སྐད་ཡག་པོ་བཤད་ཤེས་པས་དཀའ་ངལ་དེ་ཙམ་མི་འདུག དེའི་ཐོག་ང་རང་གིས་དགའ་མོས་ཡོད་པའི་རི་འཛེགས་ཀྱི་ལས་ཀ་ཞིག་ཀྱང་རག་གི་འདུག་པས་ངས་ས་གནས་འདི་བདམས་པ་ཡིན།

    Reply
  21. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    དྲ་གྲོགས་བློ་བཟང་ལུང་རྟོགས་ལགས། ཕྲུ་གུར་ཉེས་རྡུང་གཏོང་བའི་གནད་དོན་དེ་ང་ཚོ་བོད་རིགས་མང་པོར་འཕྲད་དང་འཕྲད་བཞིན་པའི་དཀའ་ངལ་ཚབས་ཆེན་ཞིག་རེད། དཀའ་ངལ་དེ་ནི་ད་ཆ་སློབ་གྲྭ་ཁག་ཚུད་པའི་སྤྱི་ཚོགས་ཧྲིལ་པོའི་དཀའ་ངལ་ཞིག་ཆགས་འདུག ངས་དེའི་སྐོར་ད་ལྟ་གླེང་གི་མིན། རྗེས་སུ་དུས་ཚོད་བྱུང་ན། ཟིན་བྲིས་གཞན་ཞིག་སྤེལ་གྱི་ཡིན།

    ཕ་མས་དབང་ཤེད་བྱས་པ་ཟེར་བ་དེ་གནད་དོན་ཞིག་རེད། ངའི་ནང་མི་ཡོངས་ཁེ་ན་ཌར་འཁྲིད་མཁན་ང་རང་ཡིན། དེའི་དབང་གིས་ད་ལྟ་མཇུག་འབྲས་འདི་འདྲ་ཞིག་སྨིན་ཡོང་དུས་ང་ལ་འགན་ཞིག་འདུག

    གཉིས་པ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་ཕྲུ་གུ་རང་མགོ་མ་ཐོན་བར་ཕ་མས་འགན་ལེན་བྱེད་པ་རེད། ཁྱེད་རང་གིས་གསུངས་པ་བཞིན། འགན་ལེན་བྱེད་ཕྱོགས་ལ་ཤར་ནུབ་དབར་ཁྱད་པར་ཆེན་པོ་ཡོད། ངའི་མདུན་ལ་ཡོད་པའི་གནད་དོན་ནི། སོ་སོའི་ཕྲུ་གུ་མི་རིགས་གཞན་ཞིག་ལ་འགྱུར་བཞིན་པ་མཐོང་བཞིན་པ་འདི། མ་མཐོང་མདོག་མདོག་བྱས་ནས་སྡོད་དགོས་རེད། ཡང་ན་གཅིག་བྱེད་དགོས་རེད། གནད་དོན་དེ་རེད། ངས་ཐག་གཅོད་བྱེད་མ་ཐུབ་པར་ཡུན་རིང་འགོར་སོང་། ད་ལྟ་ཐག་གཅོད་བྱས་ཚར་དུས་མ་འོངས་པར་གནས་ཚུལ་ག་རེ་བྱུང་ནའང་ང་ལ་སྤོབས་པ་གཅིག་ཡོད། དེ་ནི་ངས་བྱས་པ་དེ་མི་ཚོས་འགྲིགས་ཡོད་པར་བསམས་ནའང་འདྲ། མ་བསམས་ནའང་འདྲ། གང་ལྟར་ངའི་ངོས་ནས་མགོ་རུལ་རྣ་བས་མ་ཚོར་བ་བྱས་ཏེ་བསྡད་མེད། ང་རང་གིས་ལམ་ལེགས་ཤོས་རེད་བསམས་པ་དེའི་ཐོག་བསྐྱོད་པ་ཡིན། ཞེས་པ་འདི་ཡིན།

    Reply
  22. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    དངོས་གནས་ཁྱེད་རང་ལ་བོད་ཀྱི་རུས་རྐང་མཁྲེགས་པོ་ཞིག་དང་། བོད་ལ་དུངས་ཞེན་ཟབ་མོ་ཞིག་འདུག
    ཁྱེད་རང་རྒྱ་གར་ནང་ལོག་པ་དེར་རྗེས་སུ་ཡི་རངས་ཡོད། ཡིན་ནའང། སོང་ས་དེ་ཅུང་ཙམ་ནོར་འདུག་དྲན་སོང་།
    གང་ཡིན་ཟེར་ན། ཉེ་ལམ་ང་རྡོར་གླིང་ནས་ཡོང་བ་ཡིན། ངས་རྡོར་གླིང་གི་བོད་པ་དེ་ཚོའི་གནས་སྟངས་གང་འཚམས་རྒྱུས་ལོན་བྱས་ཡོད། ཁོང་ཚོའི་ནང་ཚང་དང་ཕ་མ་བུ་ཕྲུག་གི་བར་ལ་བོད་སྐད་མི་བཤད་པ་མ་ཟད།
    གཞོན་སྐྱེས་མང་ཤོས་ཤིག་གིས་རང་རིགས་ཀྱི་སྐད་ཆ་ཡང་བཤད་མི་ཤེས་གི།

    Reply
  23. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་བློ་བཟང་ལུང་རྟོགས་མཆོག་ལ་དྲི་བ་ཞིག་འདུག བོད་ནས་ཕ་མ་དག་གིས་སེམས་འཁུར་འོག་གཉོར་སྐྱོང་བྱས་པའི་བུ་ཕྲུག་ཁྲོད་དུ་སེམས་ཁམས་ལ་སྐྱོན་ཤོར་བ་མང་གི ཕྱི་རྒྱལ་ཡུལ་གྲུ་རང་དབང་ཅན་དུ་ཡོད་པའི་རང་གི་ཕྲུ་གུ་ལ་སློབ་གསོ་བྱས་པ་དེ་ཡང་ཁྲིམས་འགལ་དུ་བརྩི་བའི་ཡུལ་དེ་ན་སེམས་ཁམས་ལ་སྐྱོན་ཆ་ཡོད་མཁན་མང་གི སྐུ་ཉིད་ཀྱིས་གང་གཟིགས་པ་དེ་དག་མ་གསང་དྲང་བོར་གསུང་ན་ག་འདྲ་འདུག འདི་ནི་ང་རང་གིས་སྐུ་ཉིད་ལ་དྲི་བ་ཞིག་བཀོད་པ་དེར་དམིགས་ཡུལ་ངན་པ་གང་ཡང་མེད། གོང་གི་སྐུ་ཉིད་ནས་ཁང་གསར་རྡོ་རྗེ་ལགས་ཀྱིས་བསླབ་བྱ་རྒྱག་སྟངས་དེ་ནི་བོད་པ་ཚང་གི་རྗེས་ལུས་ཀྱི་བྱེད་སྟངས་སམ་སློབ་གསོ་བྱེད་སྟངས་ཡག་པོ་མེད་པ་ལྟ་བུ་ཞིག་བཤད་འདུག་པ་དེར་མོས་པ་ཞེ་དྲག་མ་བྱུང་སྟབས་སྐུ་ཉིད་ལ་དྲི་བ་འདི་འདྲི་འདོད་བྱུང་སོང་བ་རེད།

    Reply
  24. བསེ་རུ། says:
    ལོ་ 17 སྔོན།

    བོད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་འཚོ་བའི་ཟུར་ཆ་ཞིག་མཚོན་པའི་དཔྱད་གླེང་ལེགས་པོ་ཞིག་བྲིས་འདུག་པས་རྗེས་སུ་ཡི་རངས་ཞུ།
    མི་རིགས་ཀྱི་གྲངས་འབོར་ཆེས་ཉུང་བའི་ང་ཚོའི་མི་རིགས་འདིའི་དཀའ་རྙོག་མ་སེལ་བ་དེ་སྲིད་དུ་འདི་ལྟའི་གནས་ཚུལ་གྱི་རྒྱུན་ཆད་ཐབས་བྲལ་བས།
    ང་ཚོས་ང་ཚོའི་མི་རིགས་ཀྱི་བདེ་སྡུག་ངོ་མའི་བཞིན་རས་འདི་མཐོང་སྐབས་ད་ནི་ཅི་ཞིག་བྱས་ན་ཨང་བསམ་པའི་སྐྱོ་གར་ཁྲོད་དུས་ཡུུན་འདི་ལྟར་འདའ་བཞིན་ཡོད།
    དྲ་གྲོགས་ཚོ་གོང་འཁོད་གནས་ཚུལ་ནི་སྤྱི་ཚོགས་ཀྱི་ཟུར་ཆ་ཞིག་ཡིན་པས་ད་དུང་དེ་དང་དེ་འདྲའི་གནས་སྟངས་ཇི་སྙེད་ཅིག་ཡོད་སྟབས།
    ང་ཚོས་མི་རིགས་འདིའི་འབྱུང་འགྱུར་ལ་བསམ་སྟེ་ད་དུང་སྤྱི་ཚོགས་དཔྱད་གླེང་དང་།
    འགན་འཁུར་ཡོད་པའི་གཏམ་གླེང་མང་ཙམ་བྱས་ཏེ། ང་ཚོ་བཟང་ཕྱོགས་ལམ་ལ་བགྲོད་ཐབས་ཅི་ནས་ཀྱང་བྱ་དགོས་པ་མ་ཡིན་ནམ།།

    Reply
  25. བློ་བཟང་ལུང་རྟོགས། says:
    ལོ་ 17 སྔོན།

    ཁང་གསར་ལགས་ནས་ཐབས་ཤེས་བྱས་པ་དེ་གང་ཉིད་ངོས་ནས་བདེན་པ་དང་གནས་ལུགས་ཡོད་པ་ཞིག་གི་མཐོང་གི་ཡོད་པ་འདྲ། འོན་ཀྱང་། ང་ཚོ་བོད་རིགས་དང་ལྷག་པར་ཡར་རྒྱས་ཕྱིན་མེད་པའི་རྒྱལ་ཁབ་མང་ཆེ་བའི་ནང་ཕ་མའི་རེ་བ་ཡོད་ཚད་སོ་སོའི་བུ་ཕྲུག་ལ་བཅོལ་བའི་ལུགས་སྲོལ་དེ་ལ་དགེ་མཚན་ཞིག་གཏན་ནས་མཐོང་མ་སོང་། ཕ་སྐད་དང་རིག་གཞུང་གི་དྲི་བསུང་འཇགས་ཐུབ་པ་ཞིག་བྱུང་ན་དངོས་ནས་རྗེས་སུ་ཡི་རངས་རེད། འོན་ཀྱང་། སོ་སོའི་ཕྲུ་གུ་ཆེན་པོ་ཆགས་རྗེས་ངའི་པ་ལགས་ཀྱི་བྱེད་སྟངས་དེ་འགྲིག་མི་འདུག་བསམ་པ་བྱུང་དུས་ཕྱིས་དྲགས་པ་རེད། ནང་གི་ཕ་རྒན་གྱི་དབང་ཚད་བེད་སྤྱོད་བཏང་ནས་ཕྲུ་གུའི་མི་ཚེ་ལ་ཁ་ལོ་བསྒྱུར་རྒྱུ་དེ་ཡང་བཟང་སྤྱོད་ཅིག་ཡིན་མིན་མི་ཤེས། ང་ཚོ་བོད་རིགས་ཀྱིས་ཕྲུ་གུ་གསོ་སྐྱོང་ཁྲོད་བཟང་སྐྱོན་གཉིས་ཡོད་པ་སྨྲོས་མེད་ཡིན་པ་བཞིན། ཕྲུ་གུ་གསོ་སྐྱོང་གི་བརྒྱུད་རིམ་ཁྲོད་ཕ་མ་དབང་ཤེད་མང་པོ་བེད་སྤྱོད་བཏང་བ་ཡིན་ན་ཕྲུ་གུའི་སེམས་ཁམས་ལ་སྐྱོན་ཆེན་པོ་ཡོང་གི་ཡོད་པ་དེང་སང་ཉམས་ཞིབ་པ་མང་པོ་ཞིག་གིས་མཇུག་སྡོམ་རྒྱག་གི་འདུག་་་་
    ལྷག་པར་ཕྲུ་གུར་གཅར་རྡུང་ཚད་མེད་གཏོང་བ་སོགས་ནི་རིག་གཞུང་གི་དྲི་བསུང་ཡིན་པ་དང་དྲི་ངན་གང་ཡིན་ཕལ་ཆེར་འགྲོ་བ་མི་ཞིག་ཡིན་པས་ཆ་ནས་རྟོགས་ཐུབ།
    ཁང་གསར་ལགས་ནས་མི་ཚང་གི་ཐག་གཅོད་གནང་བ་དེས་ཕྲུ་གུ་ཚོའི་མ་འོངས་བར་སྐྱོན་མ་ཡོང་བའི་སྨོན་འདེབས་རྒྱུ་ཡིན།
    གྲུབ་འབྲས་ཡག་པོ་ཡོད་ན་དེ་ཡང་དངོས་མྱོང་གི་ལག་རྗེས་ཡིན་པས་བོད་རིགས་ཚོའི་མིག་མདུན་དུས་ཡང་ནས་ཡང་དུ་གནས་ཚུལ་མཁོ་སྤྲོད་ཡོང་བའི་འབོད་སྐུལ་ཀྱང་ཞུ་རྒྱུ་ཡིན།

    Reply
  26. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    བློ་བཟང་ལུང་རྟོགས་ལགས།
    ངའི་ནང་མི་དང་སྤུན་མཆེད་ཚོའི་ཁྲོད་དུའང་ངའི་བྱེད་སྟངས་ལ་ཡིད་མོས་མ་བྱེད་མཁན་དང་། ནོར་འཁྲུལ་དུ་ལྟ་མཁན་མང་པོ་ཡོད་པས། ཁྱེད་ཀྱི་བསམ་ཚུལ་དེ་ནི་ངས་ཡོངས་སུ་བསམ་ཤེས་བྱེད་ཐུབ་པ་ཞིག་ཡིན།
    ངས་གོ་མེད་ཚོར་མེད་དུ་ཐབས་ཤེས་ཅི་ཡང་མ་བྱས་པར་བསྡད་ན། ལས་རྒྱུ་འབྲས་ལ་འགྲོ་བ་ཞིག་མ་རེད། ཡག་པོ་བྱུང་རུང་མ་བྱུང་རུང་ངས་གཅིག་བྱེད་དགོས། ངས་རང་གི་མེས་པོ་དང་ཕྲུ་གུ། ད་དུང་ཚ་བོ་ཚང་མར་འགན་ཞིག་ཁུར་དགོས། དེ་ནི་རང་གི་ཕྲུ་གུར་ཕ་སྐད་དང་རིག་གཞུང་གི་དྲི་བསུང་འཇགས་ཐུབ་པ་ཞིག་བྱ་རྒྱུ་དེ་རེད།
    རྡོ་རྗེ་གླིང་ལ་ལོག་ཡོང་བ་དེས། ཁོང་ཚོར་ཕུགས་སྐྱོན་ཆེན་པོ་བཟོས་པར་མཐོང་གི་མེད། ངའི་ཕྲུ་གུ་ཁེ་ན་ཌའི་མི་སེར་ཡིན་པས། མ་འོངས་པར་ག་དུས་ཁེ་ན་ཌར་འགྲོ་བསམས་ནའང་ཕྱིན་ཆོག་པ་ཞིག་རེད།

    Reply
  27. བློ་བཟང་ལུང་རྟོགས། says:
    ལོ་ 17 སྔོན།

    ང་ཚོར་འཕྲད་པའི་དཀའ་ངལ་འདིའི་རྒྱུ་རྐྱེན་གཙོ་བོ་དེ་མ་སེལ་བར་དུ་ང་ཚོར་མུ་མཐུད་འདི་ལྟར་འགྲོ་དགོས་པ་དངོས་པའི་གནས་ཚུལ་རེད། དངོས་དོན་ལ་ཁ་གཏད་གཅོག་མ་ཐུབ་ན་ང་ཚོ་འཛམ་གླིང་ས་ཆ་གང་དུ་ཕྱིན་ཀྱང་བོད་ཡིག་བོད་སྐད་ཡག་པོ་ཞིག་ཤེས་ཐུབ་རྒྱུ་དེ་ཧ་ཅང་ཁག་པོ་རེད།
    ཁང་གསར་ལགས་ཀྱི་རྩོམ་ཡིག་ཀློག་རྗེས་ཁང་གསར་ལགས་ན་ང་ཚོ་བོད་རིགས་ཡོངས་ལ་འཕྲད་བཞིན་པའི་དཀའ་ངལ་དེ་སོ་སོའི་སྒེར་གྱི་དཀའ་ངལ་དུ་བླངས་འདུག་པ་དང་། སོ་སོའི་དཀའ་ངལ་དེ་ལ་གདོང་ལེན་བྱེད་མ་ཐུབ་པའི་མཇུག་འབྲས་སུ་མི་ཚང་ཁ་བྲལ་དུ་ཕྱིན་པའི་གནས་སྟངས་ཞིག་ཏུ་ལྷུང་འདུག་པར་དངོས་ནས་སེམས་སྐྱོ་བ་ཞིག་རེད།
    ང་ཚོ་བོད་རིགས་རྣམས་ཕྱི་རྒྱལ་དུ་སླེབས་ནས་སོ་སོའི་སྐད་ཡིག་བེད་སྤྱོད་རྩ་བ་མེད་པ་དེ་ཀུན་གྱིས་མཁྱེན་གསལ་རེད། སོ་སོའི་བོད་སྐད་དེ་སོ་སོའི་ཕ་མ་དང་གཉེན་ཉེ་གྲོགས་པོ་ཁ་ཤས་མ་གཏོགས་ཁོར་ཡུག་ཚང་མ་སྐད་རིགས་གཞན་དབང་དུ་ཕྱིན་པ་དེ་ལ་ཁ་གཏད་གཅོད་འདོད་པ་དེ་སྟོང་སེམས་ཞིག་རེད། ངས་སྟོང་སེམས་རེད་ཟེར་བ་དེ་སོ་སོའི་སེམས་ཤུགས་ཆགས་པའི་སྐད་ཆ་མིན།འོན་ཀྱང་།
    ང་ཚོས་དོན་དངོས་ལ་ཁས་ལེན་མ་བྱས་ན་དཀའ་ངལ་འཕྲད་རྒྱུ་སྨྲོས་མ་དགོས་པ་ཞིག་རེད།
    རྡ་རན་ས་ལ་ནས་སློབ་སྦྱོང་བྱས་པ་ཡག་པོ་རེད། འོན་ཀྱང་། ང་ཚོ་མི་ལོ་ལྔ་བཅུའི་བཙན་བྱོལ་གྱི་ལོ་རྒྱུས་ནས་བོད་ཡིག་མཁས་དབང་ཧ་ལམ་བྱུང་མེད་པ་ལྟ་བུ་དང་། འཛིན་རིམ་བཅུ་གཉིས་ཐོན་པ་བརྒྱ་ཆ་དགུ་བཅུ་ཡིག་ངོ་ཆོད་ཙམ་རེད། ལྷག་པར་རྒྱ་གར་ནང་སློབ་སྦྱོང་བྱས་པ་དེ་རྗེས་སུ་ཕྱི་རྒྱལ་ལ་སླེབས་དུས་དབྱིན་ཡིག་དང་བོད་ཡིག་སོགས་ཕལ་ཆེར་གང་ཡང་མི་ཤེས་མཁན་དང་བེད་མེད་ལྟ་བུ་ཆགས་འདུག་པ་དངོས་ནས་སེམས་པ་སྐྱོ་བ་རེད།
    ངས་ཡིག་རྙོག་མང་པོ་ཞིག་བྲིས་པའི་སྙིང་དོན་ང་ཚོ་བོད་ཀྱི་དཀའ་རྙོག་འདི་མ་སེལ་བར་དུ་ང་ཚོར་དཀའ་ངལ་འདི་འཕྲད་རྒྱུ་ཡིན་པ་དང་། དཀའ་ངལ་འདི་སེལ་བར་ང་ཚོ་བོད་རིགས་ཚོས་ངེས་པར་དུ་བོད་དོན་ཐོག་ཤུགས་རྒྱུ་དེ་རེད།
    བོད་རིགས་རྣམས་རྒྱ་གར་དུ་ལས་ཀ་མེད་པར་སྡོད་རྒྱུ་ལས་ཕྱི་རྒྱལ་དུ་འགྲོ་ཐུབ་ན་དགེ་མཚན་ཆེ་བར་མཐོང་ལ།་ཕྱི་རྒྱལ་གྱི་སློབ་གསོ་སྤྲོད་ཐུབ་ན་དེ་ཡང་གནད་འགག་ཅིག་རེད། དེ་མིན་སོ་སོའི་ཕྲུ་གུའི་མདུན་ལམ་སོ་སོའི་མི་སྒེར་གྱི་སེམས་ཁུར་ནས་འཕྲོ་བརླག་ཏུ་གཏོང་བ་དེ་བསམ་ཤེས་ཤིག་ཡིན་མིན་ངས་མི་ཤེས། ཐེ་ཚོམ་ཙམ་ཡིན།
    ཁང་གསར་ལགས་ཀྱི་བྱེད་སྟངས་འདི་ལ་ངས་ནི་རྗེས་སུ་ཡི་རངས་བྱེད་ཐུབ་ཀྱི་མི་འདུག

    Reply
  28. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    དྲ་གྲོགས་རྣམ་པས་བློ་སྟོབས་སྤེལ་བ་དང་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།
    བོད་མི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འགྲོ་བ་འདི་མཐའ་གཅིག་ཏུ་སྡུག་པ་ཞིག་མ་རེད་ལ། འགྲོ་དགོས་པའི་རྒྱུ་མཚན་ཡང་མང་པོ་ཡོད། དཔེར་ན། རྒྱ་བལ་གཉིས་ལ་བསྡད་ན་ཕུགས་ཇི་ཙམ་བརྟན་པོ་རེད། དེ་གནད་འགག་ཅིག་ཆགས་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཕྱིན་ན་མི་དང་མིའི་དབར་དོན་ངོ་མའི་འདྲ་མཉམ་ཡོད་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འགན་སྲུང་སོགས་ཧ་ཅང་ཡག་པོ་རེད། དེ་བཞིན་བོད་དོན་གྱི་ལས་ཀ་བྱེད་པའི་གོ་སྐབས་ཀྱང་མང་པོ་ཡོད་པ་རེད།
    གནད་འགག་ནི། བོད་མི་ཉུང་ཤས་དེ་དག་ཕྱི་རྒྱལ་ལ་སླེབས་སྐབས། རྒྱ་མཚོའི་ནང་ཆུ་ཐིགས་ལྷུང་བ་བཞིན་རིམ་པས་བརླག་འགྲོ་བ་རེད། ལྷག་པར་བྱིས་པ་ཚོ་ནི་ཆུ་ཐིགས་ཧ་ཅང་གིས་ཆུང་ཆུང་ཞིག་ཡིན་པས། སྐད་ཅིག་ཉིད་དུ་མངོན་མེད་དུ་འགྱུར་འགྲོ་བ་དེ་རེད།
    དྲ་གྲོགས་གཅིག་གིས་རྒྱ་གར་བ་དང་རྒྱ་མི་གཉིས་དེ་ལྟར་འགྱུར་མི་འགྲོ་བ་གང་རེད་ཅེས་དོགས་འདྲི་གནང་འདུག ཕྱི་རྒྱལ་ཡུལ་ཁག་ཏུ་རྒྱ་གར་བ་དང་རྒྱ་མི་གཉིས་ནི་ཆུ་ཐིགས་ཤིག་མ་རེད། ཁོང་ཚོ་ཡུར་བུ་ཁེར་གཙང་ཞིག་གི་ནང་བཞུར་བཞིན་པའི་རྒྱུག་ཆུ་འདྲ་བོ་རེད། ཁོང་ཚོར་རྒྱ་གར་དང་རྒྱ་ནག་གི་གྲོང་སྡེ་ལོགས་སུ་ཡོད་པ་དང་། ཁོང་ཚོར་སོ་སོའི་ཐོན་རྫས་ཚོང་སའི་ཁྲོམ་ར་ཡང་རྒྱ་ཆེན་པོ་འདུག རྒྱ་གར་བ་ཚོར་ལྷ་ཁང་ཡང་ཡོད་པ་དེར་མཉམ་འཛོམས་ཡང་ཡང་བྱེད།
    ཁེ་ན་ཌར་ཆ་མཚོན་ན། སློབ་གྲྭ་ཁ་ཤས་ནང་རྒྱ་ཡིག་གི་འཛིན་གྲྭ་ཡང་འདུག མི་འབོར་མང་པོ་ཡོད་ན་ཐོབ་ཐང་དེ་ཚོ་གཞུང་གིས་གནང་གི་འདུག
    ནུབ་ཕྱོགས་ཀྱི་རྒྱ་དཀར་ནག་གཉིས་ཀྱི་ཁྲོད་རང་གི་ཕ་སྐད་བརྗེད་སོང་བ་གཏན་ནས་མེད་པ་མིན། རྒྱ་ཕྲུག་མང་པོས་རྒྱ་སྐད་ཤེས་ཀྱི་མི་འདུག འོན་ཀྱང་རྒྱ་དཀར་ནག་གཉིས་མི་འབོར་ཧ་ཅང་མང་བས་སོ་སོའི་སྐད་ཡིག་རྩ་མེད་འགྲོ་བའི་ཉེན་ཁ་མེད་པ་རེད།
    སྤྱིར་བཏང་ནས་བོད་མིའི་གྲངས་འབོར་ཉུང་ཉུང་རེད། ས་ཡ་དྲུག་ཟེར་ན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མི་འབོར་ལས་ཉུང་བ་རེད། ནུབ་ཕྱོགས་སུ་བོད་རིགས་དེ་བས་ཀྱང་ཉུང་ཉུང་རེད། ཉུང་ཉུང་དེ་དག་ཀྱང་ཁ་འཐོར་ཡོད་པ་རེད། བོད་པ་ནུབ་ཕྱོགས་སུ་སླེབས་སྐབས། མང་ཆེ་བས་བོད་རིགས་རྣམས་ཚོ་གཅིག་ལ་བསྒྲིལ་ཏེ་སྡོད་འདོད་བྱེད་ཀི་མི་འདུག ང་ཚོས་གྲོང་སྡེ་གཅིག་འཛིན་མ་ཐུབ་ཀྱང་ཁང་བརྩེགས་མཐོན་པོ་ཞིག་བོད་མི་ཁོ་ནས་འཛིན་རྒྱུའི་འཆར་གཞི་བཏིང་པ་ཡིན། འོན་ཀྱང་ཁ་འཆམ་གྱི་མི་འདུག དཀའ་ངལ་ཚང་མ་དེ་ལྟར་བྱུང་བ་རེད།
    དཀའ་ངལ་སེལ་ཐབས་ཡག་ཤོས་ནི། རྒྱ་གར་ནང་བོད་མིའི་གཞིས་ཆགས་བཙུགས་པ་ཇི་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཤིག་ཏུ་བོད་མིའི་སྤྱི་ཚོགས་རྒྱ་ཆེ་ཙམ་ཞིག་བཀོད་སྒྲིག་གནང་ཐུབ་པ་བྱ་རྒྱུ་དེ་རེད། དེ་ནི་ལྡི་ལིར་ཆ་མཚོན་ན། མན་ཇུ་ཀྲི་ལའམ་བསམ་ཡས་གླིང་ཡོད་པར་བརྟེན་ནས་ང་ཚོ་ཚང་མ་དེར་འཛོམས་ཏེ། བོད་སྐད་སྨྲ་བ་དང་བོད་གཞས་ཉན་པ། བོད་ཟས་བཟའ་བ་ལྟ་བུ་རེད། བོད་མི་ཚང་མས་དེར་གཏན་སྡོད་མ་བྱས་ནའང་དུས་ནས་དུས་སུ་དེར་ཡོང་ངེས་རེད་ལ། ལྷག་པར་ཕྲུ་གུར་བསམ་བློ་གཏོང་མཁན་ཚོས་དེར་ཡོང་གི་རེད། འོན་ཀྱང་དེ་འདྲ་ཞིག་བོད་གཞུང་གིས་ཐབས་ཤེས་གནང་ན་མ་གཏོགས་གཞན་གྱིས་འཇོན་དཀའ་བར་མཐོང་།
    དེ་མིན་གུང་གསེང་གི་སྐབས་སུ་རྒྱ་གར་ལ་འཁྲིད་ཡོང་བ་དང་དུས་ཐུང་གི་ཟབ་སྦྱོང་སྤྲོད་པ་སོགས་ཀྱང་འཕྲལ་སེལ་གྱི་ཐབས་ཤེས་ཡག་པོ་རེད།
    མི་སྒེར་གྱི་གནས་ཚུལ་ཐད་ནས་བཤད་ན། ཐབས་ཤེས་འདྲ་མིན་བྱེད་མཁན་མང་པོ་འདུག དཔེར་ན། ངའི་གྲོགས་པོ་ཞིག་གིས་སོ་སོའི་ཕྲུ་གུ་དྷ་ས་བོད་ཁྱིམ་ནང་སློབ་ཡོན་ཕུལ་ཏེ་བཞག་སོང་བ་ལྟ་བུ་རེད། འོན་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་ཕྲུ་གུ་ཆུང་ཆུང་ཕ་མ་དང་ཁ་བྲལ་ནས་སློབ་གྲྭར་བཏང་ན་ཧང་སངས་སངས་བྱེད་ཀི་རེད་ལ། ཁོང་བཟའ་མི་གཉིས་ཕྲུ་གུ་དྲན་པའི་དཀའ་ངལ་ཆེན་པོ་འདུག
    དེ་ཙམ་ཡིན། ཐུགས་རྗེ་ཆེ།

    Reply
  29. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    འོ་སྐད་ཆ་གཅིག་བཤད་རྒྱུ་བརྗེད་འདུག དྲ་གྲོགས་ཁང་གསར་ལགས་ཁྱོད་ནི་ཅི་འདྲ་མི་ཆོད་སེམས་ཅན་རེད། ངོ་མ་རྗེས་སུ་ཡི་རངས་ཞུ། ང་རང་བུ་ཕྲུག་མ་དགོས་ད་དུང་གཉེན་སྒྲིག་ཀྱང་བྱས་མེད་མོད། དགོང་མོ་ཞིག་ལ་ཡར་མར་མང་པོ་གླེང་རྗེས་ངའི་དགའ་རོགས་དང་ངེད་གཉིས་ཀྱིས་རྗེས་མ་བུ་ཕྲུག་སྐྱེས་ན་ཕ་སྐད་ལ་བོད་སྐད་སློབ་དང་མི་སློབ་ཀྱི་རྩོད་པ་བྱུང་ཏེ། ངས་བུ་ཕྲུག་ཅི་ཙམ་སྐྱེས་ཀྱང་ངས་དང་ཐོག་བོད་དང་ཡང་ན་རྒྱ་གར་གང་རུང་ཞིག་ལ་བསྐྱལ་ཏེ་དང་པོ་བོད་སྐད་བོད་ཡིག་ཡག་པོ་ཞིག་ཤེས་རུ་འཇུག་རྒྱུ་ཡིན། ཁྱོད་ཚོ་རྒྱལ་ཁབ་ཡོད་པའི་མི་རེད། མི་གཅིག་གཉིས་ཞིག་ལ་དེ་འདྲའི་དགོས་མཁོ་ཆེ་རྒྱུ་མ་རེད། ང་ཚོ་བོད་དུ་རྒྱ་ནག་གི་བཙན་འཛུལ་གྱིས་སྐད་ཡིག་བརླགས་འགྲོ་གིན་ཡོད་པ་རེད། ཕྱིའི་ལུང་པར་ཁོར་ཡུག་གི་དབང་གིས་ང་ཚོའི་ངོ་རྟགས་བརླགས་འགྲོ་བཞིན་ཡོད་པ་རེད་ཅེས་བཤད་པར། མོས་བུ་ཕྲུག་དང་ཁ་བཀར་ནས་བསྡོད་ཐུབ་ས་མ་རེད་ཟེར། ངས་འོ་ན་ང་ཚོ་ཚང་མ་མཉམ་དུ་ལོ་འགའ་ཤས་ལ་གཏན་དུ་གནས་སྤོ་བྱེད་ཅེས་བར། ངེད་གཉིས་ཀྱི་རྩོད་པ་ཆེ་རུ་ཕྱིན་ཏེ་མཐར་ཡུན་རིང་འགྲོགས་འདྲིས་བྱས་བའི་མཇུག་འབྲས་ཁ་ཁར་གྱེས་སོང་། ང་ཁྱེད་ཀྱི་སྤོབས་པ་དེ་ལ་ངོ་མ་ཡིད་སྨོན་འཆོར་གི

    Reply
  30. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ཧ་ཅིང་གི་ལས་སླ་མོ་ཞིག་རེད བོད་པོ་ཚང་གི་རྒྱུ་དག་ཡག་ལ་ཨ་གསར་ཆེ་ཤེས་རྒྱ་ཆུང་རིགས་ཞེན་མེད། རྒྱུ་མཚན་མང་པོ་མི་དགོས་འདི་རང་རེད།

    Reply
  31. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    གནས་ཚུལ་འདི་ལ་ངས་ཀྱང་ཐེངས་མང་བསམ་གཞིགས་བྱས་ཀྱང་ལན་ངོ་མ་ཞིག་ད་དུང་རྙེད་མ་སོང་། རྒྱ་རིགས་དང་རྒྱ་གར་བ་དེ་ཚོ་ཕྱི་རྒྱལ་ནས་འཚར་ལོངས་བྱུང་ཀྱང་རང་གི་ཡུལ་སྐད་བཤད་ཤེས་ཀྱི་འདུག འོན་ཀྱང་བོད་པའི་ཁྱིམ་ཚང་ནང་དུ་ཕ་མ་གཉིས་ཀ་བོད་ནས་ཡོང་མཁན་ཡིན་ཀྱང་བུ་ཕྲུག་དག་གིས་བོད་སྐད་བཤད་མི་ཤེས་བའི་རྒྱུ་མཚན་ཅི་ཡིན་ནམ། བོད་པ་གང་མང་ཞིག་ལ་ཡར་ཐོན་གྱི་སྤྱི་ཚོགས་ནང་དུ་རང་ཉིད་ཀྱིས་འཇོན་པའི་ལས་རིགས་དཀོན་སྟབས་ཡོང་འབབ་གཞན་ལས་ཞན་མོད། འགྲོ་སོང་གཞན་དང་གཅིག་མཚུངས་ཡིན་སྟབས་ཕྲུ་གུ་དག་རྒྱ་གར་དང་བལ་ཡུལ་ཡང་ན་བོད་དུ་ལོ་རེའི་གུང་གསེང་ལ་ཁྲིད་དེ་བོད་པའི་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་དགོས་བ་དེ་མ་འགྲིག་པ་རེད་བསམ་མོད། སྔར་ལོ་༧སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་སྐུ་གཤེགས་སྐབས་ཁོང་གི་བུ་ཕྲུག་དག་གིས་ཀྱང་བོད་སྐད་མི་གོ་བ་མཐོང་རྗེས་ང་རང་ལྷག་ཏུ་འཐོམས་སོང་། ཁོ་ཚོ་ལ་མ་མཐའ་ཡང་རྒྱ་བལ་ཁུལ་དུ་བོད་པའི་སྤྱི་ཚོགས་ནང་འགྲོ་འོང་བྱེད་པར་དཔལ་འབྱོར་གྱི་དཀའ་ངལ་ཞིག་ཡོད་མི་སྲིད་ཀྱང་། ཅི་ཞིག་གིས་ལན་པ་ཡིན་ནམ། ཉིན་དེ་ནས་ང་རང་ལྷག་ཏུ་འཐོམས་སོང་།

    Reply
  32. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཁང་གསར་ལགས། ཡུར་ཆུ་འདིའི་ཁ་བསྒྱུར་ཐབས་ཤིང་མཐོང་གི་འདུག་གམ། དེའི་ཕྱོགས་ནས་ཟིན་བྲིས་རེ་སྤེལ་རྒྱུའི་རེ་བ་ཆེ།

    Reply
  33. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    རྡོ་རྗེ་ལགས་ཀྱི་བཞུད་ལམ་དེ་ནོར་མི་འདུག བུ་ཕྲུག་ཁེ་ན་ཊིའི་མི་སེར་བཟོས་རྗེས་ཁོང་རྒན་རྒོན་གཉིས་ཕྱིར་རྒྱ་གར་དུ་ལོག་པ་རེད། ནང་དོན་མགོ་འཐོམ་པའི་བོད་པ་དག་གི་ཀྱང་དེ་ལྟར་བྱེད་འོས་པའི་གསལ་འདེབས་རེད། བོད་པ་ཚོ་རེམ་ཤིག

    Reply
  34. བཙན་པོ། says:
    ལོ་ 17 སྔོན།

    རང་གི་མི་རིགས་དང་རིག་གཞུང་སྙིང་བཅིངས་བའི་ཁང་གསར་རྡོ་རྗེ་ལགས། ཁྱེད་ངོ་མ་རྡོ་རྗེ་ཞིག་རེད། ཁྱེད་ཁ་དེ་ནོར་མི་འདུག གཞན་གྱིས་མི་རིགས་ཀྱི་ཆེད་སྲོག་དོར་གི་ཡོད་པས། ང་ཚོས་འདུག་གནས་ཞིག་རྗེས་བོ་བརྒྱག་མི་ཐུབ་པ་ཇི་ལ་ཡོད།

    Reply
  35. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    བསམ་རྒྱུ་དྲན་རྒྱུ་ཕྱི་རྒྱལ་དང་བརྗོད་རྒྱུ་བྱེད་རྒྱུ་ཕྱི་རྒྱལ་ལས་མེད་པའི་བོད་མི་འགའ་ཞིག་ལ་ཕན་པའི་རེ་བ་ཡོད།

    Reply
  36. རུ་དམ་ལུང་གི་བུ།། says:
    ལོ་ 17 སྔོན།

    ཁྱེད་བསྐྱོད་ཟིན་པའི་ལམ་ཁ་དེས་ཁྱེད་ཀྱི་བུ་ཆུང་དང་ཁ་བྲལ། ཁྱིམ་ཚང་མི་མཐུན་པ་བྱུང་བ་ཡིན་ན་ཡང་། ཁྱེད་སྤེལ་ཟིན་པའི་ཡི་གེ་འདི་དང་ལོ་རྒྱུས་མྱོང་ཚོར་དེས། ང་ཚོའི་བོད་ཀྱི་བུ་ཆུང་དང་བོད་ཀྱི་ཁྱིམ་ཚང་རྣམས་ལ་ཕན་ཞིག་ཐོག་རེ་བ་དང་སྨོན་ལམ་ཡོད། ཐུགས་རྗེ་ཆེ།

    Reply
  37. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    བསམ་བློ་འདི་ནི་ང་ཚོའི་སྟོབས་ཤུགས་ཡིན་ལ། ལས་སྟངས་འདི་ནི་ང་ཚོའི་རྒྱལ་ཁ་ཡིན།
    གནས་དོན་འདི་ཀོ་ནི། ཡུལ་གྱར་བའི་ལོ་ངོ་དེ་དག་རིང་ངའི་རྣ་བས་ཐོས་པ་ཐོག་མ་རེད། བློ་སྟོབས་འདི་ཀོ་རིག་དུས་འབྱུང་འགྱུར་ལ་རྨི་ལམ་རྣལ་མ་ཞིག་ཡོད་པར་ཡིད་ཆེས་ཀྱིས་མྱོས། དགའ་བ་ལ། དགའ་བ་དང༌། མཆོག་ཏུ་དགའ་བ། མཆོག་ཏུ་རབ་ཏུ་དགའ་བ་ཞེས་པ་ནས་ཕྱི་མ་ལྟར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese