སྦེལ་ཀོབ་གཞིས་ཆགས་སུ་ལྷོ་ཕྱོགས་གཞིས་ཆགས་ཁག་གི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་ཁག་ལ་ཉིན་བཞིའི་རིང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཟབ་སྦྱོང་སྤྲོད་བཞིན་ཡོད་འདུག
ཕྱི་ཚེས་ ༢༣ ཉིན་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་མི་མང་ཚོགས་ཁང་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་འོག་སྦེལ་ཀོབ་ལུགས་བདེ་གཉིས་དང་མོན་གྷོ་འདོད་རྒུ་གླིང་། ཧོང་སུར་རབ་རྒྱས་གླིང་། ཀོ་ལི་གྷལ་དོན་ལྡན་གླིང་སོགས་ཀྱི་ས་གནས་གྲོས་ཚོགས་དང་གཞོན་ནུ། བུད་མེད། རང་བདེན་ཚོགས་མི། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱི་གནད་ཡོད་མི་སྣ་ཁག་དང་། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་སྤྱི་མི་དང་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གནད་ཡོད་མི་སྣ་སོགས་ལ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཟབ་སྦྱོང་ཞིག་སྤྲོད་མགོ་བཙུགས་ཡོད་ལ། ཟབ་སྦྱོང་འདི་ཉིན་བཞིའི་རིང་སྤྲོད་རྒྱུ་ཡིན་འདུག ཟབ་སྦྱོང་སྤྲོད་མཁན་རྣམས་ནི་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་དང་། སྤྱི་འཐུས་པདྨ་འབྱུངས་གནས་མཆོག འོས་བསྡུའི་འགན་བཀྲ་ཤིས་ཕུན་ཚོགས་མཆོག འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་དང་། འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་སོགས་ཡིན་འདུག
ཚེས་ ༢༣ ཉིན་གྱི་མཛད་སྒོའི་ཐོག་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་མགོ་དགྲ་འདུལ་ལགས་ཀྱིས་ཚོགས་ཞུགས་པ་ཡོངས་ལ། ང་ཚོས་མང་གཙོའི་ཁེ་དབང་གང་རེད། མང་གཙོའི་འཕེལ་རིམ་ག་རེ་རེད། མང་ཚོགས་ལ་ཐོབ་ཐང་ག་རེ་ཡོད་པ་རེད། འདི་ཚོ་མཁྱེན་པ་གནང་དགོས། དེ་བཞིན་མང་གཙོའི་ངོ་བོ་ཤེས་དགོས་པ་དང་ལྟ་གྲུབ་ཤེས་དགོས་པ་དེ་གལ་ཆེན་པོ་རེད་ཅེས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གཉིས་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་ལྟར། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ཀྱིན་ཡོད་ནའང་། འགྲོ་བ་མིའི་ཐོབ་ཐང་མེད་པ་རེད། དེར་བརྟེན་བོད་ནང་དུ་ད་བར་འགྲོ་བ་མིའི་ཐོབ་ཐང་མེད་བསྡད་དུས། སྨྲ་བརྗོད་ཀྱི་རང་དབང་དང་ཁོར་ཡུག་གི་རང་དབང་། ཆོས་དད་ཀྱི་རང་དབང་སོགས་ཡོད་པ་མ་རེད། དེ་མེད་དུས་འཛམ་གླིང་སྤྱིའི་ཁྲིམས་ལུགས་ལྟར་རང་དབང་དེ་དག་དགོས་ཀྱི་ཡོད་པ་རེད། དེ་ལ་འབད་བརྩོན་བྱས་བསྡད་ཡོད་པ་རེད།
བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཡོད་ཀྱང་མང་ཚོགས་ཀྱིས་དེའི་དགོས་པ་དང་རྒྱུ་མཚན་ཤེས་དགོས་ཀྱི་ཡོད་པ་རེད། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དགོས་ཀྱི་ཡོད་ན། གང་བྱས་བྱས་རེད་དམ། རང་སྣང་གང་ཤར་རེད་དམ། དེ་གནད་འགག་ཅིག་ཆགས་བསྡད་ཡོད། དེ་ལ་སྟངས་འཛིན་བྱེད་མཁན། དེ་ལ་ལྟ་རྟོག་བྱེད་མཁན་གྱི་གྲོས་ཚོགས་དགོས་ཀྱི་ཡོད་པ་རེད་ལ། གྲོས་ཚོགས་ལ་སྟངས་འཛིན་བྱེད་མཁན་ནམ་རྒྱལ་ཁབ་ཀྱི་སྤྱི་མང་ཡོངས་ལ་ཁྱབ་པའི་ཁྲིམས་དང་སྒྲིག་གཞི་བཟོ་དགོས་ཀྱི་ཡོད་པ་རེད། དེ་བཟོ་མཁན་དེ་དག་སུས་འདེམས་དགོས་ཟེར་ན་མི་མང་གིས་འདེམས་དགོས་པ་རེད། མང་མོས་ཐོག་ནས་འདེམས་ཐོན་བྱུང་བའི་གྲོས་ཚོགས་དགོས་པ་རེད། གྲོས་ཚོགས་དེས་གཏན་ལ་ཕབ་པའི་ཁྲིམས་དང་སྒྲིག་གཞི་བཟོ་དགོས་པ་རེད། ཁྲིམས་དང་སྒྲིག་གཞི་དེ་དག་ལག་བསྟར་བྱེད་མཁན་གྱི་འཛིན་སྐྱོང་དགོས་པ་རེད། གལ་སྲིད་འཛིན་སྐྱོང་གིས་ཁྲིམས་དང་སྒྲིག་གཞི་དེ་དག་ལག་ལེན་དུ་ཏག་ཏག་བསྟར་ཀྱི་མེད་པ་དང་། འགྲིག་མ་འགྲིག་བྱུང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ཞེས་པར་གཏུགས་ཏེ། ཁྲིམས་དང་འགྲིག་པ་ག་རེ་བྱུང་འདུག མ་འགྲིག་པ་ག་རེ་བྱུང་འདུག སུས་ནོར་འདུག་སོགས་གྱོང་གཏུགས་བྱེད་ས་ཡོད་པ་རེད། འདི་ལྟར་ང་ཚོའི་མང་གཙོའི་ཀ་བ་གསུམ་གྱི་འཕེལ་རིམ་དེ་འཕེལ་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་ཡོད།
ཡང་ཁོང་གིས། དེ་རིང་འདིར་ང་ཚོས་གང་སྦྱངས་པ་དེ་ང་ཚོའི་ཉིན་རེ་ཉིན་རེའི་བྱེད་སྒོའི་ཐོག་བེད་སྤྱོད་ཐུབ་པ་དང་། མང་གཙོའི་འཕེལ་རིམ། འགྲོ་བ་མིའི་ཐོབ་ཐང་། ང་ཚོའི་བྱེད་སྒོ་ལམ་གསུམ་དེ་དག་༸གོང་ས་མཆོག་གི་བཀའ་དགོངས་དང་མཐུན་པ་ཞིག་དགོས་ཀྱི་ཡོད་པ་རེད། བོད་མི་སྤྱི་མང་ལ་ཕན་ཐོགས་ཡོད་པ་ཞིག བོད་ཀྱི་བདེན་མཐའ་གསལ་བ་ཕན་པ་ཞིག་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་ཡོད།
ཟབ་སྦྱོང་འདི་མི་དམངས་ཀྱིས་གོ་མི་ཉན་པ་ཞིག་རེད་དམ།་་་་གསལ་བསྒྲགས་མི་བྱེད་དོན་ཅི་ཡིན།་་་་ཁྱེད་ཚོ་མང་ཚོགས་ལ་གོ་རྟོག་འཕེ་ལ་ཞེན་ཀྱིན་འདུག་གམ།
ཟབ་སྦྱོང་འདི་མི་དམངས་ཀྱིས་གོ་མི་ཉན་པ་ཞིག་རེད་དམ།་་་་གསལ་བསྒྲགས་མི་བྱེད་དོན་ཅི་ཡིན།་་་་ཁྱེད་ཚོ་མང་ཚོགས་ལ་གོ་རྟོག་འཕེ་ལ་ཞེན་ཀྱིན་འདུག་གམ།
ཟབ་སྦྱོང་འདི་མི་དམངས་ཀྱིས་གོ་མི་ཉན་པ་ཞིག་རེད་དམ།་་་་གསལ་བསྒྲགས་མི་བྱེད་དོན་ཅི་ཡིན།་་་་ཁྱེད་ཚོ་མང་ཚོགས་ལ་གོ་རྟོག་འཕེ་ལ་ཞེན་ཀྱིན་འདུག་གམ།