ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ཕྱི་རྒྱལ་གྱི་གསར་འགོད་པ་དག་ལ་བཤད་དོན། ཀྲུང་དབྱང་གི་མཐོ་རིམ་མགོ་ཁྲིད་མི་སྣ་མང་པོ་ཞིག་དང་ཏཱ་ལའི་བླ་མའི་སྤུན་མཆེད་དང་། ཁོའི་སྒེར་གྱི་འཐུས་མི་བཅས་དང་ཐུག་འཕྲད་གྲོས་མོལ་བྱས་ཏེ། ཁོ་ཚོར་སློབ་གསོ་བརྒྱབ་ཡོད། ཡིན་ནས་མི་དེ་དག་གིས་ཐོག་མཐའ་བར་གསུམ་དུ་ཁོང་ཚོའི་ནོར་འཁྲུལ་ལ་ཡོ་བསྲང་བྱེད་འདོད་མེད་པར་དེ་ལས་ལྡོག་སྟེ་ཀྲུང་དབྱང་གིས་ཁོ་ཚོར་སྤྲད་པའི་གོ་སྐབས་བཟང་པོ་དེ་ཀྲུང་དབྱང་ལ་རྒོལ་བའི་གོ་སྐབས་ཤིག་ཡིན་པར་བསམ་གྱིན་ཡོད་རེད་ཟེར།
ཀྲུའུ་ཝེ་ཆོན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་དོན། ཀྲུང་དབྱང་གི་མཐོ་རིམ་འགོ་ཁྲིད་མི་སྣ་མང་པོ་ཞིག་དང་ཏྰ་ལའི་བླ་མའི་སྤུན་མཆེད་དང་། ཁོའི་སྒེར་གྱི་འཐུས་མི་བཅས་དང་ཐུག་འཕྲད་གྲོས་མོལ་བྱས་ཏེ།ཁོ་ཚོར་སློབ་གསོ་ བརྒྱབ་ཡོད།ཡིན་ནས་མི་དེ་དག་གིས་ཐོག་མཐའ་བར་གསུམ་དུ་ཁོང་ཚོའི་ནོར་འཁྲུལ་ལ་ཡོ་བསྲང་བྱེད་འདོད་མེད་པར་དེ་ལས་ལྡོག་སྟེ་ཀྲུང་དབྱང་གིས་ཁོ་ཚོར་སྤྲད་པའི་ གོ་སྐབས་བཟང་པོ་དེ་ཀྲུང་དབྱང་ལ་རྒོལ་བའི་གོ་སྐབས་ཤིག་ཡིན་པར་བསམ་གྱིན་ཡོད་རེད། ཅེས་དང་།
ཕྱོགས་གཅིག་ནས་ཁོང་ཚོས།“བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་དང་མ་འོངས་བོད་ལ་ཐའེ་ཝན་དང་འདྲ་བའི་ཐོབ་ཐང་དགོས་སོགས་ཀྱི་ཁ་བྲལ་ཀྱི་འདོད་ཚུལ་བརྗོད་ཀྱི་ཡོད་ཀྱང་།དེ་དག་ལ་སྔ་ས་ནས་ཏེང་ཞའོ་ཕིང་དང་འགོ་ཁྲིད་བློ་མཐུན་གཞན་གྱིས་མཐའ་གཅིག་ཏུ་ཁས་ལེན་གནང་མྱོང་མེད། ཕྱོགས་ གཞན་ཞིག་ནས་ཏཱ་ལའི་བླ་མས་མངགས་པའི་མི་དེ་དག་གིས་ང་ཚོས་ཁོ་ཚོར་སྤྲད་པའི་བོད་ ལྗོངས་སུ་ལྟ་སྐོར་དུ་འཁྲིད་པའི་གོ་སྐབས་དེ་བེད་སྤྱད་དེ།གང་ས་གང་སུ་ཁ་བྲལ་ རིང་ལུགས་ཀྱི་གཏམ་བརྗོད་སྤེལ་ནས།གནས་ཚུལ་ངོ་མ་ཇི་འདྲ་ཡིན་མིན་མི་རྟོགས་པའི་ མང་ཚོགས་འགར་ངལ་སྐུལ་བྱས་ཏེ་ཟིང་ཆ་བསློངས་པ་རེད།མཐའ་མཇུག་མི་དེ་དག་རང་བོད་ལྗོངས་བརྟན་བརླིང་མི་ཡོང་པའི་གཞི་རྩ་ཞིག་ཏུ་གྱུར་ཡོད་པ་རེད། ཟེར།
ཡང་ཁོས། ཉེ་ལམ་ཏཱ་ལའི་བླ་མའི་ཕྱོགས་ཀྱི་མི་ཁ་ཤས་ཤིག་གིས་ཐེངས་གང་མང་ཞིག་ལ་ཕྱོགས་གང་སར་བཤད་རྒྱུར། ཁོ་ཚོས་ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་བྱེད་འདོད་ཡོད་མོད། འོན་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་ཁོ་ཚོར་གྲོས་མོལ་བྱེད་འདོད་མེད་ཅེས་བརྗོད་ཀྱིན་འདུག འདི་ནི་རྫུན་གཏམ་ཁོ་ན་ཡིན་ཞིང་། དེ་ནི་འཛམ་གླིང་གི་མི་རྣམས་ལ་མགོ་སྐོར་གཏོང་བའི་གླེང་ཕྱོགས་ཁོ་ན་ཡིན། ན་ནིང་གི་ཟླ་བཅུ་གཅིག་པའི་ཐེངས་གསུམ་པའི་མཇལ་འཕྲད་གྲོས་མོལ་མཚམས་ཆད་པ་ནི། ཏཱ་ལའི་བླ་མའི་ཕྱོགས་ཀྱིས་མཚམས་བཅད་པ་ལས་ང་ཚོ་ཀྲུང་གོའི་སྲིད་གཞུང་གིས་མཚམས་ཆད་དུ་བཅུག་པ་གཏན་ནས་མིན། དེའི་རྗེས་སུ་ཡུལ་གྱར་སྲིད་གཞུང་གིས་རྒྱ་གར་དུ་ཡུལ་གྱར་བོད་མིའི་ (དམིགས་བསལ་གྲོས་ཚོགས་)”ཞེས་བྱ་བའི་ཚོགས་འདུ་བསྡུས་པ་རེད། ཐེངས་དེའི་གྲོས་ཚོགས་སྟེང་ཐག་གཅོད་གནང་བ་ནི་འདི་ལྟ་སྟེ། ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་མཚམས་འཇོག་པའི་ཐག་གཅོད་གནང་བ་རེད། དོན་རྐྱེན་འདི་འཛམ་གླིང་གི་མི་ཀུན་གྱིས་ཤེས་ངེས་ཡིན། གལ་ཏེ་ཏཱ་ལའི་བླ་མས་ལྷག་བསམ་རྣམ་དག་གིས་ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་བྱེད་འདོད་ཡོད་ན། ཁོས་རྣམ་འགྱུར་ཐེངས་གཉིས་བསྟན་པ་དེ་ཀྲུང་དབྱང་སྲིད་གཞུང་ལ་གསལ་བཤད་དང་སྐྱོན་ཞིབ་བྱེད་མི་དགོས་སམ། ཞེས་ཀྱང་ཟེར།
ཁོས་མུ་མཐུད་དོན། ཏཱ་ལའི་བླ་མའི་ཕྱོགས་ནས་ཐེངས་མང་པོར་བསྒྲགས་དོན། དེ་རིང་ནས་བཟུང་གླེང་དགོས་པ་ནི་ཁོའི་“(བརྗེད་ཐོ་)”དེ་ཡིན་ཞིང་། ཁོའི་“(བོད་མི་ལྷན་རྒྱས་ཡོངས་ཀྱི་ཆེས་མཐོའི་རང་སྐྱོང་བརྗེད་ཐོ་)”ཟེར་བ་གྲོས་མོལ་གྱི་རྨང་གཞིར་འཛིན་དགོས་པ་དེ་རེད། ང་ཚོ་ཀྲུང་དབྱང་སྲིད་གཞུང་གིས་མཐའ་གཅིག་ཏུ་ཁས་མ་བླངས་པར་ཕྱིར་བཟློག་བྱས་ཡོད་པ་འདི་འདྲ་ཞིག རྗེས་ཕྱོགས་ཀྱི་གྲོས་མོལ་བྱེད་པའི་སྔོན་འགྲོ་དང་རྨང་གཞིར་བྱས་ན་འདིའི་ཁྲོད་དུ་གྲོས་མོལ་བྱེད་འདོད་པའི་ལྷག་བསམ་རྣམ་དག་ཅིག་ཡོད་དམ་ཅི། ཅེས་དང་།
ཀྲུའི་ཝེ་ཆོན་གྱིས་མཐའ་མཇུག་དེར། གལ་སྲིད་ཚང་མར་གནད་དོན་གསར་བ་མེད་པའི་དབང་དུ་བཏང་ན། ངས་འདི་ནས་ཁྱེད་ཚོ་ཚང་མས་ངའི་ཚབ་གནང་སྟེ་གནས་ཚུལ་བསྒྲགས་པར་རོགས་རམ་ཞིག་བྱེད་དུ་འཇུག་འདོད། ད་ལོའི་ཟླ ༣ པའི་ནང་ང་ཚོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་ཚོགས་འཚོགས་པའི་སྐབས་སུ། ཡ་མཚན་པའི་དོན་རྐྱེན་ཞིག་བྱུང་མྱོང་། ཟླ ༣ ཚེས་ ༧ ཉིན་ཕྱི་འབྲེལ་པ་ཡང་ཅེ་ཁྲི་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཁོང་གིས་ཏཱ་ལའི་བླ་མས་ང་ཚོའི་བོད་ལྗོངས་སུ་སྡོད་པའི་ཀྲུང་གོའི་རུ་དམག་ཕར་བསྐྲོད་དགོས་པ་མ་ཟད། མི་རབས་ནས་མི་རབས་བར་ བོད་དུ་སྡོད་པའི་མི་རིགས་གཞན་པའི་ཀྲུང་གོའི་མི་མ་ལུས་ཕྱིར་བསྐྲོད་དགོས་པའི་རེ་ངན་དེ་ལ་སྐྱོན་བརྗོད་ནན་མོ་བྱས་ཡོད། ཡིན་ན་ཡང་ཟླ་ ༣ ཚེས་ ༡༠ ཉིན་ཏཱ་ལའི་བླ་མས་རྒྱ་གར་གྱི་རྡ་རན་ས་ལར་འཚོགས་པའི་“(བོད་ཡར་ལངས་བྱས་ནས་ལོ༥༠འཁོར་བར་དྲན་རྟེན་ཞུ་བའི་)”གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དུ་འདི་སྐད། “ངས་བོད་ནས་བཅིངས་གྲོལ་དམག་ཕྱིར་བསྐྲོད་དགོས་ཞེས་པའི་སྐད་ཆ་ནམ་ཡང་བཤད་མ་མྱོང་ལ།”“བོད་མ་ཡིན་པའི་མི་རིགས་གཞན་དག་བོད་ས་ནས་གནས་སྤོར་དགོས་པའི་སྐད་ཆ་ཡང་བཤད་མ་མྱོང་།”ཞེས་སྨྲས་པ་མ་ཟད། དེར་བཞུགས་ཀྱི་གསར་འགོད་པ་རྣམས་ལ་ཁྱེད་ཅག་གིས་ངའི་ཚབ་བྱས་ནས་ཀྲུང་གོའི་ཕྱི་འབྲེལ་པར་ངས་དུས་ནམ་ཞིག་ལ་སྐད་ཆ་དེ་ལྟར་བཤད་ཡོད་མེད་དྲིས་ཆོག”ཅེས་སྐད་ཆ་ནན་མོ་བཤད་པ་མ་ཟད། ད་དུང་ཕྱི་འབྲེལ་པ་ཡང་ཅེ་ཁྲི་ལའང་འདི་སྐད།“ཁོས་བཤད་པ་ཁོང་ཁྲོའི་གཏམ་མ་ཡིན་པར་རྫུན་ཁོ་ན་ཡིན་པས། ཁོར་ངེས་པར་དུ་བདེན་དཔང་གི་གཞི་འཛིན་ས་ཞིག་ཡོད་དགོས”ཞེས་སྐྱོན་བརྗོད་བྱས་བྱུང་། ཏཱ་ལའི་བླ་མ་ནི་ནུབ་ཕྱོགས་སྤྱི་ཚོགས་སུ་མཚན་སྙན་གང་སར་ཁྱབ་པའི་མི་སྣ་ཞིག་རེད། མི་ཚོགས་འདུ་ས་དེ་འདྲ་ཞིག་ནས་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གིས་རྫུན་ལབ་འདུག་ཅེས་སྐྱོན་བརྗོད་བྱེད་པ་ནི་ཡིད་གཟབ་ནན་མོ་བྱ་དགོས་པའི་དོན་དག་ཅིག་རེད། དེར་བརྟེན་ང་ཚོའི་ཙུང་ལི་ཝུན་ཅ་པའོ་ཡིས་ལན་འདི་ལྟར་བཏབ་པ་སྟེ། ཟླ་ ༣ ཚེས་ ༡༣ ཉིན་ཝུན་ཅ་པའོ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་འདི་སྐད། ཏཱ་ལའི་བླ་མས་སྐད་ཆ་དེ་བཤད་ཡོད་མེད་ནི། ཚང་མས ༡༩༨༧ ལོར་ཏཱ་ལའི་བླ་མས་ཨ་རི་ནས་ (བོད་ལྗོངས་ཞི་བདེ་ཡོང་བའི་འཆར་གཞི་དོན་ཚན་ལྔ)’ཞེས་པ་དང་ ༡༩༨༨ ལོར་ཧྥ་རན་སིའི་སི་ཐེ་ལ་སི་པའོ་ནས་‘(བསམ་འཆར་གསར་བ་བདུན།)’ ཞེས་བསྒྲགས་པའི་ཡིག་ཆའི་ནང་འཚོལ་དང་། དེའི་ནང་དུ་ཀྲུང་གོའི་རུ་དམག་དང་དམག་དོན་སྒྲིག་ཆས་བོད་ལྗོངས་ནས་ཕྱིར་བསྐྲོད་དགོས་པ་དང་། འཕྲལ་དུ་རྒྱ་མི་བོད་དུ་ཡོང་བར་བཀག་འགོག་བྱེད་དགོས་པ་མ་ཟད། ནང་དུ་སྡོད་པ་ རྣམས་ཡང་ཕྱིར་བསྐྲོད་དགོས་ཞེས་གསལ་བོར་བཀོད་ཡོད། ”ཅེས་དང་། “དེ་ལྟ་བུའི་ཤོག་དཀར་སྟེང་གི་ཡི་གེ་ནག་པོ་དེ་ཏཱ་ལའི་བླ་མས་ནོར་བཅོས་བྱས་ན་ཆོག་མོད། ཡིན་ན་ཡང་ནོར་བཅོས་བྱེད་འདོད་ཀྱང་བྱ་ཐབས་མེད་ཅེས་གསུངས་བྱུང་། ང་ཚོས་ཀྱང་ཝུན་ཙུང་ལིས་གོང་དུ་བཤད་པའི་ཏཱ་ལའི་བླ་མའི་སྐོར་གྱི་ཡིག་ཆ་དེ་དག་བཀླག་པ་ཡིན། ངས་བབ་བརླིང་གི་ཚུལ་དུ་འདི་ནས་ཏཱ་ལའི་བླ་མ་རང་ཉིད་ཀྱིས་བཤད་པའི་དབྱིན་ཇིའི་སྐད་ཇི་བཞིན་དུ་བཀོད་ཡོད་པས། ཁྱེད་ཀྱིས་ལོ་ཙཱ་བྱས་ནས་ཐད་ཀར་དུ་མི་རྣམས་ལ་སྟོན་ཅིག
སྐད་ཆ་དེ་རིགས་ཏཱ་ལའི་བླ་མའི་ཡིག་ཆ་དེ་གཉིས་ཀྱི་ནང་དུ་ཧ་ཅང་མང་། ཝུན་ཙུང་ལི་ཡིས་གསར་འགོད་པར་དེ་ལྟར་ལན་བཏབ་རྗེས། ཏཱ་ལའི་བླ་མ་རང་ཉིད་ལ་སྐད་ཆ་ཅི་ཡང་བཤད་ཀྱི་མེད། མཚམས་འདི་ནས་གནད་དོན་གལ་ ཆེན་ཞིག་བྱུང་ཡོད་པ་ནི། དོན་དངོས་སུ་སུ་ཞིག་གིས་རྫུན་ལབ་གྱིན་འདུག་གམ། ང་དང་འདིར་བཞུགས་ཀྱི་ལས་བྱེད་པ་རྣམས་གསར་འགོད་པའི་ལས་གཉེར་མྱོང་བ་ཏག་ཏག་ཡིན། གསར་འགོད་ལས་ཀའི་སྟེང་གི་གཞི་རྩའི་རྩ་དོན་ནི་གནས་ཚུལ་ངོ་མ་བསྒྲགས་པ་དེ་ ཡིན། ངས་གསར་འགོད་པ་རྣམས་ལ་ཁྱེད་ཅག་གིས་ཤེས་པའི་མཚམས་སྦྱོར་ཚན་པའི་སྟེང་དུ། ངའི་ཚབ་བྱས་ནས་དྲི་བ་འདི་འདྲ་ཞིག་བཏོན་ཆོག ཏཱ་ལའི་བླ་མ་ལགས། ཁྱེད་ཀྱིས་དོན་དངོས་སུ་སྐད་ཆ་དེ་རིགས་བཤད་དམ་མ་བཤད། ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཡང་ཅེ་ཁྲི་ཡིས་བཤད་པ་དོན་དངོས་སུ་རྫུན་ཡིན་ནམ། ཡང་ན་ཁྱེད་ཀྱིས་རྫུན་ལབ་པ་ཡིན་ནམ”ཞེ་ན་ལན་ཞིག་སྟེར་རྒྱུ་མེད་ན་མི་ཆོག་པ་ཡིན། ཞེས་སོགས་བཤད་ཡོད་པ་རེད།
གྲོགས་པོ་ཚོས་ནང་ཁུལ་ནས་ཁ་རྩོད་འདྲ་བརྒྱབས་ནས་བསྡད་པའི་མི་ཕན།རྒྱ་ཀྲུ་ཝེ་ཆོན་གྱིས་བཤད་པའི་སྐད་ཆ་དེ་ཚོ་རང་ག་བ་ཞིག་མ་རེད།བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་མི་ཤེས་མཁན་ཞིག་གིས་བལྟས་ན་ཁོ་ལ་བདེན་ཁ་ཐོབ་པ་ལས་ང་ཚོར་ཐོབ་མི་སྲིད།གལ་སྲིད་ང་ཚོས་དངོས་ཡོད་གནས་ཚུལ་མི་དམངས་ལ་གསལ་བོར་འགྲེལ་བཤད་བྱས་ཚེ་གཞི་ནས་ང་ཚོར་ཕྱོགས་གཏོགས་མང་དུ་འགྲོ་བ་ལས་རྒྱ་མིས་རྫུན་བཤད་ཀྱི་རེད་ཅེས་བརྗོད་པ་ཙམ་གྱིས་དག་ཐབས་མེད།དངོས་ནས་ཡ་མཚར་བ་ཞིག་ལ་ད་ཐེངས་མཁས་པ་ང་ཡིན་དང་རྒྱལ་གཅེས་པ་ཁོ་ཡིན་ཟེར་མཁན་ཚང་མ་གང་ལ་སོང་ངམ།
ཚང་མས་དོ་སྣང་སྒོས་རང་གི་བསམ་ཚུལ་གླེང་བར་དགའ་བོ་བྱུང་། ཡིན་ནའང་། ང་རང་གི་མཐོང་ཚུལ་ལ་འདིར་སྤེལ་བའི་བསམ་ཚུལ་ཕལ་ཆེ་བ་ལུས་དང་གྲིབ་མ་འཁྲུལ་བའི་ཚུལ་དུ་འདུག ངས་བསམ་ན་མ་གཞི་ཀྲུའི་ཝེ་ཆོན་དང་ཡང་ཅེ་ཁྲི། ཝུན་ཇ་པོའོ་བཅས་ཀྱིས་བཤད་པའི་སྐད་ཆ་ དེ་གནད་དོན་གཙོ་བོ་མ་རེད། གཙོ་བོ་དེ་ཁོ་ཚོས་རྒྱལ་སྤྱིའི་གསར་ལམ་ཁག་གི་དོ་སྣང་སྐད་ཆ་ཚིག་འགའི་ཐོག་བསྡུ་ཅི་ཐུབ་བྱས་ཏེ་ཁོ་ཚོས་ངོས་ནས་བོད་དོན་གྲོས་མོལ་བྱ་འདུན་རྩ་བ་ནས་མེད་པ་དེ་འགེབས་ཐབས་བྱ་བཞིན་པ་དང་།ཡང་ན་སྐད་ཆ་དེའི་རྒྱབ་ན་མི་མངོན་པར་ཡུབ་སྡོད་པའི་མཐར་ཐུག་གི་རྒྱ་གཞུང་གི་དམིགས་ཡུལ་དེ་ཤེས་རྒྱུ་གལ་ཆེ་གི་བསམ། ང་རང་གི་མཐོང་ཚུལ་ལ། འདས་པའི་བྱུང་རིམ་ལ་བལྟས་འོང་ནའང་། རྒྱ་ནག་གིས་ནམ་ཡང་བོད་ཀྱི་གནད་དོན་དེ་ཁྱབ་ཆུང་དུ་ཆུང་གཏོང་གི་ཡོད་དེ། བོད་ཀྱི་གནད་དོན་དེ་དབུས་གཙང་གི་གནད་དོན་དུ་བཟོས་ཤིང་། དེ་ནས་ལྷ་སའི་སྐུ་དྲག་བླ་དཔོན་གྱི་གནད་དོན་དུ་བཟོས། དེ་ནས་བཙན་བྱོལ་བོད་མིའི་གནད་དོན་དུ་བཟོས། དེ་ནས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་དུ་བཟོ་བཞིན་པ་འདི་མིག་མཐོང་ལག་ཟིན་རེད། དེ་བརྟེན། ད་ལྟ་རྒྱ་གཞུང་གིས་གང་ཐུབ་ཅི་ཐུབ་ཀྱིས་༸ཏཱ་ལའི་བླ་མ་ནག་པོ་བཟོ་ཐབས་བྱས་ཏེ་༸ཏཱ་ལའི་བླ་མའི་རྒྱལ་སྤྱིའི་ཤུགས་རྐྱེན་ཉམས་ཉེས་སུ་གཏོང་བར་འབད་རྒྱུ་དེ་ཁོ་ཚོའི་ཆབ་སྲིད་ཀྱི་དམིགས་ཡུལ་ལྟ་བུར་སྣང་འོང་གི་འདུག དགྱ་ནག་གིས་ལམ་ཁ་འདི་གདམས་པའི་རྒྱུ་རྐྱེན་གཙོ་བོ་ནི། ང་ཚོ་རང་ངོས་ནས་བཟོས་པ་ཞིག་སྟེ། གཅིག་ནས་བོད་མི་ཚང་མས་ལས་དོན་ཆེ་མ་ཆུང་ཕྲ་གང་ཡིན་ཡང་ཚང་མ་༸གོང་ས་མཆོག་གི་ཕྲག་སྟེང་ལ་སྤུངས་ཏེ་ལག་པ་ཐལ་མོ་སྦྱར་ནས་འདུག་པ་ཙམ་ལས་མི་རིགས་ཤིག་གི་འཐབ་རྩོད་ཀྱི་རྟོགས་སད་ངོ་མ་ཞིག་ད་དུང་ཡང་ང་ཚོར་བྱུང་མེད་པ་དང་། གཉིས་ནས་ཕྱི་སྡོད་གཞུང་སྒེར་ཚང་མས་རང་གི་སྒྲིག་འཛུགས་དང་རང་གི་རྩོལ་བ་ལ་བརྟེན་ནས་རང་གི་རྐང་པའི་སྟེང་འགྲེངས་རྒྱུ་ཕར་གཡུགས་ཏེ་ཁ་རྒྱབ་ལྟོ་གོས་ཚུན་ཆད་ཀྱང་ཕྱི་ཕྱོགས་ཀྱི་སློང་ཟས་སློང་ཆུ་ཁོ་ན་ལ་བརྟེན་བསྡད་ཡོད་པ་དེ་རེད། དེས་རྐྱེན་གྱིས་རྒྱ་ནག་གིས་ང་ཚོས་ནུས་མེད་ཀྱི་ཆ་འདི་གཉིས་གཙོ་བོར་བཟུང་ཞིང་། རྒྱལ་སྤྱིའི་དཔལ་འབྱོར་མ་རྐང་ཉམས་ཉེས་ཀྱི་དུས་སྐབས་འདི་བེད་སྤྱད་དེ་དཔལ་འབྱོར་ཚོང་དོན་གྱི་ཕྱོགས་ནས་ཕྱིའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་པ་དང་། རྒྱ་ནག་རང་གི་གསར་འགྱུར་བརྒྱུད་ལམ་གྱི་ནུས་ཤུགས་རྒྱལ་སྤྱིའི་ཐོག་རྒྱ་བསྐྱེད་དང་རྒྱལ་སྤྱིའི་གསར་ལམ་ཁག་གི་དོ་སྣང་ཚུར་བསྡུ་བྱ་ཐབས་སོགས་བྱས་ཏེ། ཕྱི་རྒྱལ་མི་མང་ཁྲོད་ཀྱི་༸གོང་ས་མཆོག་གི་བརྩི་མཐོང་ཉམས་ཉེས་སུ་གཏོང་བ། ཕྱི་སྡོད་བོད་མིའི་སློང་ཟས་སློང་ཆུ་ཡི་ཁུངས་རྩ་སྒོག་ཐབས་གཉིས་རེད་བསམ། ཁོ་ཚོས་ཐབས་དང་དམིགས་ཡུལ་འདིར་ང་ཚོས་ཅི་ལྟར་གདོང་ལེན་ཕར་རྒོད་བྱ་དགོས་རྒྱུ་དེ་ང་ཚོ་བོད་མི་ཚང་མས་འོས་འགན་དང་དཔྱད་པའི་གནས་རེད་མ་གཏོགས། ཁ་ནང་ལ་འཁོར་ནས་ཕྱིར་རང་ལ་འཁོན་འཛིན་བྱེད་རྒྱུ་དེ་དགོས་མེད་ཞིག་རེད། གསར་འགོད་པའི་འོས་འགན་ནི་གནས་ཚུལ་ཇི་མ་ཇི་བཞིན་མི་མང་ལ་མཁོ་སྤྲོད་བྱེད་རྒྱུ་དེ་རེད། དཔྱད་བརྗོད་པའི་འོས་འགན་ནི་དགེ་སྐྱོན་གླེང་སྟེ་མང་ཚོགས་ལ་གསལ་འདེབས་དང་ལམ་སྟོན་བྱེད་རྒྱུ་དེ་རེད།
བོད་རྒྱ་གཉིས་གང་ཞིག་གི་སྐད་ཆ་ལ་ཉན་དགོས་པ་ཤེས་ཀྱི་མི་འདུག ཕྱོགས་གཉིས་ཀས་ཉོག་གཏམ་བཤད་པ་འདྲ་བོ་རེད། བོད་ཕྱོགས་ནས་ཕར་ལ་བསྟུན་མཁས་བྱས་དྲགས་པའི་སྐད་ཆ་གཉོམ་ཆུང་རྐྱང་རྐྱང་བཤད། རྒྱ་གཞུང་ནས་ཚུར་ལ་མཐོང་ཆུང་ཆེ་དྲགས་པའི་སྐད་ཆ་སྦོམ་པོ་རྐྱང་རྐྱང་བཤད། སྦོམ་དྲགས་པ་དང་གཉོམ་དྲགས་པའི་ཧེ་བག་དེ་འདྲའི་བར་ནས་བོད་ཀྱི་བདེན་དོན་དེ་མག་མོག་རབ་རིབ་དང་། རྒྱ་ནག་གི་ཧམ་སེམས་དང་འབྲེལ་བའི་ནུས་ཤུགས་ནི་ཇེ་གསལ་ནས་ཇེ་ཆེར་གྱུར་འདུག
ཀླུ་མཁར་བྱམས་ལ་འདྲི་ན་དྲིས་དང་གང་ཤེས་བཤད་སྲིད། འོན་ཀྱང་བོད་ཀྱི་ལོ་རྒྱུས་ལ་འགྱོག་བཤད་དང་བོད་གཞུང་ལ་དམའ་འབེབས་ཐོབ་འདོད་ན་མ་གཏོགས་འཇམ་དབྱངས་ནོར་བུར་དྲིས་ན་དགེ་ཕན་ཅིང་མེད།
རྒྱུ་མཚན་་་་ འཇམ་ནོར་དང་ཀྲུའི་ཝེ་ཆོན་གཉིས་ལ་འདྲ་ས་གཅིག་དང་མི་འདྲ་ས་གཅིག་ཡོད། འདྲ་ས། བོད་ཆེན་པོ་ཟེར་བ་ཞིག་རྩ་བ་ནས་ཁས་མི་ལེན་པ་འདྲ།
མི་འདྲ་ས། ཀྲུའི་ཝེ་ཆོན་གྱིས་བོད་ཀྱི་བདག་དབང་ཧམ་བཟུང་བྱེད་འདོད་ཡོད།
འཇམ་ནོར་གྱིས་བོད་བཙན་བྱོལ་གཞུང་མགོ་རྟིང་སློག་འདོད་པ་ཙམ་རེད།
ད་གང་ཤེས། ངེད་ཅག་ནི་གཅིག་ལས་གཅིག་ཁ་བདེ་བོ་འདུག ད་ཉལ་ཏུ་སོང་དེ་རྨི་ལམ་ནང་ནས་བོད་དོན་ཞིག་བྱེད་ཨེ་ཐུབ་ལྟ་རྒྱུ་ལས་དོན་དངོས་ཐོག་བོད་དོན་ཏུ་ལུས་ངག་ཡིད་གསུམ་འབུལ་མཁན་ཚོ་ལ་རྒྱབ་སྐྱོར་བྱས་དེ་གཅིག་རྗེས་གཉིས་མཐུད་བྱེད་མཁན་ནི་དཀོན་པོ་ཆགས་འདུག ཁ་རྒྱག་པ་བཤད་མཁན་ང་ཚོ་གང་ནས་བདེ་ན་དེ་རུ་སླེབས་འདུག གང་ནས་སྐྲག་མི་དགོས་ན་དེ་རུ་སླེབས་འདུག བོད་པ་འདི་ཚོ་་་་
ཆབ་སྲིད་ཀྱི་ཕྱོགས་ཡིན་ན་འགྲིག ད་དུང་རིག་གནས་ཀྱི་ཕྱོགས་ཡིན་ཀྱང་ཆོག དེ་མིན་དཔལ་འབྱོར་གྱི་སྐོར་ཡིན་ནའང་འདྲ། ཀླུ་མཁར་བྱམས་དང་འཇམ་ནོར་གཉིས་ལ་བཤད་རྒྱུ་ཞིག་ཡོད་པ་ནི། བོད་གཞུང་དང་མ་འགྲིག་པ་དང་མ་འཐུས་པ་ལས་བཤད་རྒྱུ་མེད། དེ་བས་ང་ཅག་སོ་སོའི་ནས་བདེན་དོན་དང་སྟོབས་ཤུགས་ཟེར་བ་དེ་བཤད་རྒྱུ་ཞིག་མིན་པར་བྱེད་རྒྱུ་ཞིག་ཡིན་པའི་ར་སྤྲོད་ཐབས་བྱེད། ཡངས་ཤིང་རྒྱ་བའི་གངས་ཅན་མཐོ་སྒང་གི་ཆེད་དུ། རང་ཉིད་ཀྱི་ཆེད་དུ།
zur Kff lgs’ galog kald kayi rakayen p’i ln ‘bare Ses m sof sakd rajes ns bSd Cog
ཐུགས་རྗེ་ཆེ་ཟུར་མཁར་ལགས། དྲི་བ་གང་རེད། འཇམ་དབྱངས་ནོར་བུས་ཀློག་གི་ཡོད་མེད་མི་ཤེས། ཀླུ་མཁར་བྱམས་དེ་རིང་ཨི་ཊ་ལི་ན་འདུག དེ་རིང་ཉིན་རྒྱབ་ཆུ་ཚོད་ ༤ ཙམ་ལ་ཁ་པར་བསླེབས་སོང་། ཁོས་དུས་བབ་དྲ་རྒྱ་ཀློག་གི་ཡོད་ཟེར། དེ་བས་ཁོས་ཁྱོད་ལ་ལན་འདེབས་གི་རེད། བསམ་འཆར་འདི་དག་བཏོན་པར་ཐུགས་རྗེ་ཆེ།
དུས་བབ་རྩོམ་སྒྲིག་པ་ལགས། དྲི་བ་འདི་ཀླུ་མཁར་བྱམས་དང་འཇམ་དབྱངས་ནོར་བུ་གཉིས་ལ་འདྲི་རོགས།
བོད་དང་འཛམ་གླིང་མི་དམངས་ལ་དྲི་བ་འདི་རིགས་འདྲི་དགོས་པ་མི་འདུག་བསམ།
བོད་རྒྱ་ཞི་མོལ་ཕ་རིའི་སྤང་རྒྱན་རེད།་དེ་ལས་བཙན་བྱོལ་གཞུང་ཚགས་ཚུད་དང་ཡར་རྒྱས། གཞོན་སྐྱེས་ཚོའི་ཤེས་ཡོན་འཐུས་མ་ཤོར་བ་བྱེད་རྒྱུ་དེ་གལ་ཆེན་རེད། དེ་ལ་དམིགས་ཏེ་བཀའ་ཁྲི་རྗེས་མ་མི་གང་འདྲ་ཞིག་འཇོག་མིན་ལ་འབད་གལ་ཆེའོ།
རྒྱ་ནག་གི་འགོ་ཁྲིད་ཚོས་བོད་མི་མང་གི་རེ་འདོད་ལ་ཉན་འཇོག་གཏན་ནས་མི་བྱེད་པར་མཛུབ་མོ་༧གོང་ས་མཆོག་ལ་གཏད་ཀྱི་ཡོད་པ་རེད། འགོ་ཁྲིད་འདིའི་རིགས་ཀྱིས་པེ་ཅིང་ཐང་ཆེན་གྱི་སློབ་ཕྲུག་དམར་གསོད་དང་། ན་ནིང་བོད་ནང་གི་དམར་གསོད་ཆེན་མོ་སོགས་ཚང་མ་གཞན་གྱི་སྐྱོན་མ་གཏོགས། རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ལ་སྐྱོན་ཆེན་པོ་ཡོད་པ་ངེས་འཛིན་བྱེད་ཀྱི་ཡོད་པ་མ་རེད།
བོད་གཞུང་གིས་འགོ་ཁྲིད་འདི་ཚོའི་མཉམ་དུ་དུས་ཚོད་འཕྲོག་བརླག་གཏོང་བ་ལས། རྒྱ་ནག་མང་གཙོའི་ལམ་དུ་བསྐྱོད་པའི་ཐོག་ནུས་ལ་འདོན་ཐབས་དང་། ང་ཚོ་རང་བཙན་གྱི་ལམ་ཁར་ཕྱིན་པ་དེ་བོད་མིའི་བསམ་བློའི་ནུས་ཤུགས་གཅིག་ཏུ་བསྒྲིལ་བའི་ཐོག་ཕྱག་ལས་གནང་རྒྱུ་དེ་གལ་ཆེ་བར་མཐོང་།
ང་ཚོར་རྒྱ་ནག་གི་འགོ་ཁྲིད་ཚོས་སྐྱུར་མོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་ཚོས་མངར་མོ་སྤྲད་སྡོད་པར་མགོ་འཁོར་ན་དངོས་ནས་ང་ཚོ་ཚར་གྱི་རེད།
ཟླ་འདིའི་ནང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་ལ་དོགས་སེལ་གྱི་ཡིག་ཆ་ཞིག་འབུལ་རྒྱུ་ཡིན་ཟེར། འོན་ཀྱང་། ཀྲུའུ་ཝེ་ཆོན་གྱིས། ང་ཚོ་ཀྲུང་དབྱང་སྲིད་གཞུང་གིས་མཐའ་གཅིག་ཏུ་ཁས་མ་བླངས་པར་ཕྱིར་བཟློག་བྱས་ཡོད་པ་འདི་འདྲ་ཞིག རྗེས་ཕྱོགས་ཀྱི་གྲོས་མོལ་བྱེད་པའི་སྔོན་འགྲོ་དང་རྨང་གཞིར་བྱས་ན་འདིའི་ཁྲོད་དུ་གྲོས་མོལ་བྱེད་འདོད་པའི་ལྷག་བསམ་རྣམ་དག་ཅིག་ཡོད་དམ་ཅི། ཅེས་ཡིག་ཆ་དེའི་རིགས་ཁྱེར་མ་ཡོང་མདོག་མདོག་ཅིག་བཤད་འདུག