རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་བདུན་ཕྲག་འགའི་སྔོན་ནས་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཡོད་པ་དང༌། ཕྱི་ཚེས་ ༢ ཉིན་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་ཤིང༌། ཕྱི་ཚེས་ ༣ ཉིན་ཕྱི་དྲོ་བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་མི་མང་དང་མཉམ་དུ་ཆུ་ཚོད་ ༣ རིང༌། བོད་རྒྱའི་རྩོད་རྙོག་དང་འབྲེལ་བའི་སྐོར་ལ་དྲི་བ་དྲིས་ལན་གྱི་བགྲོ་གླེང་རྒྱས་པ་ཞིག་གནང་ཡོད། སྐབས་དེར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཀུན་ཐར་དོན་འགྲུབ་ཀྱིས། དེ་རིང་གི་བགྲོ་གླེང་འདིར་༧གོང་ས་མཆོག་དང་བོད་གཞུང་གི་ངོས་ནས་མོས་མཐུན་ཡོད་སྐོར་བཅས་ངོ་སྤྲོད་གནང་བྱུང། བགྲོ་གླེང་མགོ་འཛུགས་མ་བྱས་གོང་ལ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་གཡང་ཁོ་རྒྱལ་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་ལ་མོས་མཐུན་མེད་སྐོར་དང༌། རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་ནི། སྲིད་དབང་སྒེར་འཛིན་རིང་ལུགས་པ་གུང་ཁྲན་ཏང་གི་གཅེས་ཕྲུག་དང་། རང་གཅེས་ཆེ་བའི་མི་རིགས་རིང་ལུགས་ཅན་གྱི་བོད་མིའི་བསམ་བློའི་གསང་མྱུལ་བ་ཞིག་ཡིན་ཚུལ་སོགས་དོན་ཚན་བརྒྱད་བགྲངས་ཏེ་ངོ་རྒོལ་ཡང་བྱས་སོང༌། གཤམ་དུ་བགྲོ་གླེང་སྐབས་ཀྱི་མང་ཚོགས་ཀྱི་དྲི་བ་དྲིས་ལན་ཁག་བདམས་བཀོད་བྱས་ཡོད།
དྲི་བ། ང་ལ་དྲི་བ་གསུམ་ཡོད། དང་པོ། གོ་ཐོས་སུ་ཝང་ལི་ཞོང་ནི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཡི་ཆབ་སྲིད་ཀྱི་སློབ་སྟོན་པ་རེད་ཟེར་བ་དེ་བདེན་པ་ཡིན་ནམ། གཉིས་པ། ཝང་ལི་ཞོང་སྔོན་ཆད་ངྷ་རམ་ས་ལར་ཕེབས་མྱོང་ཡོད་དམ། གསུམ་པ། སྐུ་ཉིད་ཀྱིས་བོད་རྒྱའི་རྩོད་རྙོག་འདུམ་སྒྲིག་ལ་འབད་བརྩོན་བྱེད་ཀྱིན་ན་གདེང་ཚོད་ཅི་ཙམ་ཡོད་དམ།
ལན། ང་རང་ཧུའུ་ཅིན་ཐོ་ཡི་ཆབ་སྲིད་སློབ་སྟོན་པ་རེད་ཟེར་བའི་སྐད་ཆ་དེ་ཐེངས་དང་པོ་གོ་བ་ཡིན། གལ་སྲིད་ཧུའུ་ཅིན་ཐོ་ཡིས་ང་ཁོང་གི་ཆབ་སྲིད་སློབ་སྟོན་པར་གདན་འདྲེན་ཞུས་པ་ཡིན་ན། ངས་དགའ་བཞིན་སྤྲོ་བཞིན་དང་ལེན་བྱས་ཏེ། བོད་རྒྱ་ཞི་མོལ་ཐད་སློབ་སྟོན་བྱ་ངེས་ཡིན། སེམས་ཕངས་པ་ཞིག་ལ་ང་ལ་དེ་འདྲའི་གོ་སྐབས་རག་མ་སོང༌། ཁ་གསལ་བོ་བྱས་ཏེ་ཞུ་རྒྱུ་ཞིག་ལ། ང་ངྷ་རམ་ས་ལར་ཡོང་བ་ཐོག་མ་དེ་ཡིན་ལ། ཐེངས་འདིར་གཟི་བརྗིད་ཀྱིས་ཡོང་བ་ཡིན། ང་ངྷ་རམ་ས་ལར་ཡོང་དོན་གང་ཡིན་ཟེར་ན། བོད་རྒྱ་གཉིས་ཀྱི་རྩོད་རྙོག་ཐད་ལས་ཀ་རེ་བྱ་ཨེ་ཐུབ་བསམ་པ་ཡིན་མོད། དེ་རིང་གི་སྣང་ཚུལ་འདིས་ང་ཅུང་ཡ་མཚན་དུ་བཅུག་སོང༌། གལ་སྲིད་ཁྱེད་ཅག་གིས་ང་ལ་དོགས་པ་ཟ་བཞིན་ཡོད་ན། མ་འོངས་པར་བོད་རྒྱ་མི་རིགས་གཉིས་བར་རྒྱུས་ལོན་ཇི་ལྟར་བྱ་རྒྱའི་ཐད། ང་ལ་རང་བཞིན་སེམས་འཚབ་ཡོང་གིན་འདུག་ལ། སེམས་ཤུགས་ཀྱང་ཅུང་ཆགས་ཀྱིན་འདུག བོད་མི་རེ་ཟུང་ང་ལ་དོགས་པ་ཡོད་ཚུལ་སྔར་ནས་གོ་མྱོང་ལ། ཁ་སང་ ༧ཏཱ་ལའི་བླ་མར་ཡང་ཞུས་པ་ཡིན། སྐབས་དེར་ཁོང་ཡུན་རིང་ལ་བཞད་དེ། གལ་སྲིད་ཁྱེད་གསང་མྱུལ་བ་ཡིན་ན། ཁྱེད་ལྟ་བུ་ག་ཚད་ཡོང་ན་ང་ཚོས་དགའ་བསུ་ཡོད་ཞུ་ངེས་ཡིན་ཟེར། ང་གསང་མྱུལ་བ་ཡིན་མིན་ང་རང་གིས་གསལ་བཤད་བྱ་ཐབས་ཡོད་པ་མ་རེད། དེ་འདྲའི་དོགས་པ་ཡོད་མཁན་ཚོས་དཔང་རྟགས་ཀྱི་ཐོག་ནས་ར་སྤྲོད་གནང་རོགས།
དྲི་བ། ང་རང་གིས་ཝང་ལི་ཞོང་གི་རྩོམ་ཡིག་བཀླགས་པའི་ཉམས་མྱོང་ཁྲོད། རྩོམ་ཡིག་མང་པོ་ཞིག་དངོས་ཡོད་འཚོ་བ་རིང་ལུགས་ལས་རྟོག་པ་འཆར་ཡན་རིང་ལུགས་ཤུགས་ཆེ་ཙམ་ཡོད་པའི་ཚོར་སྣང་བྱུང་སོང༌། སྐུ་ཉིད་ཀྱིས་དེའི་སྐོར་ལ་ལྟ་ཚུལ་ཞིག་གསུངས་རོགས།
ལན། ང་རང་གིས་རྩོམ་ཡིག་འབྲི་སྐབས་དོན་དངོས་གཙོ་བོར་བཟུང་བ་ཡིན། འོན་ཀྱང༌། ང་རང་བརྩམས་སྒྲུང་འབྲི་མཁན་ཞིག་ཡིན་སྟབས། འཆར་ཡན་གྱི་ཆ་མང་པོ་ཡོང་སྲིད་པ་རེད། ཐེངས་འདིར་ཁྱེད་ཀྱིས་ང་ལ་དྲན་བསྐུལ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་བགྲོ་གླེང་མགོ་བཙུགས་མ་ཐག མི་ཞིག་གིས་སྐད་ཆེན་པོ་རྒྱག་སྐབས། ངས་ཅི་ཞིག་བཤད་ཀྱིན་ཡོད་པའང་ཤེས་མ་སོང༌། ཕྱིས་སུ་ང་ལ་ངོ་རྒོལ་བྱས་པ་ཤེས་སྐབས། ཅུང་བློ་ཡུལ་ལས་འདས་པ་ཞིག་བྱུང་སོང༌། དེ་ནི་ང་ཆབ་སྲིད་པ་ཞིག་མིན་པའི་རྐྱེན་གྱིས་རེད། གལ་སྲིད་ང་ཆབ་སྲིད་པ་ཞིག་ཡིན་ན། དེ་མ་ཐག་བྷུ་ཤུ་ལ་ལྷམ་གྱིས་གཞུས་སྐབས་ལན་བཏབས་པ་བཞིན། ངས་ཀྱང་ཆབ་སྲིད་ཀྱི་སྐད་ཆ་ཁ་ཤས་བཤད་ཆོག་མོད། ངས་བོད་མིར་བརྩེ་བ་ཆེན་པོ་ཞིག་བཅིངས་ཏེ། བཙན་བྱོལ་བོད་མིར་རྒྱུས་ལོན་བྱེད་དུ་ཡོང་བ་ཡིན་སྟབས་ཅུང་ཧ་ལས་སོང། འོན་ཀྱང༌། དམངས་གཙོའི་སྤྱི་ཚོགས་ནང་འདི་འདྲ་ཡོང་སྲིད་པ་ཞིག་རེད། ཁ་དཔེར། བོད་རེ་བའི་འཕོང༌། རྒྱ་དོགས་པས་འཕོང་ཟེར་སྲོལ་ཡོད་མོད། ཡ་མཚན་པ་ཞིག་ལ། དེ་ལས་ཟློག་སྟེ་ངས་རེ་བ་ཆེན་པོ་ཞིག་བརྒྱབས་ཏེ་ངྷ་རམ་ས་ལར་ཡོང་ཡང༌། ཁྱེད་ཅག་གིས་ང་ལ་དོགས་པ་ཆེན་པོ་ཟ་བཞིན་འདུག ང་རང་གི་རེ་བར་དེ་རིང་འདིར་ཕེབས་པ་ཚང་མ་དང་མཉམ་དུ་བགྲོ་གླེང་ལྷུག་པོ་ཞིག་བྱུང་ན་བསམ་ཡོད། གལ་སྲིད་ང་ལ་ནོར་འཁྲུལ་འདྲ་ཡོད་ན། འདི་དང་འདི་ཟེར་ནས་གསལ་བཤད་གནང་རོགས།
དྲི་བ། སྐུ་ཉིད་ཀྱི་ཁོར་ཡུག་ན་བུད་མེད་མང་པོ་ཞིག་ཡོད་བཞིན་དུ་བོད་རིགས་བོད་མེད་འོད་ཟེར་ཆུང་མར་བདམས་དོན་གང་ཡིན་པ་དང༌། དོན་དངོས་ཐོག་ཁྱེད་ཉིད་བོད་པར་བརྩེ་བ་ཅི་ཙམ་ཡོད་དམ།
ལན། འོད་ཟེར་ངེད་གཉིས་བཟའ་ཚང་ཆགས་པ་དེ་ཕལ་ཆེར་ལས་འབྲེལ་ཡིན་རྒྱུ་རེད། གང་ཡིན་ཟེར་ན། ངེད་གཉིས་ཐུག་སྐབས་མོ་རང་ལོ་ ༣༨ རེད། ང་ལོ་ ༥༡ ཡིན། སྐབས་དེར་མོས་ཀྱང་ཆང་ས་བརྒྱབས་མྱོང་མི་འདུག་ལ། ངས་ཀྱང་ཆང་ས་བརྒྱབས་མྱོང་མེད། ངེད་གཉིས་ཕན་ཚུན་ལ་བསྒུག་བསྡད་པའི་བཟོ་འདྲ་བོ་ཞིག་འདུག ཐོག་མ་འོད་ཟེར་དང་ངེད་གཉིས་ངོ་ཤེས་དོན་གང་ཡིན་ཟེར་ན། འོད་ཟེར་གྱི་ཕ་ལགས་པར་རྒྱག་མཁན་ཞིག་རེད། ཁོང་གྲོངས་ཁར་སྔོན་ཆད་པར་བརྒྱབས་པའི་རྭ་ཤེལ་མང་པོ་ཞིག་འོད་ཟེར་གྱི་ལག་ཏུ་བཞག་འདུག ངས་བོད་དོན་སྐོར་ལ་རྩོམ་ཡིག་འབྲི་བཞིན་ཡོད་པ་འོད་ཟེར་གྱིས་ཀློག་གིན་ཡོད་པ་འདྲ། ང་ལ་ཡིད་ཆེས་བྱས་ཏེ་ཉིན་ཞིག་རྭ་ཤེལ་དེ་དག་བསྐུར་ནས་སླེབས་སོང༌། རྭ་ཤེལ་དེ་དག་ཁྲོད་རིག་གནས་གསར་བརྗེ་སྐབས་ཀྱི་པར་རྩ་ཆེན་མང་པོ་ཞིག་འདུག དེ་མ་ཐག་ངས་ཡི་གེ་ཞིག་དང་མཉམ་དུ་ཕྱིར་བསྐུར་ཏེ། འདི་དག་ལོ་རྒྱུས་ནང་ཧ་ཅང་གལ་ཆེན་པོ་རེད། ཁྱེད་ཀྱིས་ང་ལ་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ། འོན་ཀྱང༌། ངས་ཉར་རྒྱུ་ཞིག་མ་རེད། ཅེས་བརྗོད་པ་ཡིན། དེའི་རྗེས་ངས་ཁོ་མོར་རོགས་བྱས་ཏེ། པར་དེ་དག་བཀྲུས་ཏེ་ཆེན་པོ་བཟོ་བ་དང༌། བོད་ཁུལ་ལ་ཆེད་དུ་བསྐྱོད་དེ་པར་དེ་དག་དང་འབྲེལ་ཡོད་ཚོར་བཅར་འདྲི་ཞུས་ཏེ། ༼གསར་བརྗེ་༽ཟེར་བའི་དཔེ་དེབ་དེ་ཐེ་ཝན་གྱི་དཔར་ཁང་ཞིག་ནས་དཔར་སྐྲུན་བྱས་པ་ཡིན། དེབ་དེ་ནི་ལོ་བཅུའི་རིང་གི་རིག་གནས་གསར་བརྗེ་སྐབས། རྒྱ་གཞུང་གིས་བོད་ཀྱི་ས་ཆར་གཏོར་བཤིག་བཏང་པའི་ལོ་རྒྱུས་ཀྱི་སྟོང་ཆར་ཁ་གསབ་ཞིག་ཡིན་བསམ་ཡོད། གང་ཡིན་ཟེར་ན། ལྷ་སའི་ཡིག་ཚང་དག་ན་ལོ་བཅུའི་རིང་བོད་སར་གཏོར་བཅོམ་བྱས་པའི་ཡིག་ཚགས་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་ལྟར་ངེད་གཉིས་ལོ་ ༦ མཉམ་ལས་བྱས་པའི་གོ་རིམ་ཁྲོད་ངེད་གཉིས་བཟའ་ཚང་ཆགས་པ་རེད། མི་ལ་ལས་ང་ལ། ཁྱེད་རང་སྤྱང་པོ་རེད། རྭ་ཤེལ་མ་བླངས་པར་མི་འཇུས་སོང་ཟེར། ངས་ཀྱང་ཁོང་ཚོར། འོད་ཟེར་ཡང་སྤྱང་པོ་རེད། རྭ་ཤེལ་གཞན་གྱི་ལག་ཏུ་མ་ཤོར་བའི་མི་ཚད། མི་ཞིག་ལའང་བདག་པོ་བརྒྱབས་སོང༌། ཞེས་ལབ་པ་ཡིན། ཁྱེད་ཀྱི་དྲི་བ་གཉིས་པའི་ལན་དུ། ཐོག་མར་ང་རང་བོད་ཀྱི་མཛེས་ལྗོངས་དང་ཁོར་ཡུག ཡུལ་སྲོལ་གོམས་གཤིས་བཅས་ལ་མཚར་སྣང་ཞིག་གི་ཐོག་ནས་བོད་ལ་འབྲེལ་འདྲིས་བྱུང་བ་ལས་བོད་པར་བརྩེ་བ་དམིགས་བསལ་མེད། འོན་ཀྱང༌། འོད་ཟེར་ངེད་གཉིས་ངོ་ཤེས་རྗེས་བོད་པར་ལྟ་བའི་སྒེའུ་ཁུངས་ཕྱེས་སོང་བ་རེད། དུས་དེ་ནས་ང་རང་བོད་པར་བརྩེ་བ་ངོ་མ་ཞིག་སླེབས་སོང༌།
དྲི་བ། དྲི་བ་གཉིས་ཡོད། དང་པོ། རྒྱ་རིགས་རྩོམ་པ་པོ་ཚཱའོ་ཁྲེང་ཆེན་གྱིས་རང་བཙན་ནི་བོད་མི་རིགས་ཀྱི་ཐོབ་ཐང་རེད་གསུངས་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་པ་དང༌། གཉིས་པ། བོད་པས་མ་འོངས་པར་དབུ་མའི་ལམ་དོར་བ་ཡིན་ན། སྐུ་ཉིད་ཀྱིས་རྩོམ་ཡིག་གང་འདྲ་ཞིག་འབྲི་འདུན་ཡོད་དམ།
ལན། དྲི་བ་གཉིས་ཀར་ལན་མཉམ་དུ་བརྒྱག་རྒྱུ་ཡིན། མི་རིགས་རང་ཐག་རང་གཅོད་ཟེར་བ་དེར་སྔོན་ཐོན་གྱི་སྤྱི་ཚོགས་དག་ཏུ་ཐུན་མོང་གི་ལྟ་བ་ཞིག་བརྙེད་ཡོད་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་རྒྱབ་སྐྱོར་ཡོད། ང་རང་སྒེར་ངོས་ནས་ཀྱང་དེ་ལ་དགག་བྱ་མེད། ང་ཚོས་བསམ་བློ་ཞིབ་ཏུ་གཏོང་དགོས་ས་ནི། མི་རིགས་སུ་འདྲ་ཞིག་ཡིན་རུང་སེམས་ཕུགས་སུ་རང་བཙན་ཐོབ་ན་སྙམ་པའི་རེ་བ་ཡོད། འོན་ཀྱང། ༧ཏཱ་ལའི་བླ་མས་དབུ་མའི་ལམ་བདམས་དགོས་པའི་རྒྱུ་མཚན་ཅི་རེད། ཁོང་ང་ཚོས་མིག་དཔེར་བལྟ་ས་གཙོ་བོ་ཞིག་རེད། ང་རང་གི་བསམ་པར་མི་མ་བསད་ཁྲག་མ་བཞུར་བའི་ཐོག་ནས་མི་དམངས་ལ་རང་དབང་ཞིག་ཐོབ་ན་བསམ་ཡོད། དམག་འཁྲུག་ལ་བརྟེན་ནས་རང་བཙན་བརྩད་ན། ཕྱོགས་གཉིས་ཀྱི་མི་དམངས་ལ་ཆག་འཇིག་ཆེན་པོ་ཡོང་ལ། ལྷག་པར་དུ་བོད་པར་ཆག་འཇིག་ཆེན་པོ་ཡོང་ངེས་ཡིན། དེར་བརྟེན་༧ཏཱ་ལའི་བླ་མས་གསུངས་པ་ལྟར། བོད་རྒྱ་གཉིས་ཕན་གྱི་ཐོག་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་ཐབས་ཡོད་ན། དེ་ལ་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་རེད།
དྲི་བ། རྒྱ་གཞུང་གིས་སྔར་ལོའི་གསུམ་བཅུའི་དུས་དྲན་རྗེས་བོད་ནང་དྲག་གནོན་བྱས་པ་དེར་རྒྱ་ནག་མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་ཀྱིན་འདུག དེ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་ཚོས་ཧ་གོ་བཞིན་དུ་སྐྱོན་ཆར་མི་མཐོང་དོན་ཅི་ཡིན་ནམ།
ལན། ཐལ་དྲགས་པའི་མི་རིགས་རིང་ལུགས་ཟེར་བ་དེ་ཞེད་སྣང་ཚ་བོ་ཡོད། མི་རིགས་གཅིག་གིས་མི་རིགས་གཞན་ཞིག་ལ་གཉའ་གནོན་བྱེད་སྐབས། གཉའ་གནོན་བྱེད་མཁན་ལ་ཁེ་ཕན་ཅུང་ཡོད་སྲིད་ཀྱང༌། གཉའ་གནོན་མྱོང་མཁན་ལ་དཀའ་སྡུག་བཟོད་ཐབས་མེད་པ་ཞིག་ཡོད། དེང་སྐབས་རྒྱ་ནག་ལ་དད་པ་ཟེར་བ་དེ་ཡོད་པ་མ་རེད། མར་ཁི་སི་དང་ལེ་ཉེན་རིང་ལུགས། མའོ་ཙེ་ཏུང་གི་དགོངས་པ། ཞེས་ཁ་ནས་ཤུགས་ཆེན་བཤད་ཀྱིན་ཡོད་ཀྱང༌། དོན་ལ་སོ་སོའི་གུང་ཁྲན་ཏང་གི་གཞུང་ལུགས་ལའང་ཡིད་ཆེས་མེད། ཁོང་ཚོར་ཆེས་མཐའ་མཇུག་ཏུ་ལྷག་ཡོད་པ་གཅིག་པུ་དེ། མི་རིགས་རིང་ལུགས་ཀྱི་ཞེན་ཁོག་དེ་རེད། རྒྱལ་ཁབ་ཅིག་གི་ངོས་ནས་ཐལ་དྲགས་པའི་མི་རིགས་རིང་ལུགས་ཀྱི་ལྟ་བ་ཨུ་ཚུགས་ཀྱིས་མི་དམངས་ཀྱི་བསམ་བློའི་ནང་བླུག་ཡོང་སྐབས། སྡབ་འགྱུར་ནས་སྡབ་འགྱུར་འཕེལ་ཏེ་ཉེན་ཁ་ཆེན་པོ་ཆགས་ཀྱིན་ཡོད་ལ། རྒྱལ་ཁབ་ཅིག་གི་ངོས་ནས་ལོ་ ༥༠ རིང་དབང་ཤུགས་བེད་སྤྱད་དེ། མི་རིགས་རིང་ལུགས་ཀྱི་ལྟ་བ་སྐུལ་སློང་བྱས་ན་ནུས་ཤུགས་ཅི་ཙམ་འཕེལ་བ་བཤད་མ་དགོས་པ་རེད། དེང་སྐབས་རྒྱ་ནག་ནང་དོན་རྐྱེན་འདྲ་མིན་འབྱུང་གིན་ཡོད་པ་དེ་དག་གི་རྒྱུ་རྐྱེན་ངོས་ཟིན་ཐུབ་ཀྱིན་ཡོད་མོད། བོད་དོན་ཐོག་ཉམས་མྱོང་དེ་ཙམ་མེད་སྟབས་ཚོར་བ་ཞིག་ལ་བརྟེན་ཏེ་ཐག་གཅོད་བྱེད་ཀྱིན་ཡོད། དེར་བརྟེན། ང་རང་གིས་བལྟས་ན་ང་ཚོ་བོད་རྒྱ་མི་རིགས་གཉིས་ཀྱིས་གཅིག་གིས་གཅིག་ལ་རྒྱུས་ལོན་དང་བགྲོ་གླེང་བྱས་ཏེ། ཕན་ཚུན་དགྲར་འཛིན་གྱི་བསམ་བློ་འདོར་བར་ད་དུང་ལས་ཀ་མང་པོ་ཞིག་ལྷག་འདུག་སྙམ།
དྲི་བ། དྲི་བ་གཉིས་ཡོད། དང་པོ། སྐུ་ཉིད་ཀྱི་རྩོམ་ཡིག་ཅིག་ཏུ། མི་ཞིག་དང་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གཉིས་བཀའ་མོལ་སྐབས། རྒྱ་རི་རིན་པོ་ཆེ་ཡིས་༧གོང་ས་མཆོག་གི་མ་འདས་སྤྲུལ་སྐུ་དམངས་གཙོ་རེད། ཅེས་གསུངས་ཡོད་ཚུལ་བཀོད་འདུག དེ་དངོས་ཡོད་རེད་དམ། ཡང་ན་རྩོམ་པ་པོའི་རྟོག་འཆར་ཡིན།
ལན། རྒྱ་རི་རིན་པོ་ཆེས་གསུངས་དེ་དངོས་ཡོད་རེད། བཙན་བོད་གཞུང་རྒྱ་ནག་དང་བསྡུར་བ་ཡིན་ན་དམག་དོན་དང་ཆབ་སྲིད། དཔལ་འབྱོར། རྒྱལ་སྤྱིའི་འབྲེལ་ལམ་གང་ཐད་ནས་བསྡུར་ཐབས་ཡོད་པ་མ་རེད། འོན་ཀྱང། རྒྱ་ནག་ལ་མེད་པ་དང། བཙན་བྱོལ་བོད་གཞུང་ལ་ཡོད་པ་དེ་དམངས་གཙོ་རེད། ད་ལྟའི་ཆར་བོད་མི་རིགས་རྡོག་རྡོག་གཅིག་བཟོས་པ་དེ་༧ཏཱ་ལའི་བླ་མའི་ནུས་པ་རེད། འོན་ཀྱང། མ་འོངས་པར་བོད་མི་རིགས་དེ་མུ་མཐུད་རྡོག་རྡོག་གཅིག་ཏུ་སྡོད་དགོས་ན་དམངས་གཙོ་ཁོ་ནར་བརྟེན་དགོས། བོད་ཕྱི་ནང་བར་འབྲེལ་ལམ་མ་ཆད་པ་བྱ་རྒྱུ་དེ་ཡང་དམངས་གཙོར་བརྟེན་དགོས། གང་ཡིན་ཟེར་ན། བོད་ནང་གི་མི་དམངས་ཚོ་རྒྱ་ནག་གི་གཉའ་གནོན་དང་བཤུ་གཞོག་གི་མུན་ནག་ནང་བསྡད་ཡོད་སྟབས། དམངས་གཙོའི་འོད་སྣང་གིས་ཁོང་ཚོ་ཚུར་འགུག་ཐུབ། བོད་ཀྱི་བདེན་མཐའ་སེལ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་དེ་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུ་དེ་རེད། རྒྱ་ནག་དམངས་གཙོ་ཅན་དུ་མ་འགྱུར་ན། བོད་ཀྱི་བདེན་མཐའ་སེལ་ཐུབ་རྒྱུ་ཁག་པོ་རེད། དམངས་གཙོའི་ཐབས་ལམ་འདི་ནི་གནས་སྐབས་བོད་མི་རིགས་སྲུང་བྱེད་ཀྱི་ལྕགས་རི་རེད་ལ། མཐར་ཐུག་བོད་ཀྱི་བདེན་མཐའ་སེལ་བྱེད་ཀྱི་ལྡེ་མིག་ཀྱང་རེད།
དྲི་བ། སྐུ་ཉིད་ཀྱིས་གསར་གཏོད་གནང་བའི་༼རིམ་འཕར་དམངས་གཙོ༽ཟེར་བའི་ཆབ་སྲིད་ཀྱི་གཞུང་ལུགས་ཤིག་གསར་རྩོམ་གནང་ཡོད་རབས་འདུག་སྟབས། དེ་གང་འདྲ་ཡོད་མེད་ངོ་སྤྲོད་ཅིག་གནང་རོགས།
ལན། ང་རང་གི་༼རིམ་འཕར་དམངས་གཙོ་༽ལ་དོ་སྣང་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང༌། ངས་དེ་རིང་འདི་ནས་གཞུང་ལུགས་ཞིབ་ཚགས་ཀྱིས་བཤད་ཐུབ་པ་ཞིག་མ་རེད། ང་རང་གིས་དེང་གི་ནུབ་ཕྱོགས་པའི་དམངས་གཙོ་དང་མི་འདྲ་བའི་དམངས་གཙོའི་གཞུང་ལུགས་ཤིག་གསར་གཏོད་བྱེད་དགོས་དོན་གང་ཡིན་ཟེར་ན། མི་རིགས་རེ་རེར་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་རེ་རེ་ཡོད་ལ། སྤྱི་ཚོགས་ཀྱི་གནས་བབ་དང༌ཡུལ་སྲོལ་གོམས་གཤིས་ཀྱང་མི་འདྲ་བ་རེ་རེ་ཡོད། ནུབ་ཕྱོགས་ཀྱི་དམངས་གཙོར་མཚོན་ན། འགྲན་བསྡུར་དང་འགལ་ཟླས་སྐུལ་སློང་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་དམངས་གཙོ་ཞིག་རེད། བོད་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན། ནུབ་ཕྱོགས་སུ་ཆབ་སྲིད་ཚོགས་པ་མང་པོས་འགྲན་རྩོད་བྱེད་ཀྱིན་པའི་དམངས་གཙོའི་ལམ་སྲོལ་དེ་སྤོར་འཛུགས་བྱས་ན་ཉེན་ཁ་ཆེན་པོ་ཡོད། ནུབ་ཕྱོགས་ཀྱི་དམངས་གཙོ་དེ་རྒྱལ་ཁབ་ཅིག་གི་ངོ་བོའི་འོག་ནས་འཕེལ་འགྱུར་སོང་ན། གནས་ཚུལ་ཅི་ཞིག་བྱུང་ཡང་རྒྱལ་ཁབ་གྱི་སྒྲོམ་གཞི་ལས་བརྒལ་ཐབས་མེད། འོན་ཀྱང༌། བོད་བཙན་བྱོལ་གཞུང་ལ་མཚོན་ན། རྒྱལ་ཁབ་ཅིག་གི་ཆ་རྐྱེན་མི་ཚང༌། ཁྲལ་བསྡུ་དང་ཁྲིམས་ལུགས་དབང་ཚད་འཐུས་ཚང་མིན། བོད་རིགས་ཚོས་རྒྱལ་ཁབ་ཅིག་ལ་རྩི་བཞིན་ཡོད་ཀྱང༌། རྒྱ་གར་གཞུང་ངོས་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ཤིག་ལ་རྩི་བཞིན་ཡོད། གལ་སྲིད་༧ཏཱ་ལའི་བླ་མ་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་གིས་མི་དམངས་རྡོག་རྡོག་མ་བཟོས་པར། ནུབ་ཕྱོགས་ཀྱི་ཆབ་སྲིད་ཚོགས་པའི་བར་གྱི་འགྲན་རྩོད་ལྟ་བུའི་ཐོག་ནས་དམངས་གཙོའི་གཞུང་བཙུགས་པ་ཡིན་ན། བོད་བཙན་བྱོལ་གཞུང་འདི་འཐོར་རྒྱུའི་ཉེན་ཁ་ཡོད། བཙན་བྱོལ་བོད་མིའི་གཞུང་དམངས་ལ་ཞིབ་འཇུག་བྱེད་མཁན་རྒྱ་ནག་གཞུང་གི་ལས་ཁུངས་ཁག་དང༌། མི་སྒེར་བཅས་ཀྱིས་ཀྱང་༧ཏཱ་ལའི་བླ་མའི་རྗེས་ནས་བཙན་བྱོལ་གཞུང་འཐོར་རྒྱུར་སྔོན་རྩིས་རྒྱག་གིན་ཡོད། དེར་བརྟེན། ངས་རིམ་འཕར་དམངས་གཙོའི་གཞུང་ལུགས་ལ་ཞིབ་འཇུག་བྱས་པ་ཡིན།
དྲི་བ། བོད་དོན་ཐག་གཅོད་བྱེད་པར་རྒྱ་ནག་དམངས་གཙོར་འགྱུར་དགོས་ན། སྐུ་ཉིད་ལ་རྒྱ་ནག་དམངས་གཙོར་བསྒྱུར་བའི་ཐབས་ལམ་འདྲ་ཡོད་དམ།
ལན། རྒྱ་ནག་དམངས་གཙོར་འགྱུར་རྒྱུར་ད་ལྟའི་གཞུང་མགོ་རྟིང་སློག་པའི་ཐབས་ལམ་དེ་ལ་ང་རང་མོས་མཐུན་མེད། ང་རང་གིས་ནམ་རྒྱུན་གུང་ཁྲན་ཏང་གིས་མི་དམངས་ལ་གཅིག་བསྡུད་ལམ་ལུགས་ཀྱི་ཐོག་ནས་དབང་སྒྱུར་བྱས་པའི་སྐྱོན་ཆར་ངོས་ཟིན་ཐོབ་སྟེ། རང་བཞིན་གྱིས་དམངས་གཙོའི་སྲིད་གཞུང་ལ་འགྱུར་བ་གཏོང་རྒྱུར་རེ་བ་རྒྱག་གིན་ཡོད། དེ་ལྟར་བྱས་ན། རྒྱ་ནག་མི་དམངས་སླར་གསོ་ཐུབ་པ་མ་ཟད། གྲངས་ཉུང་མི་རིགས་ཁག་ཀྱང་སླར་གསོ་ཐུབ། འོན་ཀྱང༌། བློ་ཕམ་སྐྱེ་དགོས་པ་ཞིག་ལ། ད་སྔ་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་མཐོང་གིན་མི་འདུག་ལ། སོ་སོའི་ངོས་ནས་བསམ་བློ་ཇི་ལྟར་བཏང་ཡང༌། ཐབས་ལམ་གཅིག་ཀྱང་རྙེད་ཀྱིན་མི་འདུག གལ་སྲིད་རྒྱ་ནག་གཞུང་གིས་དམངས་གཙོའི་ཐད་བསམ་བློ་མ་བཏང་བ་ཡིན་ན། ནམ་ཞིག་སྤྱི་ཚོགས་ནང་གི་འགལ་ཟླ་འདྲ་མིན་ཕྱོགས་གཅིག་ཏུ་བསྡུས་ཏེ། ཕྱིར་མངོན་པ་ཡིན་ན་རྒྱ་ནག་ཟང་ཟིང་དུ་གྱུར་ཏེ་སྲིད་གཞུང་གློ་བར་དུ་མགོ་རྟིང་སློག་རྒྱུའི་ཉེན་ཁ་ཡོད།
དྲི་བ། མ་འོངས་པར་བོད་རིགས་བརྒྱ་ཆ་ ༩༠ ཡིས་བོད་རང་བཙན་ཐོག་རྒྱབ་སྐྱོར་བྱས་པ་ཡིན་ན། སྐུ་ཉིད་ལ་བོད་དོན་ཐད་ལངས་ཕྱོགས་དང་འཆར་སྣང་གང་འདྲ་ཞིག་ཡོང་སྲིད་དམ།
ལན། བོད་མི་ཚོར་རང་བཙན་རྩོད་པའི་ཐབས་ལམ་ཡག་པོ་ཞིག་ཡོད་ན་དགག་བྱ་མེད། འོན་ཀྱང༌། ཐབས་ལམ་གང་འདྲ་ཞིག་གི་ཐོག་ནས་བོད་རང་བཙན་རྩོད་རྒྱུ་ཡིན་དེ་ལ་བསམ་བློ་ཞིབ་ཏུ་གཏོང་དགོས། དེང་སྐབས་༧ཏཱ་ལའི་བླ་མ་སྐུ་བཞུགས་རིང་ཁོང་གིས་ལས་དོན་གང་ཞིག་བརྩམས་ཀྱང༌། བོད་ཡོངས་རྒྱག་གཅིག་མཆོང་གཅིག་རེད། འོན་ཀྱང༌། ༧ཏཱ་ལའི་བླ་མ་སྐུ་མ་བཞུགས་པའི་སྐབས་ཤིག་ལ། བོད་རིགས་ཡོངས་ཀྱི་དམིགས་ཡུལ་རྩ་དོན་འཐབ་རྩོད་དང༌། ལངས་ཕྱོགས་རང་བཙན་གཙང་མ་ཆགས་ཀྱང༌། རང་བཙན་རྩོད་ཕྱོགས་ཀྱི་ཐབས་ལམ་སྣ་ཚོགས་ཡོང་སྲིད་ལ། དེ་ལ་བརྟེན་ནས་ནང་ཁུལ་དུ་གནས་ཚུལ་འདྲ་མིན་ཞིག་ཡོང་ངེས་ཡིན། ངས་འདི་ལྟར་བཤད་དོན་སྐབས་དེར་བོད་བཙན་བྱོལ་གཞུང་འཐོར་རྒྱུ་རེད་ཟེར་གི་མེད། ད་ལྟ་ནས་གྲ་སྒྲིག་དགོས་པ་རེད་ཟེར་ནས་དྲན་བསྐུལ་གཏོང་གིན་ཡོད། འོན་ཀྱང༌། ནུབ་ཕྱོགས་ལ་མིག་དཔེར་བལྟས་ཏེ་ཆབ་སྲིད་ཚོགས་པ་མང་པོའི་འགྲན་རྩོད་ཁྲོད་གཞུང་འཛིན་པ་དེ་བོད་པར་འོས་འཚམ་མ་རེད་སྙམ་ཡོད།
དྲི་བ། དྲི་བ་གཉིས་ཡོད། དང་པོ། ཐེངས་འདིར་ཁྱེད་རང་ཕྱིར་པེ་ཅིན་དུ་སོང་ན་དཀའ་ངལ་འཕྲད་སྲིད་དམ། གཉིས་པ། པེ་ཅིན་གྱི་དཔྱིད་ཀའི་རྩོམ་སྒྲིག་པ་སྐུ་ཞབས་ཧུའུ་ཕེན་གྱིས། དམངས་གཙོའི་འབྱུང་ཁུངས་ལ་གཅིག་མ་གཏོགས་མེད། དེ་ལ་ཤར་ནུབ་ཀྱི་དབྱེ་བ་མེད། ཅེས་བརྗོད་ཡོད། བཤད་སྟངས་འདི་ལ་བསམ་ཚུལ་གང་འདྲ་ཡོད་དམ།
ལན། ཐོག་མར་ང་རང་རྒྱ་གར་ལ་ཡོང་སྐབས་སེམས་ནང་གྲ་སྒྲིག་གང་འདྲ་ཞིག་ཡོད་ཟེར་ན། ཡུལ་སྐོར་སྤྲོ་འཆམ་པ་དཀྱུས་མ་ཞིག་གི་རྣམ་པའི་ཐོག་ནས་ངྷ་རམ་ས་ལར་ཡོང་སྟེ། བཙན་བྱོལ་སྤྱི་ཚོགས་ཀྱི་མི་དམངས་དཀྱུས་མ་དང་མཉམ་དུ་ཟླ་འགར་འཚོ་བ་བསྐྱལ་ཏེ། བོད་མི་ཚོ་དང་བསམ་ཚུལ་བརྗེ་རེས་དང་ཕན་ཚུན་རྒྱུས་ལོན་གཏིང་ཟབ་བྱས་ཏེ། བོད་དོན་ལ་ཕན་པའི་ལས་དོན་རེ་བསྒྲུབ་ཨེ་ཐུབ་བསམ་ནས་ཡོང་བ་ཡིན། ལོ་འགའི་སྔོན་ནས་མི་མང་པོ་ཞིག་གི་རོགས་རམ་དང༌། ཐབས་ལམ་འདྲ་མིན་ཞིག་སྤྱད་དེ་ཡོང་ཐུབ་ཙམ་བྱུང་སོང༌། དེ་རིང་གི་བགྲོ་གླེང་ལ་མཚོན་ནའང༌། ཐོག་མའི་འཆར་གཞི་ལྟར་ན། ཚོགས་ཞུགས་པ་ཚོས་པར་ཆས་དང་བརྙན་ཕབ། སྒྲ་འཇུག་སོགས་མི་བསྣམ་རྒྱུ་བྱས་ཡོད་མོད། ད་ནི་གཞི་ནས་ཕྱིར་པེ་ཅིན་དུ་འབྱོར་སྐབས། རྒྱ་གཞུང་གི་དྲི་བར་ལན་ཇི་ལྟར་འདེབས་རྒྱུར་བསམ་བློ་གཏོང་དགོས་པ་ཆགས་སོང༌། རབ་ཡིན་ན་ངས་དེ་རིང་བཤད་པའི་སྐད་ཆ་རྣོ་ངར་ཅན་གྱི་རིགས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་ཤུགས་ཆེན་མ་གནང་རོགས། རྒྱ་ནག་ལ་མཚོན་ན་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། སྔོན་མ་རྒྱ་གཞུང་གིས། དྲང་བདེན་ཁོང་ཚོའི་ལག་ཏུ་ཡོད་པ་དང༌། དྲང་བདེན་ལ་བརྟེན་ནས་གཞན་ལ་ངོ་རྒོལ་དང་ཁ་གཏད་གཅིག་ལྕོགས་བྱེད་ཀྱིན་ཡོད། འོན་ཀྱང༌། ད་ལྟ་རྒྱ་ནག་གིས་དྲང་བདེན་ཁོང་ཚོའི་ལག་ཏུ་མེད་པ་ཤེས་ཏེ། གཙོ་བོ་ཁེ་ཕན་ཡོད་མེད་ལ་བལྟས་ཏེ་བྱ་བ་ཐག་གཅོད་བྱེད་ཀྱིན་ཡོད། དཔེར་ན། རྒྱལ་སྤྱིའི་སྟེང་སྙན་གྲགས་ཡོད་པའི་རྩོམ་པ་པོ་ཞིག་ལ་མཚོན་ན། དེ་ལ་གནོད་པ་བྱེད་ཕོད་ཀྱིན་མེད། ཁོང་ཚོས་དེ་རིགས་ལ་ལག་པ་འཆང་དང་མི་འཆང་གཙོ་བོ་ཁེ་ཕན་ཡོད་མེད་ལ་ལྟ་བཞིན་ཡོད། གལ་སྲིད་རྩོམ་པ་པོ་སྐད་གྲགས་ཅན་ཞིག་ལ་ལག་པ་འཆང་བ་ཡིན་ན། རྒྱལ་སྤྱིའི་གནོན་ཤུགས་དང་གླེང་སློང་མང་པོ་ཡོང་གི་རེད། སྙན་གྲགས་མེད་མཁན་རིགས་འཛིན་རྐྱང་བྱེད་ཀྱིན་ཡོད། དེ་བཟུང་བ་ཡིན་ན་ཁོར་ཡུག་ལའང་སློབ་གསོ་སྤྲོད་ཐུབ་ཀྱིན་ཡོད།
དྲི་བ། ཁ་སང་༧གོང་ས་མཆོག་ལ་མཇལ་འཕྲད་སྐབས་ཁྱེད་ཀྱིས་ཁོང་ལ་ཅི་ཞིག་ཞུས་ཡོད་པ་དང༌། ༧གོང་ས་མཆོག་གིས་ཁྱེད་ལ་བཀའ་ལན་གང་འདྲ་གནང་སོང་ངམ།
ལན། ༧ཏཱ་ལའི་བླ་མ་དང་ངེད་གཉིས་སྐད་ཆ་མང་ཙམ་བཤད་པ་ཡིན། རྒྱ་བོད་མི་རིགས་གཉིས་བར་ཕན་ཚུན་ལ་རྒྱུས་ལོན་དང་ཡིད་ཆེས་བྱ་གལ་ཆེ་སྐོར་དང༌། ལྷག་པར་དུ་ཁོང་གིས་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ། འགྲོ་བ་མིའི་རིན་ཐང་བཅས་ཀྱི་ཐད་ཕྱག་ལས་མང་ཙམ་གནང་གི་ཡིན་གསུངས་སོང༌། འོན་ཀྱང༌། ང་རང་གི་བསམ་པར། ༧ཏཱ་ལའི་བླ་མས་དགོངས་པ་བཞེས་ཕྱོགས་དེ་རླབས་ཆེན་ཡིན་མོད། འོན་ཀྱང༌། འཛམ་གླིང་སྤྱི་ལ་འཁྲི་བའི་ལས་དོན་དེ་རིགས་ཀྱི་ཕྱག་ལས་གནང་མཁན་མང་པོ་ཡོད། དེ་བས་གཞན་སུ་དང་གང་གིས་ཀྱང་གནང་མི་ཐུབ་ཅིང༌། ༧ཏཱ་ལའི་བླ་མ་ཁོ་ནས་གནང་ཐུབ་པ་དེའི་ཐོག་ལ་ཤུགས་བརྒྱག་དགོས་པ་རེད། དེ་གང་རེད་ཟེར་ན། བོད་བཙན་བྱོལ་སྤྱི་ཚོགས་ནང་མིང་དོན་མཚུངས་ཤིང༌། ཕྱི་ནང་མཐུན་པ། མི་རིགས་ཀྱི་གཤིས་ཀ་དང་འཚམ་པའི་དམངས་གཙོའི་ལམ་སྲོལ་བརྟན་པོ་ཞིག་བཟོ་རྒྱུ་དེ་རེད། མི་མང་པོ་ཞིག་གིས་བོད་བཙན་བྱོལ་སྤྱི་ཚོགས་དམངས་གཙོ་རེད་ཟེར་གྱིན་ཡོད་ལ། མི་དམངས་ཚོའི་ངོས་ནས་ཀྱང་དམངས་གཙོ་ཡིན་བསམ་ཡོད། འོན་ཀྱང༌། བོད་མི་རིགས་ཀྱི་གཤིས་ཀ་དང་མཐུན་ཞིང༌། ད་ལྟའི་ཛ་དྲག་གི་གནས་བབ་དང་འཚམ་པའི་དམངས་གཙོའི་ལམ་ཁ་ཞིག་ད་དུང་བརྙེད་མི་འདུག དེ་ནི་ཐོག་མར་ནུབ་ཕྱོགས་ཀྱི་དམངས་གཙོར་མིག་དཔེ་བལྟས་བ་ལས་བྱུང་བ་རེད། དེ་ལ་འགྱུར་བ་གཏོང་དཀའ་མོ་ཞིག་ཆགས་ཡོད་མོད། ༧ཏཱ་ལའི་བླ་མ་ཁོ་ནའི་དབང་ཚད་ལ་བརྟེན་ནས་འགྱུར་བ་གཏོང་རྒྱུའི་ནུས་པ་ཡོད།
དྲི་བ། སྐུ་ཉིད་ཀྱི་བཟའ་ཟླ་འོད་ཟེར་ལགས་ཀྱི་གནས་སྟངས་དེང་སྐབས་གང་འདྲ་ཆགས་ཡོད་པ་དང༌། མོ་རང་ཕྱི་རྒྱལ་དུ་བསྐྱོད་རྒྱུའི་ཐོབ་ཐང་ཡོད་དམ།
ལན། ངེད་གཉིས་པེ་ཅིན་དུ་བསྡད་ཡོད་ཀྱང༌། ཉིན་ཚན་གཉིས་ཀར་འཇིགས་དངངས་འོག་བསྡད་ཡོད། ངས་གོང་དུ་བཤད་པ་ལྟར་སྙན་གྲགས་ཡོད་མེད་གཉིས་བསྡུར་བ་ཡིན་ན། ངེད་གཉིས་ཅུང་ཉེན་ཁ་ཆུང་བའི་གྲས་ཡིན་མོད། སེམས་ལྷོད་དུ་བབས་ཏེ་ཉིན་གཅིག་ལའང་བསྡད་མྱོང་མེད། སྔར་ལོ་སྤྱི་ཟླ་གསུམ་པར་བོད་ནང་དོན་རྐྱེན་བྱུང་མ་ཐག ངེད་གཉིས་སོ་སོའི་བཅའ་དངོས་བསྡུ་གསོག་བྱས་ཏེ། བཙོན་ཁང་ལ་མཁོ་བའི་བཅའ་ལག་གྲ་སྒྲིག་བྱས་བསྡད་པ་ཡིན། འོད་ཟེར་ལ་ཕྱིར་སྐྱོད་ལག་ཁྱེར་ད་དུང་རག་གིན་ཡོད་པ་མ་རེད། བཟང་བཙོན་ལྟ་བུའི་འོག་བསྡད་ཡོད། གལ་སྲིད་བོད་མི་ཞིག་འོད་ཟེར་འཚོལ་དུ་ཡོང་ན། འོད་ཟེར་ལ་ལག་པ་འཆང་མི་ཕོད་པར། མོ་འཚོལ་དུ་ཡོང་མཁན་དེར་ཉེན་རྟོག་པས་སྐད་བཏང་སྟེ་འདྲི་བརྩད་བྱེད་ཀྱིན་ཡོད། སྔར་ལོ་ངེད་གཉིས་ལྷ་སར་ཐེངས་གཅིག་ཕྱིན་སྐབས། འོད་ཟེར་ཉེན་རྟོག་པས་འཛིན་བཟུང་བྱས་སོང༌། དཀའ་ངལ་མང་པོ་བརྒྱུད་དེ་གློད་གྲོལ་ཙམ་ཐོབ་སོང༌། སྐབས་དེར་ངས་ཁང་པ་ཆེན་པོ་ཞིག་བླངས་ཏེ་མོ་རང་གི་གྲོགས་པོ་ཚོ་དང་མཉམ་དུ་དགའ་བསུ་ཞུ་རྒྱུ་གྲ་སྒྲིག་བྱས་པ་ཡིན། སེམས་སྐྱོ་བ་ཞིག་ལ་ཉིན་དེར་མོ་རང་གི་གཉེན་ཉེ་མི་གཅིག་རང་ལས་སླེབས་མ་སོང༌།
དྲི་བ། བོད་རྒྱའི་བར་གྱི་གྲོས་མོལ་ཐེངས་བརྒྱད་ལ་གྲུབ་འབྲས་ཐོན་ཡོད་པ་མ་རེད། གལ་སྲིད་བོད་དོན་སེལ་རྒྱུ་རྒྱ་ནག་དམངས་གཙོར་འགྱུར་བར་བསྒུག་དགོས་ན། ད་ལྟའི་གནས་སྟངས་ལ་གཞིགས་ན་རྒྱ་ནག་དམངས་གཙོར་འགྱུར་རྒྱུར་རེ་བ་ཅི་ཙམ་འདུག་གམ།
ལན། ང་རང་གི་བསམ་པར་བོད་རྒྱའི་གྲོས་མོལ་གྱི་རིམ་པ་དེ་ལྟར་མི་འགྲོ་ཐབས་མེད་རེད་དྲན་ཡོད། གལ་སྲིད་དེ་ལྟར་མ་བསྒྲུབ་ཚེ་མ་འོངས་པར་བོད་མི་ཚོ་འགྱོད་པ་སྐྱེས་སྲིད་པ་རེད། འབྲེལ་མོལ་ཐེངས་བརྒྱད་ཀྱི་གོ་རིམ་ཁྲོད། འདི་ལྟ་བུའི་གྲོས་མོལ་ལ་གྲུབ་འབྲས་མེད་པ་གསལ་བོ་ཤེས་ཡོད། འབྱུང་འགྱུར་བོད་ཀྱིས་ཇི་ལྟར་སྒྲུབ་དགོས་མིན་ཐད་ངས་བསམ་ན། རྒྱ་ནག་གི་གུ་ཡངས་ལ་རེ་བ་དང༌། ཕྱི་རྒྱལ་གྱི་རོགས་རམ་ལ་རེ་བའི་བསམ་ཚུལ་དེ་དོར་ཏེ། རང་ཉིད་ཀྱི་ནུས་བ་སྐྱེད་བསྲིང་བྱ་རྒྱུ་དེ་གལ་ཆེན་པོ་རེད། ངས་བཤད་པའི་རང་ཉིད་ཀྱི་ནུས་པ་དེ་ནི། ནང་ཁུལ་ཉམས་ཉེས་སུ་མ་འགྲོ་བ་དང་མཐུན་སྒྲིལ་སྔར་ལས་དམ་ཟབ། སྤུས་གཙང་དང་ཡང་དག་པའི་དམངས་གཙོའི་ལམ་ལུགས། རང་གི་ལས་དབང་ལ་རང་ཉིད་གདེང་ཚོད་ཡོད་པའི་གནས་བབ་ཅིག་བདམས་རྒྱུ་དེ་རེད། དམངས་གཙོ་དེ་གནད་དོན་ཡོངས་ཐག་གཅོད་བྱེད་ཅིག་མ་རེད། གནད་དོན་མང་པོ་མགོ་འཛུགས་ས་རེད། ནུབ་ཕྱོགས་དང་ཤར་ཨེ་ཤ་ཡ། ཨུ་རུ་སུ་སོགས་དམངས་གཙོར་གྱུར་བའི་བརྒྱུད་རིམ་ཁྲོད། མི་རིགས་བར་འགལ་རྐྱེན་འབྱུང་བཞིན་ཡོད། གོ་བདེ་བའི་སྒོ་ནས་བཤད་ན། མ་འོངས་པར་ཀྲུང་གོ་དམངས་གཙོར་གྱུར་ཡང༌། ནུབ་ཕྱོགས་ཀྱི་དམངས་གཙོའི་ལམ་སྲོལ་འདིའི་འོག་ནས་བོད་ཀྱི་གནད་དོན་སེལ་ཐུབ་པ་ཁག་པོ་རེད། ང་ཚོས་ངེས་པར་དུ་མི་རིགས་གནད་དོན་སེལ་ཐུབ་པའི་དམངས་གཙོའི་རིང་ལུགས་ཤིག་འཚོལ་དགོས་པ་རེད།
དྲི་བ། བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་ལ་གྲུབ་འབྲས་མ་བྱུང་བའི་ཐད། ྋགོང་ས་མཆོག་དང་བོད་གཞུང་ལ་ནོར་འཁྲུལ་ཅི་ཞིག་ཡོད་པ་དང༌། རྒྱ་ནག་གིས་ཡ་ལན་མི་བྱེད་པའི་རྒྱུ་མཚན་གང་ཡིན། ཁྱོད་རང་སྒེར་ངོས་ནས་འདི་ལ་ཐབས་ལམ་འདྲ་ཡོད་དམ།
ལན། བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་ནོར་འཁྲུལ་ཅི་ཞིག་ཡོད་མེད་དེ་ངས་བཤད་ཆོག་གི་མ་རེད། དེ་ངས་འགན་འཁུར་རྒྱུ་ཞིག་དང་བརྡར་ཤ་གཅོད་རྒྱུ་ཞིག་མ་རེད། ད་ལྟའི་ཀྲུང་གོ་གུང་ཁྲན་ཏང་ནི་སྔོན་ཆད་དང་བསྡུར་ན་འགྱུར་བ་ཆེན་པོ་ཕྱིན་ཡོད། སྔོན་ཆད་ཀྱི་གུང་ཁྲན་ཏང་དེ་སྒེར་བདག་ཅན་ཞིག་རེད། སྒེར་བདག་མགོ་ཁྲིད་ཀྱི་བསམ་བློར་འགྱུར་བ་ཐེབས་པ་ཡིན་ན། ཁོ་ལ་ཐག་གཅོད་ཀྱི་ནུས་པ་ཆ་ཚང་ཡོད། ཚད་ངེས་ཅན་ཞིག་གི་ཐོག་ནས་༧ཏཱ་ལའི་བླ་མའི་དགོངས་པར་ཁོང་དང་ཧུའུ་ཅིན་ཐོ་ངོ་ཐུག་ནས་ཕན་ཚུན་སྐད་ཆ་བཤད་དེ། ཁོང་གཉིས་བར་འགྲིག་འཇགས་ཡོང་བ་ཡིན་ན། གནད་དོན་ཡོངས་ཐག་གིས་གཅོད་ཐུབ་པ་རེད་དགོངས་ཡོད་པ་རེད། འོན་ཀྱང་དོན་དངོས་ཐོག་དེ་འདྲ་མ་རེད། ༧ཏཱ་ལའི་བླ་མས་ཚིག་ཐག་ཆོད་པའི་སྒོ་ནས་སྐད་ཆ་ཚིག་གཅིག་བཤད་ན། བོད་རིགས་ཚང་མས་ངེས་ལེན་བྱེད་ཀྱང༌། ཧུའུ་ཅིན་ཐོ་དེ་འདྲ་མ་རེད། སྔོན་ཆད་མའོ་ཙེ་ཏུང་དང་ཏུན་ཞའོ་ཕེན་གྱི་སྐབས་སུ་དེ་ལྟ་བུའི་ནུས་པ་ཡོད། ད་ལྟའི་གུང་ཁྲན་ཏང་ནི་སྔོན་ཆད་དང་རྩ་བ་ནས་མི་འདྲ། ད་ལྟའི་སྲིད་འཛིན་ཧུའུ་ཅིན་ཐོ་ཡིན་ན་འདྲ་ལ། མ་འོངས་པའི་མགོ་ཁྲིད་རིམ་པ་ཡིན་ནའང་འདྲ། ཁོང་ཚོར་སྔར་གྱི་སྒེར་བདག་སྐབས་ཀྱི་དབང་ཆ་དེ་འདྲ་མེད། ཁོ་ཚོ་ཏང་གི་དོ་དམ་རྩ་འཛུགས་ཀྱི་སྟངས་འཛིན་འོག་ཡོད། མ་གཞི་ཧུའུ་ཅིན་ཐོ་རང་ངོས་ནས་ཀྱང༌། བོད་དོན་ཐག་གཅོད་བྱ་འདོད་མེད་མོད། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང༌། ཏང་གི་དོ་དམ་རྩ་འཛུགས་ཀྱི་ངོས་ནས་གནད་དོན་སེལ་འདོད་མེད་པ་ཡིན་ན། དེ་ལ་ཁོ་རང་གིས་འགྱུར་བ་གཏོང་ཐབས་མེད།
དྲི་བ། དོན་དངོས་ཐོག་རྒྱ་ནག་གཞུང་ལ་བོད་དོན་སེལ་རྒྱུར་འདོད་པ་ཡོད་དམ་མེད། གལ་སྲིད་ཡོད་ན་ངོ་བོ་དང་རྣམ་པ་གང་འདྲ་ཞིག་གི་ཐོག་ལ་རེ་བ་རྒྱག་གིན་ཡོད་དམ།
ལན། སྔོན་ཆད་ཀྲུང་གོའི་ཕྱོགས་སུ་རྩ་བ་ནས་གྲོས་མོལ་བྱ་འདོད་ཡོད་པ་མ་རེད་ལ། གྲོས་མོལ་བྱ་དགོས་དོན་ཡང་ཡོད་པ་མ་རེད། གྲོས་མོལ་དེ་ནི་ཕྱི་ཚུལ་གྱི་རྣམ་པ་ཙམ་རེད། ཀྲུང་གོའི་སྲིད་གཞུང་ལ་དགོས་པ་ནི། ༧ཏཱ་ལའི་བླ་མས་མགོ་སྒུར་ཏེ། ཀྲུང་གོའི་ཆ་རྐྱེན་མཐའ་དག་ངོས་ལེན། ༧ཏཱ་ལའི་བླ་མ་ཕྱིར་ལོག་སྟེ་ཀྲུང་གོར་བློ་སེམས་འགྱུར་བ་མེད་པར་སྡོད་རྒྱུ་དེ་རེད། འོན་ཀྱང༌། བར་སྐབས་ཤིག་ལ་ཀྲུང་གོས་བོད་དོན་ལ་དོ་སྣང་ཕྲན་ཙམ་བྱས་ཡོད། དེ་ནི་བོད་སྤྱི་བའི་དོན་དུ་བསམ་བློ་མ་བཏང་བར། ༧ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཐད་གླེང་མོལ་བྱ་རྒྱུའི་བསམ་བློ་འཁོར་ཏེ། གྲོས་མོལ་མགོ་འཛུགས་བྱས་པ་རེད། ཐེངས་འགར་གྲོས་མོལ་བྱས་པ་བརྒྱུད་དེ། ༧ཏཱ་ལའི་བླ་མར་སྐུ་སྒེར་གྱི་གནད་དོན་ཐད་སྐད་ཆ་བཤད་འདོད་མེད་པ་ཧ་གོ་བ་རེད། གལ་སྲིད་ཏཱ་ལའི་བླ་མས་སྒེར་གྱི་གནད་དོན་བསམ་ཡོད་ན། ཁོང་དགུང་ལོ་ཉི་ཤུའི་སྐབས་ནས་ཡོད་ཚད་ཐོབ་ཟིན་པ་རེད། བྲོས་བྱོལ་དུ་འགྲོ་དགོས་པའི་རྒྱུ་མཚན་མེད་པ་ངེས་ཤེས་ཐོབ་ཡོད། དེའི་རྗེས་ཀྲུང་གོས་བསྐྱར་དུ་གཟབ་ནན་གྱིས་བསམ་བློ་བཏང་སྟེ། གཏན་འབེབ་བྱས་པའི་འཆར་གཞི་ནི། ༧ཏཱ་ལའི་བླ་མ་དགོངས་པ་རྫོགས་རྒྱུར་བསྒུག་རྒྱུ་དེ་རེད། ༧ཏཱ་ལའི་བླ་མ་དགོངས་པ་རྫོགས་རྗེས་བཙན་བྱོལ་གཞུང་འཐོར་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད། སྐབས་དེར་ཆོལ་ཁ་ཆོས་ལུགས་ཀྱི་རྩོད་རྙོག་དང་ཤོག་ཁག་འདྲ་མིན་གྱི་འགལ་བ་ཛ་དྲག་ཏུ་གྱུར་ཞིང༌། ནུབ་ཕྱོགས་སྤྱི་ཚོགས་ནང་གི་བོད་མི་ཚོ་སོ་སོའི་འཚོ་བའི་ཆེད་དུ་མགོ་འཁོར་ཏེ། མཚམས་རེར་སྐད་འབོད་ཙམ་ལས་བོད་དོན་ཐད་ནུས་བ་འདོན་ཐུབ་མེད་པ་དང༌། གལ་སྲིད་རྒྱ་གར་དང་རྒྱ་ནག་བར་གྱི་འབྲེལ་བར་འགྱུར་བ་ཕྱིན་ན། རྒྱ་ནག་གཞུང་གིས་རྒྱ་གར་གཞུང་ལ་སྐུལ་འདེད་དང་གནོན་ཤུགས་སྤྲད་དེ། བཙན་བྱོལ་གཞུང་དམངས་རྒྱ་གར་སྤྱི་ཚོགས་ནང་འཐིམ་ཐབས་བྱེད་པ། ༧ཏཱ་ལའི་བླ་མས་ཕྱི་ལོགས་ནས་རང་གི་སྤྲུལ་སྐུ་ངོས་འཛིན་བྱས་ན། ཀྲུང་གོས་བོད་ནང་ཁུལ་ནས་༧ཏཱ་ལའི་བླ་མའི་སྤྲུལ་སྐུ་འཚོལ་རྒྱུ། ཀྲུང་གོས་ངོས་འཛིན་བྱས་པའི་སྤྲུལ་སྐུ་དེར་བོད་མི་རིགས་ཀྱིས་དད་མོས་བྱ་མིན་བཤད་དཀའ་ཡང༌། མ་མཐར་བོད་སྤྱི་ཚོགས་ལ་དཀྲུགས་ཤིང་སློང་བའི་ནུས་པ་འཐོན་ངེས་པ། ༧ཏཱ་ལའི་བླ་མ་དགོངས་པ་རྫོགས་ན། བོད་ཕྱི་ནང་བར་གྱི་འབྲེལ་བ་ཉམ་ཆགས་སུ་འགྲོ་བ། ༧ཏཱ་ལའི་བླ་མའི་མཚན་སྙན་འཛམ་གླིང་ནང་མཚམས་བཞག་པའི་ཉིན་མོ་དེ་ནས་རྒྱ་ནག་གཞུང་གི་གནོན་ཤུགས་ཆེ་རུ་བཏང་སྟེ། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་འབྱུང་ཁུངས་ལའང་གནོད་སྐྱོན་བཟོ་རྒྱུ། སྐབས་དེར་ད་ལྟ་གཞུང་ལ་བླངས་ཐོག་དཔྱ་ཁྲལ་སྤྲོད་ཀྱིན་པ་དེའང་ཆོལ་ཁ་ཆོས་ལུགས་ཤོག་ཁག་འདྲ་མིན་གྱི་ངོ་བོར་སྤྱད་དེ་གཅིག་གྱུར་ཡོང་ཐབས་མེད་པ། འདི་དག་ཀྲུང་གོས་བོད་བཙན་བྱོལ་སྤྱི་ཚོགས་ལ་ཞིབ་འཇུག་དང་ཚོད་དཔག་བྱས་པའི་འབྲས་བུ་རེད།
ང་རང་སྒེར་ལའང་དེ་འདྲའི་ཚོར་སྣང་ཞིག་ཡང་ཡང་ཡོང་གིན་འདུག གང་ཡིན་ཟེར་ན། རྒྱལ་བ་ཀརྨ་པ་བཙན་བྱོལ་དུ་མ་ཕེབས་སྔ་རྗེས་གཉིས་ཀར་ང་རང་ཁོང་གི་དགོན་པར་ཕྱིན་པ་ཡིན། རྒྱལ་བ་ཀརྨ་པ་བཞུགས་སྐབས། མཆོད་འཇལ་ཞུ་མཁན་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་དྲ་རྒྱས་པོ་འདུག་མོད། ཁོང་བཙན་བྱོལ་དུ་ཕེབས་རྗེས་དགོན་པ་དེ་ཉམས་ང་བ་ཞིག་ཏུ་གྱུར་འདུག ཁྱེད་ཅག་བཙན་བྱོལ་གཞུང་དམངས་གཉིས་ནས་འདི་ལ་དཔྱད་ཞིབ་དང༌། བསམ་བློ་ག་འདྲ་ཞིག་བཏང་ཡོད་མེད་མི་ཤེས་མོད། ཨ་རིའི་ནེའུ་ཡོག་དུས་བབ་དང༌། དབྱིན་ཇུའི་ལོན་ཌོན་དུས་བབ་སོགས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་གིས་ལོ་འགའི་ཡར་སྔོན་ནས། ༧ཏཱ་ལའི་བླ་མ་དགོངས་པ་རྫོགས་མ་ཐག་འཛམ་གླིང་ལ་གསལ་བསྒྲགས་བྱ་རྒྱུའི་གནས་ཚུལ་གྲ་སྒྲིག་བྱས་ཚར་འདུག གསར་འགྱུར་ཅིག་གཞན་གྱི་སྔོན་དུ་བསྒྲགས་རྒྱུར་དེ་འདྲའི་གྲ་སྒྲིག་ཅིག་བྱེད་ཀྱིན་ཡོད་ན། བཙན་བྱོལ་གཞུང་དམངས་གཉིས་ཀྱིས་༧ཏཱ་ལའི་བླ་མ་བཞུགས་དང་མི་བཞུགས་སྤྱི་ཚོགས་ཧྲིལ་བོ་ཞིག་གི་ཤི་གསོན་དང་འབྲེལ་བ་ཡོད་པའི་སེམས་འཚབ་ཅིག་གི་ཐོག་ནས་བསམ་བློ་གཏོང་གིན་ཡོད་དམ།
དྲི་བ། སྐུ་ཉིད་ཀྱིས་ནམ་རྒྱུན་རྩོམ་ཡིག་འབྲི་སྐབས། བོད་རྒྱ་མི་རིགས་གཉིས་ལས་གང་གི་ཕྱོགས་སུ་ལངས་ཏེ་རྩོམ་ཡིག་འབྲི་བཞིན་ཡོད་དམ།
ལན། ང་རང་ནས་བསམ་ན་གནད་དོན་འདི་དེ་འདྲའི་ལས་སླ་བོ་ཞིག་མ་རེད། སྔོན་མ་རྒྱ་མིའི་དམག་དཔོན་ཞིག་གིས་བོད་པར་མགོ་བཏེགས་ཏེ་རྒྱ་དམག་ལ་འཐབ་འཛིང་བྱས་པ་ལྟར། རྒྱ་ཕྱོགས་ཡོད་ཚད་ཕར་གཡུགས་ནས་དེ་རིང་ནས་ང་བོད་པ་བྱ་རྒྱུ་ཡིན་ལྟ་བུའི་ལས་སླ་བོ་ཞིག་རྩ་བ་ནས་ཡོད་པ་མ་རེད། ཡིན་ནའང༌། ང་རང་གིས་ཇི་ལྟར་བསམ་བློ་གཏོང་གིན་ཡོད་ཟེར་ན། རྒྱ་མི་རིགས་དང་བོད་མི་རིགས་གཉིས་ཀར་ཁེ་ཕན་ཡོད་པ་དང་གནོད་སྐྱོན་མེད་པ་ཞིག་ལ་འབད་བརྩོན་བྱེད་ཀྱིན་ཡོད། དེ་ནི་༧ཏཱ་ལའི་བླ་མའི་བསམ་ཚུལ་ལ་ཡང་མཐུན་གྱིན་ཡོད། བོད་རྒྱ་གཉིས་བར་མི་གསོད་མི་དགོས་པ་དང་ཁྲག་བཞུར་མི་དགོས་པ། ཕྱོགས་གཉིས་ཀའི་ཁེ་ཕན་ལ་བརྡབ་གསིག་མི་འགྲོ་བ་ཞིག་གི་ཐོག་ནས་དཀའ་ངལ་སེལ་ན་དྲན་གི་ཡོད་ལ། ཁྱེད་ཅག་གིས་ཀྱང་དེ་ལྟར་དྲན་གྱིན་ཡོད་པ་བཤད་མ་དགོས་པ་ཞིག་རེད་དྲན་ཡོད།
ཝང་ལི་ཞོང་་རྡ་སར་འབྱོར་དུས་རྩོམ་པ་པོ་ཁ་ཤས་ཀྱིས་ངོ་རྒོོལ་བྱེད་པ་དེ་ཡག་པོ་མ་རེད་གང་ལགས་ཞེ་ན་ཁཽངས་ལ་ད་བར་བོད་ལ་སེམས་ཤུགས་ག་ཚོད་ཡོད་པ་ཁཽང་གི་རྩོམ་རིགས་ཀྱི་བསྒྱུར་རྩལ་གྱི་ལམ་ནས་ཤེས་ཐོབ།།
བསམ་གཞིག་བྱེད་དགོས་ནི་རེད་
ད་ཡིན་ན་འོ་ཟེར་ལགས་ཚིག་པ་ཟ་ཚར་འདུག་ག། རྒྱ་རྒན་ལ་གཙོག་པའི་སྤྱོན་རྗོད་དེ་ཚོ་ཁོང་སྐྱེར་ར་ཁྲོད་དགོས་རེད་ཟེར་གིས་འདུག་ག
gfg
རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་ལ་ང་ཚོས་ངེས་པར་དུའང་ཁོང་ལ་འཚམས་འདྲི་ཞུ་དགོས། ཁོང་གི་རེ་བ་དང་། དམིགས་ཡུལ། ཕུགས་བསམ་སོགས་ཅི་ཞིག་ཡིན་མིན་ལ་མ་ལྟོས་པར་ད་ལྟའི་དུས་ཚོས་འདིར་ང་ཚོས་དང་ལེན་ཅི་ནས་བྱེད་ཐུབ་པ་དགོས།
དེ་ནི་དྲང་པོར་བརྗོད་ན་༸ གོང་ས་མཆོག་གི་ཐུགས་དགོངས་ཡིན་ལ། བཙན་བྱོལ་གཞུང་གི་མཛད་བྱུས་ཞིག་ཀྱང་ཡིན། མཐར་གཏུགས་ན་བོད་ཀྱི་རྩ་དོན་ལ་མཁོ་གལ་ཆེ་བའི་དུས་བབ་གཅིག་ཡིན་པ་ང་ཚོས་ངོས་འཛིན་ཐུབ་པ་བྱེད་དགོས།།
དྲ་གྲོགས་འཚོ་་་་་་་་་་་་་་་་ང་འཚོའི་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་དང་རྒྱ་ནག་དཔོན་རིགས་ལ་
དྲ་གྲོགས་ཚང་མར་གསལ་འདེབས་ཞུ་རྒྱུ་ཞིག་ལ། ང་ཚོའི་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོན་གྱི་ལོ་རྒྱུས་ཆ་ཚང་བ་ཞིག་ཤེས་རྒྱུ་ཡང་གླེང་སྟེགས་འདིར་སྐད་ཆ་གཙང་མ་ཞིག་བཤད་ཐུབ་པའི་རྩ་བའི་ཆ་རྐྱེན་ཞིག་ཏུ་མཐོང་། གལ་སྲིད་མཁྱེན་ལྡན་སུ་ཞིག་ནས་ཁོང་གི་སྐོར་ཤེས་ན་ཁོང་སྐྱེས་ས་སྐྱེས་ཁུངས་ནས་བཟུང་ད་ལྟའི་བར་ཀྱི་ལོ་རྒྱུས་ཆ་ཚང་བ་ཞིག་འདི་གར་འགོད་རྒྱུར་སྒུག་ནས་ཡོད།
ད་དུང་འདིར་དག་མིན་ལ་མ་བལྟས་པར་རང་ཉིད་ཀྱི་བསམ་ཚུལ་ཞིག་བརྗོད་འདོད། ཕྲན་གྱིས་རྩོམ་པ་པོ་ཝང་ལི་ཞོན་ད་ཐེངས་བཙན་བྱོལ་སྤྱི་ཚོགས་ནང་ཡོང་བའི་དམིགས་ཡུལ་ཆེན་པོ་ཞིག་མེད་པ་ཚོར། རྒྱུ་མཚན་ནི་གལ་སྲིད་རྩོམ་པ་པོ་ཝང་ལི་ཞོན་གྱི་མཐར་ཐུག་གི་དམིགས་རེ་ཅི་ཞིག་ཡིན་མིན་ཅི་ལྟར་ཡང་། ཐེངས་དང་པོའི་འབྲེལ་བ་འདི་ཆེས་མཛེས་ལ་ཡིད་དུ་འོང་བའི་འབྲེལ་ལམ་ཞིག་ཡོང་ན་དེ་གས་འགྲིག་བསྡད་ཡོད་རེད། འདི་ནི་ཐེངས་གཉིས་པའམ་དུས་གཏན་གྱི་འབྲེལ་བའི་ཐོག་མའི་མཐུན་རྐྱེན་རེད། མི་ཞིག་ཡིན་ན་ཐོག་མའི་འཇལ་འཕྲད་ཀྱི་འཛུམ་མདངས་དང་གཅིག་པར་སོང་། ཁོང་ད་ཐེངས་ཕེབས་པའི་རྒྱུད་རིམ་འདི་ལས་ང་ཚོས་ཁོང་གི་ངོ་གདོང་ངོ་མ་ཞིག་མཐོང་མི་ཐུབ་པར་ངས་ཁ་ཚོད་གཅད་ནས་བཤད་ཀྱང་ཆོག
འོན་ཀྱང་ཆེས་འཇིགས་སུ་རུང་བ་ནི་མི་རིགས་རང་ལུགས་ཀྱི་རླུང་འཚུབ་ཆེས་རྒོད་སའི་ཁོར་ཡུག་ཅིག་ནས་རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་བཞག་ནས་མཐོང་མ་མྱོང་བའི་མི་རིགས་གཞན་ཞིག་གི་བསླུ་བྲིད་དེ། རྟོག་འཁྲུལ་གྱི་བསམ་བློ་ཞིག་གིས་དེད་དེ་བོད་པའི་ཕྱོགས་སུ་ཡོང་བ་འདི་ལ་དམིགས་རེ་ཅི་ཞིག་ཡོད་མེད་ངས་ཤེས་མ་སོང་། ད་དུང་ང་ཚོར་སྤྲད་པའི་རིམ་འཕར་དམངས་གཙོའི་ལེགས་སྐྱེས་འདི་ངོ་མས་ངས་དང་ལེན་བྱེད་ཤེས་ཀྱི་མི་འདུག
གང་ལྟར་ཁོང་ད་ཐེངས་འདི་གར་ཕེབས་པར་ང་ཚོས་དགའ་བསུ་དང་ངོ་རྒོལ་གཉིས་ཀ་བྱས་ཡོད་པས་མི་རབས་ཕྱི་མའི་ཆེད་དུ་ལོ་རྒྱུས་ཀྱི་མཐོངས་ནས་ང་ཚོ་ད་དུང་ཡང་འདི་ལྟར་འོད་ཀྱིས་འཚོ་ཐུབ་དགོས།
རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝང་ལུ་ཞོན་གྱིས་བོད་དོན་ཐོག་འཛིན་པའི་བསམ་བློ་དེ་ སྔར་དང་ཅུང་མི་འདྲ་བ་ཞིག་འདུག་ དོན་ངོ་མ་བསམན་ སྔོན་མ་ནས་རྒྱ་ནག་གི་ཆབ་སྲིད་ལ་ཕོག་པའི་ལས་དོན་མང་པོ་རྒྱ་སྤྱི་ཐོག་བཀྲམ་ ཟིན་པ་རེད་དེ་ རྒྱ་ནག་གིས་ཁོ་ལ་གུ་ཡངས་གཏང་བ་དེ་ མི་རིགས་དབྱེ་འབྱེད་ཀྱི་བསམ་བློ་ཡིས་སམ ཡང་ན་གནད་དོན་གཞན་ཞིག་གིས་ཡིན་པ་ ད་དུང་ བརྟག་དགོས་པ་ཞིག་རེད་
སྐུ་ཞབས་བོང་ལུ་ཞོན་གྱིས་རྒྱ་གཞུང་ལ་ཉེན་སྐུལ་ཚུལ་གྱི་གསུང་དུམ་ཞིག
བོད་ཀྱི་ཉེན་ཚབ་ཀྱི་རང་བཞིན་ནི་ལྷག་པར་དུ་བོད་ལ་དམིགས་བསལ་ཅན་གྱི་ཁྱད་མཚར་བའི་ཁྱབ་ཁོངས་ཤིག་གནས་ཡོད་པ་དེར་ཐུག་ཡོད། བོད་ཀྱི་ལས་བྱེད་ནང་དུ་ཆོས་ལ་དད་པ་བྱེད་མཁན་གྱི་བསྡུར་ཚད་ནི་ཧ་ཅང་མཐོན་པོ་ཞིག་ཟིན་ཡོད་ལ། ཆོས་ལ་དད་པ་བྱས་པ་ཡིན་ན། དཀོན་མཆོག་སྐྱབས་གནས་སུ་འཛིན་དགོས་པས། ཏྰ་ལེའི་བླ་མ་ནི་ཆོས་ལུགས་ཀྱི་སྐྱབས་གནས་དཀོན་མཆོག་ཅིག་ཡིན་ལ། རྒྱལ་ཁབ་ཀྱི་སྲིད་དབང་ལ་དམིགས་ནས་བཤད་ན་དགྲ་བོ་ཞིག་ཀྱང་རེད། ཆོས་ལ་དད་པ་བྱེད་མཁན་གྱི་ལས་བྱེད་པ་རྣམས་ཀྱི་མགོ་བོ་སྐྱབས་གནས་དཀོན་མཆོག་ཨང་དང་པོར་འཛིན་ནམ་དགྲ་བོར་འཐབ་རྩོད་བྱེད་རྒྱུ་ཨང་དང་པོར་འཇོག་རྒྱུ་རེད། དེ་ནི་སྔ་ཕྱི་བར་གསུམ་དུ་མངོན་གསལ་མིན་པའི་གནད་དོན་ཞིག་ཏུ་གྱུར་ཡོད།
མིག་སྔར་བོད་བཅོས་སྒྱུར་གཏོང་ཕྱོགས་ཤིག་ཡོད་པ་ནི། བོད་ཀྱི་སྤྱི་ཚོགས་དེང་རབས་ཅན་དུ་བསྐྱོད་རྒྱུར་སྐུལ་འདེད་བྱེད་པར་བརྟེན་ནས། མི་སེམས་འགུག་ཐབས་བྱས་ཏེ་ཆོས་ལུགས་ཀྱི་ཚོད་འཛིན་གཏོར་བཤིག་གཏོང་རྒྱུ་དེ་རེད། ཁོ་ཚོའི་འཚོ་བའི་ཆུ་ཚད་མུ་མཐུད་དུ་གོང་མཐོར་བཏང་ནས་བོད་ཀྱི་ཁ་བྲལ་རིང་ལུགས་པའི་ཤུགས་རྐྱེན་མེད་པ་བཟོ་རྒྱུ་དང་མཉམ་དུ། བོད་རྒྱ་གཉིས་མཉམ་དུ་འདྲེས་པར་བྱས་ན་ཁ་བྲལ་རིང་ལུགས་པར་ཚོད་འཛིན་ཐུབ་རྒྱུ་རེད།
ཡི་གེ་ཨེ་ཤེས། ཡི་གེ་ཤེས་ན་དཔེ་ཆར་ལྟོས། གླུ་གོ་ན་རྣ་བའི་བདུད་རྩི་ཡིན། མ་གོ་གླུ་ལ་འགྲེལ་བ་མེད།
གྲོགས་པོ་གོང་ས་མཆོག་གི་ཁོ་ལ་སྔགས་བརྗོད་བྱེས་བ་དེ་ཁྱོད་ལཚོར་བཅི་འདྲ་བྱུང་
ཨ་ལ་ལ་ལགས། ཉིད་ཀྱིས་དངོས་ནས་ཨ་ལ་ལ་ཞིག་གསུང་འདུག ངས་ནམ་ཡང་མི་རིགས་སུ་ཞིག་ཡིན་ཡང་ཐོག་མར་དགོས་པ་དེ་ནི་མི་རིགས་རང་ལུགས་ཀྱི་ལྟ་བ་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ་རྒྱ་ཝང་ལི་ཞང་ལ་ཡང་རྒྱ་ནག་མི་རིགས་ཀྱི་ལྟ་བ་ཡོད་པ་དེ་ལ་གཏན་ནས་ངོ་རྒོལ་བྱེད་ཀྱི་མེད། ཁོ་རང་གིས་རྒྱ་རིགས་མི་མང་གྱི་ཁེ་ཕན་ཆེད་དུ་བོད་མི་རིགས་ཀྱི་བདེ་དོན་མཐར་ཐུག་དང་ལོ་རྒྱུས་ལ་ནམ་ཡང་བདེན་ཁ་ངོ་མ་ཞིག་སྤྲད་མེད་པ་དེ་ལ་བཤད་ཀྱི་ཡོད་པ་ཐུགས་འཇག་འཚལ།
གྲོགས་པོ་ཤ་ཁྲག་རུས་གསུམ་ལགས།ཐོག་མར་ཁྱེད་ལ་འཚམ་འདྲི་ཡོད།རྒྱུ་མཚན་ནི།་བྱེད་ལུགས་འདི་ངའི་ཐོག་མའི་གཤིས་ཀ་ཡིན་པས་ཟློག་ཐབས་མེད།སྐབས་དོན་ནི་ཤ་ཁྲག་རུས་གསུམ་ནི་བེམ་པོ་ཡིན་པས་ཚོར་བ་ཟབ་མོ་མེད་པ་ངས་ལོས་ཤེས།འོན་ཀྱང་ཁྱེད་ཀྱི་སྐད་ཆ་དེ་ནི་བཤད་མ་ཤེས་ན་ཚིག་སྣེ་སྐྱོན་ལ་ཐོག་་་འགྲོ་མ་ཤེས་ན་རྐང་སྣེ་རྡོ་ལ་ཐོག་ཟེར་བ་བཞིན།་ཁྱེད་ཀྱིས་སོམ་དང་ཝང་སྐུ་ཞབས་ཀྱིས་བོད་པ་ལ་བརྩེ་བ་མེད་ཚུལ་བཤད་པ་ནི་ཐོག་མའི་བོད་ལ་མ་སོང་གོང་གི་བསམ་ཚུལ་ཡིན་པས་ཁོ་བོད་པ་ལ་ཆ་རྒྱུས་མེད་ན་བརྩེ་བ་ཇི་ལྟར་ཡོང་།དེ་བཞིན་དུ་ཁོ་རྒྱ་རིགས་གཙང་མ་ཞིག་ཡིན་པ་དང་མི་ནག་འཇིག་རྟེན་པ་ཞིག་ཡིན་པས་རང་གི་མི་རིགས་ལ་ཕྱོགས་ཞེན་ལོས་ཀྱང་ཡོད་ལ་དེ་ལྟར་བྱས་པ་ལ་ཧང་སངས་དོན་ཅི་ཡོད།མ་ཟད་ངེད་ཅག་བོད་པས་ཁོ་ང་ཚོར་ཤ་ཞེན་བྱེད་དགོས་པ་ཅི་ཞིག་བཟོས་ཡོད་དམ།འོན་ཀྱང་དེ་ལས་ལྡོག་སྟེ་ཁོས་ང་ཚོ་བྱས་པའི་རྗེས་ལ་༧གོང་ས་མཆོག་གིས་ཀྱང་ཡི་རང་བྱས་ཡོད་པ་མ་ཤེས་ས།ད་དུང་ཁོས་བཤད་པ་དང་བསམ་པ་དག་ལས་གཏིང་ཟབ་པ་ཞིག་ནི་༧གོང་ས་མཆོག་གི་རྗེས་སུ་གྲ་སྒྲིག་མེད་ཚེ་ང་ཚོར་ཅི་ཡང་མི་ཐོབ་པར་བཤད་པ་དེ་ལ་ཁྱེད་ཀྱིས་གོ་བ་དེ་ཙམ་ལོན་མེད་ཀྱང་།ཁྱེད་ཀྱི་བཤད་པ་བཞིན་དུ་བྱས་ཀྱང་༧གོང་ས་མཆོག་མེད་ཉིན་ནས་ང་ཚོ་མི་ཡིན་ཀྱང་ཅི་ཕན་ལ་ཅི་ཞིག་ནུས་སམ།
མྱི་བུ་གངས་དཀར་ལགས་ཁྱོད་རང་རྒྱ་ཝང་ལུ་ཞུང་ལ་ཅི་ཙམ་དད་ན་རང་ལག་རེད་དགག་བྱ་ཅི་ལ་བྱེད། འོན་ཏང་རུས་ཝང་ཅན་པོ་དེས་༧་གོང་ས་མཆོག་གིས་ཆེད་ལས་དང་བོད་གཞུང་གི་ཆབ་སྲིད་ལང་ཕྱོགས་ལ་སྐྱོན་བརྗོད་བྱས་འདུག་པ་དེར་ང་དངོས་གནས་མི་དགའ་གི། ལྷག་པར་ཏུ་ཆེད་དམིགས་རྡ་རམ་ཤ་ལ་ཡོངས་ནས་དེ་ལྟར་བྱེད་དོན་གང་ཡིན་ན།
སྐུ་ཞབས་ཝང་ལིས་ཞུང་བྱེས་སྒར་རྡ་རམ་ས་ལ་ཕེབས་པར་དགའ་བསུ་། ད་དུང་མུ་མཐུད་དེ་ཉིད་ཀྱི་དམིགས་ཡུལ་དེ་མ་འགྲུབ་ཀྱི་བར་ཞུ་དགོས་མ་མཆིས་པར་ཕྱག་ལས་མཛད་ངེས་རེད་ལ་མཛད་རོག་ཞུ།
ཝང་ལིས་ཞུང་གི་དམིགས་ཡུལ་ངན་པ་ཞིག་ཁྱེར་ནས་ཡོང་མེད་ཚེ་ངོ་མ་བློ་ཕམ་སྐྱེས་འོས་ཤིག་རེད།
བདེན་པ་རེད་ཁོང་གི་ལས་དཀའ་གང་བྱས་ཐམས་ཅད་གཞན་ཕན་ཡིན་
འདོག་བྱས་ན་ཡང་། དེ་ལ་ཡིད་ཆེས་རྐྱང་པ་བྱེད་མི་རུང་སྙམ།
ཁོ་པས་ལས་འགན་རྩོ་བོ་ནི་རྒྱ་མི་རིགས་ལ་ཁེ་ཕན་རག་ཆེད་ཡིན་པ་ཐེ་མི་ཚོམ།
ཝང་ལི་ཞོང་འདིར་དཀའ་ངལ་ཐ་དག་ལ་མ་འཛེམས་པར་ཕེབས་པར་དགའ་བསུ་ཚད་མེད་ཞུ། ད་དུང་མུ་འཐུད་དེ་བོད་དོན་ཆེད་དུ་ལས་ཀ་གང་ཐུབ་ཅིག་གནང་རོགས་ཞུ། མི་ཁ་ཤས་ཤིག་ལས་གོང་ས་མཆོག་དང། བོད་གཞུང། ཚོགས་པ་ཁག དེ་མིན་ང་ཚོའི་མི་མང་ཡོངས་ནས་དགའ་འཚོར་ཚད་མེད་་་་ ཐུགས་འཇགས་འཚལ
མིང་དོན་མཚུངས་བའི་གླེན་རྒན་ལགས་དམིགས་བསལ་བོད་ལ་རྩེ་བ་མེད་གསསུང་ན་ཡང་སྤྱིར་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱི་ལྷག་བསམ་མེད་པ་མིན།ང་འདི་ལ་ཆརྒྱུས་མངའ་དེ་ཙམ་མེད་ན་ཡང་གོང་དུ་བཀོལ་བའི་བཀའ་གསུང་འདི་དག་ལ་གཞི་བཅོལ་བ་ཡིན།གོ་སྐབས་ཡོད་ཚད་ལ་རྒོལ་ན་གོ་སྐབས་ཡོད་ཚད་ཤོར་ན་ན་ཐང་ཁྱེད་ཀྱིས་དཔའ་གཏམས་དེ་གོ་དུས་ངས་ཨ་ཁུ་ཁྲོ་ཐུང་དྲན་སོང་།
གྲོགས་པོ་གནས་ཚང་ཁོང་དངོས་ནས་གནས་ཚང་གི་ཚ་བ་འདི་འཕྲོད་ཀྱི་མེད་པ་འདྲ།ཁོས་བཤད་བཤད་ཚང་མ་ཚ་འཁྲུལ་རེད།་གང་མགྱོགས་སུ་ཁོང་མྱུར་སྐྱོབ་སྨན་ཁང་དུ་བསྐྱེལ་རོགས་གནོངས།་མིག་མཐོང་ས་ནས་ཁོ་ཤི་རུ་བཅུག་ན་ང་ཚོ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་གདུང་རྒྱུད་ཡིན་པ་འགྲེལ་བརྗོད་ཇི་ལྟར་བཤད།
གྲོགས་པོ་གནས་ཚང་ཁོང་དངོས་ནས་གནས་ཚང་གི་ཚ་བ་འདི་འཕྲོད་ཀྱི་མེད་པ་འདྲ།ཁོས་བཤད་བཤད་ཚང་མ་ཚ་འཁྲུལ་རེད།་གང་མགྱོགས་སུ་ཁོང་མྱུར་སྐྱོབ་སྨན་ཁང་དུ་བསྐྱེལ་རོགས་གནོངས།་མིག་མཐོང་ས་ནས་ཁོ་ཤི་རུ་བཅུག་ན་ང་ཚོ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་གདུང་རྒྱུད་ཡིན་པ་འགྲེལ་བརྗོད་ཇི་ལྟར་བཤད།
འཇིག་རྟེན་འདིར་སྐྱེས་ཕྱིན་རང་རིགས་ལ་ཤ་ཞན་གཞན་རིགས་ལས་ཆེ་བར་ཡོད་པ་དེ་ཆོས་ཉིད་རེད། སྐུ་ཞབས་འདིའི་སྐད་ཆ་ལ་སྙིག་དོར་བཅུད་ལེན་གྱི་ཆ་ཡོད་པར་གདོན་མི་ཟ་ནའང་། བཙན་བྱོལ་བོད་གཞུང་འདི་༧གོང་ས་མཆོག་གི་རྗེས་སུ་ཕེབས་འགྲོ་བའི་སྡོམ་བརྩིས་དེ་བཤད་སྟང་མཁས་པའི་སྒོ་ནས་བོད་མིར་དམར་བའི་གཏམས་ཀྱིས་བཤད་པ་འདི་ནི། བོད་མིའི་ལོ་རྒྱུས་དང་བཙན་བྱོལ་བོད་གཞུང་ལ་རྒྱུས་མངའ་ཡོད་མདོག་བྱས་པའི་གད་རྒྱང་ཇི་ཙམ་སྒྲོགས་ཀྱང་སོ་སོའི་དམིགས་ཡུལ་གྱི་ཝ་སྐད་རང་ཤུགས་ཤོར་འདུག་གོ།
བོད
བོང་ལི་ཞོན་གྱི་བར྄ྩམས་ཆོས་(བོད། ར྄ྒྱ་ནག་གི་ར྄ྩུབ་རིས་གཉེན་མོ)དང་དེ་མིན་གྱི་ར྄ྩོམ་ཡིག་གང་མང་ཞིག་(མཐོ་ས྄ྒང་གི་ར྄ྒྱབ་མདུན)དང་(དུས་བབ)དང་(བང་ཆེན་)ཚགས་ཤོག་སོགས་ན་ཀ྄ློག་ར྄ྒྱུ་ཡོད་པས། དོན་མེད་ཀྱིས་མི་གཞན་ལ་ཁ་གཏོང་བ་ལས། ར྄ྩོམ་ཡིག་དེ་དག་བཀ྄ླགས་ཏེ་རང་བ྄ློས་དཔྱད་པ་རེ་བཏང་ན་མི་བཟང་ངམ། ངས་ཀྱང་ཁོས་བོད་དོན་ཕྱོགས་ལ་བྲིས་པའི་ར྄ྩོམ་ཡིག་ གང་མང་ཞིག་བཀ྄ླགས་པ་དང། གྲོགས་པོ་མང་པོའི་བགྲོ་ག྄ླེང་ལས་ར྄ྒྱ་ར྄ྒན་འདི་ལ་ལ྄ྟ་ས྄ྟངས་དེ་འདྲ་ཞིག་བཟུང་ལས། དོན་མེད་གཡམ་ར྄ྒྱུགས་དང༌། མ་ཤེས་འོད་ཚོད་ཁོ་ན་གཏན་ནས་མིན། བོང་ལི་ཞོན་ནི་ཤེས་ཡོན་པ་དང༌། ལ྄ྷག་པར་དུ་ར྄ྒྱ་ནག་གི་ཆེད་ལས་ཆབ་སྲིད་པ་ཞིག་ཡིན་ཕྱོགས་མང་པོ་ཞིག་ནས་ཤེས་ཐུབ་པས་ངས་འདིར་ཡིག་ཚོགས་ས྄ྤུངས་དོན་མ་མཆིས་སོ།་།
མདོར་ན། ༼རང་ཉིད་རང་གི་མགོན་ཡིན་པ༽ཚང་མ་ལོས་བརྗེད་མི་རུང་། ཨ་གསར་ཚ་བོ་ནི་རང་ཉིད་གསོད་བྱེད་ལས་གཞན་མིན།
ངོ་མ་རླབས་ཆེན་གྱི་སྐྱེས་བུ། དྲང་བདེན་ལ་དགའ་བའི་བུ་བོད་པ་ཚང་ལའང་འདི་འདྲ་མང་པོ་ཞིག་ཡོད་ན་༸གོང་ས་མཆོག་དང་ཟམ་གདོང་བླ་མ་གཉིས་ལ་ཕྱག་རོགས་རེ་གནང་ཐུབ་རྒྱུ་རེད།
རྒྱ་རིགས་རྩོམ་པ་པོ་ལྦང་ལི་ཞུང་གི་སྐོར་ནས་ངེད་ཀྱིས་ཀྱང་རྨོངས་འཆར་འགའ་གླེང་འདོད་སྐྱེས།
གྲོགས་པོ་ཚོས་ཀྱང་སོ་སོའི་བསམ་པའི་འཆར་སྣང་རེ་གླེང་འདུག་པར་མ་ཟད་རྒྱུ་མཚན་རེ་སྔུན་ལ་འཇོག་པར་བརྩོན་འདུག
ལྦང་ལི་ཞུང་གིས་བརྩམས་པའི་དེབ་དང་བྲིས་བའི་རྩོམ་ཡིག་སོགས་བོད་ཡིག་དང་དབྱིན་ཡིག་ཏུ་ཡོད་པ་རྣམས་ངེད་ཀྱིས་བྐླགས་མྱོང་ལ་མུ་མཐུད་དུ་ྐློག་བཞིན་ཡང་ཡོད།
རྒྱ་ཡིག་གི་ནང་དུ་ཡོད་པའི་ཁོང་གི་རྩོམ་དེ་ཚོ་་བྐླག་པའི་དབང་དུ་བཏང་རུང་གོ་བ་ཡག་པོ་ཞིག་ལོན་རྒྱུ་ཁག་པོ་རེད། ངེད་ཀྱི་རྒྱ་ཡིག་གི་རྨང་གཞི་ནི་ད་དུང་ཡང་བོད་ནང་གི་སློབ་ཆུང་ལོ་རིམ་ལྔ་བ་དྲུག་པའི་རྒྱ་ཡིག་གི་རྨང་གཞི་ལྟ་བུ་ཞིག་ཡིན་པས་རེད། ལྦང་ལི་ཞུང་རྒྱ་ནག་གི་གསང་མྱུལ་བ་ཡིན་མིན་སོགས་ཀྱི་གནད་དོན་ཐད་༧གོང་ས་མཆོག་གི་གསུངས་དེ་ཤིན་ཏུ་མད།
གཞན། ལྦང་ལི་ཞུང་གིས་ཁྱད་གསོད་བཏང་ཡོད་མེད་དང་མཐོང་ཆུང་བྱས་ཡོད་མེད། ཟུར་ཟ་བྱས་ཡོད་མེད་སོགས་ནི་མི་སྒེར་བ་སོ་སོར་ཞིབ་འཇུག་གི་རྨང་གཞི་དང་རྣམ་འབྱེད་ཀྱི་བློ་གྲོས་ཅི་ཙམ་ཡོད་མེད་ལ་རག་ལས་མེད་འགྲོ་སྙམ། འོན་ཀྱང་། ངེད་རང་སྒེར་ངོས་ནས་ལྦང་ལི་ཞུང་ལ་ངོ་རྒོལ་བྱེད་མཁན་དང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་ཕྱིར་འབུད་བྱེད་མཁན་རྣམས་ལ་དགག་བྱ་མེད་པར་མ་ཟད་ཁོང་ཚོའི་བྱ་སྤྱོད་ཀྱི་སྒང་ལ་བསམ་ཚུལ་ཡང་མེད།
ངེད་ཀྱི་མཐོང་སྣང་གི་རྒྱ་རིགས་རྩོམ་པ་པོ་ལྦང་ལི་ཞུང་ནི།
དང་པོ། བོད་རྒྱའི་གནས་སྟངས་ལ་ཡུན་རིང་ཞིབ་འཇུག་དང་རྒྱུས་ལོན་མྱོང་མཁན་ཞིག
གཉིས་པ། བོད་རྒྱའི་གནས་སྟངས་དང་དཀའ་ངལ་གྱི་གནད་རྣམས་ལ་ཞིབ་པར་དཔྱོད་ཐུབ་མཁན་དང་དངོས་ཡོད་དང་ཁ་གཏད་དུ་ལངས་ཐུབ་མཁན་ཞིག
གསུམ། རྒྱ་རིགས་ཆེན་པོའི་ཁེ་ཕན་བློས་མ་བཏང་བའི་སྒོ་ནས་བོད་རྒྱ་ཉམས་གནས་ཀྱི་ཐད་ལ་གུ་ཡངས་ཀྱི་བསམ་ཚུལ་ཡོད་མཁན་ཞིག
བཞི། བོད་ནང་གི་བོད་མིའི་དཀའ་ངལ་རྣམས་ངོ་འཕྲོད་མཁན་དང་དཀའ་ངལ་གྱི་འབྱུང་ཁུངས་དང་དེ་སེལ་ཐབས་ཀྱི་ཕྱོགས་ལ་བསམ་བློ་སྔོན་ཐོན་ཡོད་མཁན་ཞིག་
ལྔ་། རྒྱ་ནག་སྲིད་གཞུང་དང་དགྲ་ཁ་གཏད་ལྟ་བུའི་བསམ་ཚུལ་མི་འཛིན་པར་རྒྱ་ནག་སྲིད་གཞུང་གི་བྱེས་ཉེས་ཁག་ལ་ངོས་ཟིན་ཐོབ་པའི་སྒོ་ནས་བོད་རྒྱའི་མ་འོངས་གནས་སྟངས་ཐད་བསམ་ཚུལ་གསར་བ་ཡོད་མཁན་ཞིག་བཅས་རེད་སྙམ།
བོད་རིགས་གྲོགས་པོ་ཚོས་བཏང་བའི་དྲི་བ་དང་ལྦང་ལི་ཞུང་གི་དྲི་ལན་གཉིས་བྐླགས་གྲུབ་རྗེས། ངེད་ཀྱི་སེམས་ལ་ཚོར་སྣང་འདི་འདྲ་ཞིག་འཁོར། ཚོར་སྣང་དེ་བསྐྱར་ནས་བསྐྱར་དུ་འཁོར། བཙན་བྱོལ་དུ་བོད་རིགས་ཞིབ་འཇུག་པ་ཉུང་ཉུང་ཞིག་ལས་མེད་པ་དང་ཉུང་ཉུང་དེ་ལ་ཡང་བོད་རྒྱའི་གནད་དོན་གྱི་ཐད་ལ་བསམ་ཚུལ་རབ་རིབ་དང་གྲོས་གཞི་མུག་མུག་་འགའ་མ་གཏོགས་མེད་པའི་གནས་སྟངས་སེམས་ཁྲལ་བ་དེ་རེད། འདི་ནི་ངེད་ཀྱི་རྨོངས་འཆར་ཙམ་ཡིན།
ཕྱེ་ཚེས་ ༢༥ ཉིན་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་ནས་བོད་རིགས་གཞོན་སྐྱེས་ཚོར་བཀའ་སློབ་ཐུབ་ཐུང་ཞིག་གནང་འདུག དེའི་ནང་༧གོང་ས་མཆོག་གིས། “ཝང་ལི་ཞོང་ནི་ལོ་མང་རིང་བོད་པའི་ཐོག་དྲང་པོ་དྲང་བཞག་གིས་རྩོམ་ཡིག་མང་པོ་འབྲི་མཁན་ཞིག་རེད། ལོ་སྔོན་མའི་དོན་རྐྱེན་བྱུང་བ་ནས་ང་རང་རྒྱ་མིའི་མཁས་པ་དང་རྩོམ་པ་པོ་མང་པོར་ཐུག་འཕྲད་བྱུང་སོང། དེ་དག་དངོས་གནས་ཡག་པོ་རེད། ལོ་སྔོན་མའི་དོན་རྐྱེན་བྱུང་བ་ནས་རྒྱ་མིའི་ནང་བོད་དོན་ཐོག་རྩོམ་ཡིག་འབྲི་མྱོང་མཁན་ ༥༠༠ ལྷག་བྱུང་ཡོད་པ་རེད། དེ་དག་ཚང་མས་བོད་དོན་ལ་རྒྱབ་སྐྱོར་དང་བོད་པ་ལ་ཤ་ཚ་བྱས་པ་རེད། དེ་བཞིན་ང་ཚོར་རྒྱབ་སྐྱོར་བྱེད་མཁན་དེ་དག་བརྒྱུད་་རིམ་བཞིན་ང་ཚོའི་ནུས་པ་གསལ་ཡོང་གི་ཡོད་པ་རེད། དེ་བས། དངོས་གནས་རླུང་ལངས་བྱས་ནས་བསྡད་པ་ཡིན་ན། ཡོང་རྒྱུ་ཡོད་པ་མ་རེད། སོ་སོའི་ལྷག་བསམ་རྣམ་དག་བྱས་ཏེ། ང་ཚོས་དབུ་མའི་ལམ་ཞེས་བཤད་བསྡད་ཡོད་སྟབས། གཉིས་ཕན་གྱི་ཐོག་བསམ་བློ་གཏོང་རྒྱུ་ཞིག་སླེབས་འོང་གི་ཡོད་པ་རེད།” ཅེས་གསུངས་ཡོད་པ་རེད།
སྐད་ཆ་འདིའི་ཁྲོད་ནས་ཆོས་ལུགས་ཆོལ་ཁ་མ་འོངས་པ་ན་ཉེན་ཁ་ཚ་བོ་དེ་ངོ་མ་རེད།་་་་་ཉེན་ཁ་སྔོན་འགོག་ལ་རེམ་་ཞིག་རེམ་ཞིག་་་་༌༌༸གོང་ས་མཆོག་གི་མ་འདས་སྤྲུལ་དེ་ངོ་མ་གལ་ཆེན་ནང་གི་དོན་ཆེན་རེད།་་་་འཇམ་ཅེག་གེ་བསྡད་ན་རྒྱ་མིའི་འདོད་དོན་སྒྲུབས་པ་རེད།
མྱི་བུ་གངས་དཀར་ལགས་ཆུང་མ་བོད་མོ་ཅན་གྱིས་རྒྱ་རྒན་འདིས་བོད་མི་རིགས་ལ་དམིགས་བསལ་བརྩེ་བ་མེད་ཅེས་ཁ་སངས་མོ་དང་ཚིག་གསལ་པོ་བྱས་འདུག་པ་མ་མཐོང་ངམ།
་་་བོད་མི་རིགས་ལ་བློ་སེམས་དཀར་བའི་་་ཁྱོད་རང་རྒྱ་རྒན་འདི་ལ་རྒྱུས་མངའ་དང་ཡིད་ཆེས་ཆེ་བ་ལ།
ངོ་རྒོལ་བྱེད་དགོས་རེད་ངེས་པར་ཏུ་བྱེད་དགོས་རེད་གོ་སྐབས་ཡོད་ཚད་ལ་རྒོལ་དགོས་རེད་ནོར་མི་འདུག། ཡིན་ཡང་རྒོལ་སྟངས་ཞན་པ་ལ།
ལྷ་ཆབ་དང་གཡང་གཉིས་གཙོས་བའི་གླེན་ཕྲུག་ཚོ་བོད་མི་རིགས་ལ་བློ་སེམས་དཀར་བའི་རྒྱ་རྒན་འདི་ཚོའི་མདུ་སར་དེ་འདྲའི་སྐྱོད་ངན་བྱེད་་དོན་ཅི་ཡིན་གླེན་ཕྲུག་ཚོ་ཁྱེད་རང་ཚོའི་རྒྱབ་ཏུ་སྡོད་མཁན་སུ་ཡིན་།རྒྱ་འདི་ཚོང་བ་ཡིན་ན་གོ་ས་མཆོག་བོད་བཙོང་མཁན་ཡིན་པས་བཙན་བྱོལ་བོད་གཞུང་གིས་འདི་ལ་ཚོང་འབེྲལ་བྱེད་དམ།
ནོར་བཅོས། བོད་ནང་དང་རྒྱ་ནང་གི་ཤེས་ཡོན་ཅན་
བོད་ཀྱི་རྩོམ་མཐུན་ཟེར་པ་འདིའི་མི་རེ་ཟུང་གིས་བྱེད་སྟངས་ལས་སྟངས་སྔོན་མ་ནས་ཡག་པོ་མེད་པ་མཁྱེན་གསལ་རེད། བོད་སྤྱི་པའི་ཚོགས་སྡེ་ཞིག་གི་མིང་འཁྱེར་ནས་མ་རབས་ཐ་ཤལ་གྱི་བྱེད་སྟངས་འདིའི་རིགས་ཡག་པོ་མ་རེད།
རིས་ཝང་ཅན་གྱི་རྩོམ་པ་པོ་འདི་ལ་བོད་ནང་གི་ཤེས་ཡོན་ཅན་མང་པོས་དོགས་པ་ཡོད་པ་རེད། རྒྱ་མཚན་ནི་ཁོ་བོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཇི་ལྟར་བྱས་ཀྱང་རྒྱ་གཞུང་གིས་རྒྱ་ནག་ལ་སྨྲ་བརྗོད་རང་དབང་ཡོད་པ་མཚོན་པའི་དར་ཆ་ལྟ་བུ་རེད། གལ་ཏེ་ཁོ་བའི་ཚབ་ལ་བོད་ནང་དང་རྒྱ་གཞུང་གི་ཤེས་ཡོན་ཅན་གཞན་ཞིག་གིས་རྒྱ་གཞུང་ལ་འདི་ལྟར་སྐྱོན་བརྗོད་ན་ཕལ་ཆེར་ཆུ་ཚོད་༢༤ནང་ཚུན་བཙོན་ལ་འགྲོ་བ་ལས་ལམ་གཞན་ཡོད་པ་མ་རེད། བྱས་ཙང་མི་འདི་མ་འོངས་པར་བོད་དོན་ལ་ཉེན་ཁ་ཆེན་པོ་ཆགས་སྲིད་པ་རེད།
གཡང་ཁོ་རྒྱལ་ཟེར་བ་དེའི་ལས་སྟངས་འགྲིག་འདུག ཚང་མས་རྒྱ་རྒན་འདི་ལ་དད་པ་དང་དུང་སྣང་སྐྱེས་དོན་མི་འདུག
གཡང་ཁོ་རྒྱལ་རྩོམ་པ་པོའི་མཐན་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས་ཁོང་ལ་ཚོགས་མི་ལས་ཕྱིར་འབུད་པའི་དབང་ཆ་ཡོད་པ་རེད་ལ། ཚོགས་པའི་ལས་སྟངས་དེ་ཚོགས་མིའི་འདོད་ཐོག་ལ་མ་ཡོང་ན་དེ་ལས་ཕྱིར་འབུད་པ་དང་ངོ་རྒོལ་བྱ་རྒྱུའི་དབང་ཆ་ཡོད་པས། རྒྱ་རྒན་དེ་རྩོམ་པ་པཔའི་མཐུན་ཚོགས་ཀྱི་ངོས་ནས་སྣེ་ལེན་བྱེད་ཚུལ་སོགས་ཚོགས་མི་སུས་ཀྱང་ཤེས་མི་འདུག་ལ་སུ་ལ་ཡང་བརྡ་ལན་སྤྲད་མེད་་པརེད། ཚོགས་པའི་མིང་དེ་སྒེར་གྱིས་བེད་སྤྱོད་བཏང་ན་དེ་ལ་སུ་ཡིས་ཀྱང་འདོད་པའི་རྣམ་འགྱུར་སྟོན་གྱིན་མ་རེད།
རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་ནི་ང་ཚོ་བོད་པ་ཤ་ཞན་ཅན་ཞིག་མིན་ཡང་
ཁོའི་ལངས་ཕྱོགས་དེས་ང་ཚོ་བོད་པ་ལ་ཕན་འབྲེལ་ལས་གནོད་འབྲེལ་ཕ་ཆེརམེད།
་གང་ཡིན་ཟེར་ན་ཁོའི་ལངས་ཕྱོགས་སམ་ལྟ་གྲུབ་གཙོ་བོ་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྷིང་འཇགས་སུ་གནས་ཐུབ་ལ་འབད་པ་བྱེད་རྒྱུ་དེ་རིད །
དེ་ཡོང་བ་ལ་པོད་རྒྱ་གཉིས་ཀྱི་རྙོག་འཛིང་འདི་ཞོད་འཇགས་སུ་འགྲོ་མིན་ལ་
འབྲེལ་བ་གཏེང་ཟབ་ཡོད་པ་དང་དེ་ཞོད་འཇགས་སུ་འགྲོ་བ་ལ་དྲང་བདེན་ལ་
གཞི་སྐྱོལ་ནས་དྲག་རྒོལ་མིན་པ་ཞི་འགྲིག་གི་ཐཔས་ལམ་ལ་མོས་པ་ཅན་ཞིག་མིན་
ནམ་སྙོམ །
ཐོག་མར་ང་རང་བོད་ཀྱི་མཛེས་ལྗོངས་དང་ཁོར་ཡུག ཡུལ་སྲོལ་གོམས་གཤིས་བཅས་ལ་མཚར་སྣང་ཞིག་གི་ཐོག་ནས་བོད་ལ་འབྲེལ་འདྲིས་བྱུང་བ་ལས་བོད་པར་བརྩེ་བ་དམིགས་བསལ་མེད
ཁོས་མི་མང་གི་མདུན་ནས་སྐད་ཆ་འདི་འདྲ་བཤད་འཕོད་བཞིན་ཏུ། ཁོ་རང་གིས་རྒྱ་རིགས་ལ་བཅིངས་པའི་མི་རིགས་རང་ལུགས་ཀྱི་ལྟ་བ་དེ་ཤ་གསེང་རུས་གསེང་དུ་འཐིམ་ཡོད་མཁན་གྱི་མི་སྣ་ཞིག་ཡིན་དུས། གནད་འགག་ལ་ཐུག་ན་ཁོ་རང་གི་ཆུང་མ་བོད་མོ་འོད་ཟེར་ཡང་བློས་གཏོང་ཐུབ་ངེས་ཡིན། དེ་ནི་ཁོ་རང་གི་མི་་ཚེའི་ནང་དུ་རྒྱ་རིགས་མི་མང་ལ་བཅིངས་པའི་བརྩེ་སེམས་གཏན་པོ་དེ་དང་རྒྱ་རིགས་མི་མང་གི་ཁེ་ཕན་ཆེད་དུ་ཁོ་རང་གིས་རང་ཉིད་ཀྱི་མི་ཚེའི་ནང་དུ་རྒྱ་རིགས་ཤེས་ལྡན་པ་ཞིག་གིས་རང་གི་མི་རིགས་ལ་ངོ་གནོང་བའི་ལས་ཀ་མི་བྱེད་པའི་དམ་བཅའ་དེ་ཉིད་ཁོ་རང་ལ་ཡོད་པ་དེ་ནི་ཁོ་རང་གིས་བྲིས་གནང་བའི་རྩོམ་ཡིག་དེ་དག་ཞིབ་ཚགས་པོའི་སྒོ་ནས་ཀློག་དང་ཧ་གོ་ངེས་ཡིན་ལ། ད་རེབས་ཀྱི་དྲི་བ་དག་ལ་ལན་འདེབས་འདིས་ཀྱང་ངེད་ཅག་ལ་མི་མངོན་པའི་འཇིགས་སྐུལ་དང་ཡང་ན་དམའ་འབེབས་རང་བཞིན་སྐད་ཆ་ཞིག་ཀྱང་ཞོར་ནས་བཤད་འདུག་པ་ཚང་མས་ཤེས་མི་སྲིད་པ་མ་རེད། དེ་ནི་ཁོས་༧གོང་ས་མཆོག་མེད་ཉིན་བོད་པ་ཚང་ལ་མི་མེད་པ་ལྟ་བུ་ཞིག་བཤད་འདུག་པ་དེ་བས་ཀྱང་འཐུས་པ་མ་ཡིན་ནམ། སྤུན་གྲོགས་ཚོ། འཛམ་གླིང་འདི་ཤེས་ཡོན་པ་གྲགས་ཆེན་སུ་ཞིག་མི་རིགས་རང་ལུགས་ཀྱི་ལྟ་བ་ཤུགས་ཆེན་མེད་མཁན་ད་སྔ་བྱུང་མྱོང་མེད་པ་རེད་ཅེས་བཤད་ཀྱང་འགྲིག་གི་ཡོད་པ་རེད། ཁོ་རང་གི་རྒྱ་རིགས་ཤིག་ཡིན་པས་ཆ་ནས་རྒྱ་རིགས་རང་ལུགས་ཀྱི་ལྟ་བ་ནི་དགོས་ངེས་ཞིག་ཡིན་པ་ལས་མི་དགོས་པ་ཞིག་ཆགས་མེད་པ་རེད། ཡིན་ཡང་། ངེད་ཅག་གིས་རྒྱ་རིགས་རྩོམ་པ་ཞིག་གིས་རང་གི་མི་རིགས་ཀྱི་ཁེ་ཕན་བློས་བཏང་ནས་གཞན་གྱི་མི་རིགས་ཀྱི་ཁེ་ཕན་རྩོད་པར་ཡིད་ཆེས་བྱས་པ་དེ་ནི་མི་རིགས་གཞན་པ་དེ་དག་གིས་ནོར་འཁྲུལ་ལས་ཁོ་རང་གི་ནོར་འཁྲུལ་ཆགས་མེད་པ་ཐུགས་འཇག་འཚལ།
གནས་ཚང་ལགས།
ངས་ཀྱང་ཁྱེད་ཀྱིས་བཤད་པ་ལྟར་འདོད་ཀྱིན་ཡོད། དེ་མིན་ག་རེ་དགོས་པ་རེད། དེ་གནད་འགག་ཚ་བོ་རེད།
ཝང་གིས་དྲིས་ལན་དེ་ཚོ་ལ་གོ་རྒྱུ་ཧ་ཅིང་ཆེན་པོ་དང་། མ་ཟད་བཙན་བྱོལ་བོད་གཞུང་དང་བོད་མི་ཚོའི་ངེས་པར་དུ་དོར་སྣང་སྤྲད་དགོས་ས་གལ་ཆེན་ཁ་ཤས་འདུག་སྙམ། ཁོ་ལ་ངོ་རྒོར་སྐད་འབོད་ཅུང་ཟད་བྱས་པ་དེ་ཙམ་གྱི་ཕན་གནོད་ཆེན་པོ་གང་ཡང་འབྱུང་རྒྱུ་མ་རེད།
རྒྱ་རྒན་འདིས་སྐད་ཆ་ཡག་པོ་གཅིག་ཀྱང་བཤད་མི་འདུག་ཡོད་རྒྱའི་ཕྱོགས་ཁོ་ན་རེད་ཡིན་ཡང་འདི་ཧ་ལས་དགོས་པ་ཞིག་མ་རེད།
བོད་རིགས་རྩོམ་པ་པོ་སྐོར་གཅིག་གིས་ངོ་རྒོད་བྱས་པ་དེ་འགྲིག་འདུག་ངེས་པར་ཏུ་བྱེད་དགོས་པ་ཞིག་རེད། འོན་ཏང་ཕངས་པ་ཞིག་ལ་ངོ་རྒོད་བྱེད་སྟངས་རྦད་དེ་ནོར་བཞག།
ཁོ་རེ་དགེ་མཐོང་ལགས་ག་རེ་ཡང་མཐོང་གི་མི་འདུག་དོན་ཅི།
༡ ད་ལྟ་རྒྱ་གཞུང་གིས་ག་རེ་བཤད་ཀྱི་ཡོད་དམ་ཞེ་ན། ཝང་གི་སྐད་ཆ་དེ་བཤད་ཀྱི་ཡོད་པ་རེད། དོན་གཉིས་ཡོད་དེ། (༡) རྒྱ་གཞུང་དེ་བཞིན་མང་གཙོ་ཡིན་པ་མཚོན་ཐབས་བྱེད་ཀྱི་ཡོད། དཔེར་ན། མང་མོས་ཐག་གཅོད་ལ་བརྟེན་དགོས་པས། ཧུའུ་ལའང་ཁག་མི་འདུག་ཅེས་པ་འདི་རེད། (༢) ཁ་དེ་ལ་གཡར་ནས་གཡོལ་རྐྱང་དང་ཏཱ་ལའི་བླ་མའི་ཚེ་ཚད་ལ་སྒུག་ཐབས་གནང་གི་ཡོད།
༢ ཝང་གིས་བཙན་བྱོལ་བོད་མིའི་ནང་གི་ཤེས་ཡོན་པར་རློམ་མཁན་ཚོའི་གདོང་པར་བལྟས་ནས་བཙན་བྱོལ་བོད་གཞུང་ནི་སྒེར་གཅོད་ཀྱི་གཞུང་ཞིག་ཡིན་པས། ཏཱ་ལའི་བླ་མ་གཅིག་པུས་ག་རེ་ལབ་རྐྱང་ཡིན་པ་བསྒྲུབས་ཟིན་ལ། མ་འོངས་པར་འདི་ནི་བོད་མགོ་གཅོག་བྱེད་ཀྱི་སྒྲུབ་བྱེད་ཅིག་ཅིས་མ་ཡིན་ནམ། དཔེར་ན། བརྒྱ་ཁ་གཅིག་གཅོད་ནི་ཞིང་བྲན་ལམ་ལུགས་བསྐྱར་གསོའི་སྔོན་འགྲོ་ཅིའི་ཕྱིར་མིན་ནམ། ཤེས་ཡོན་པ་ཚོ།
ངས་བལྟས་ན་རྩོམ་པ་པོ་ཁོས་ཚིག་འདི་ཆབ་སྲིད་ཀྱི་ཕྱོགས་ནས་གོ་རྒྱུ་ཁྱད་པར་བ་ཞིག་འདུག་སྙམ། ཁྱེད་ཅག་གི་དཔྱད་གཞིའི་ཚུལ་དུ་ཡང་བསྐྱར་བཀོད་རྒྱུ་ཡིན།
དྲི་བ། བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་ལ་གྲུབ་འབྲས་མ་བྱུང་བའི་ཐད། ྋགོང་ས་མཆོག་དང་བོད་གཞུང་ལ་ནོར་འཁྲུལ་ཅི་ཞིག་ཡོད་པ་དང༌། རྒྱ་ནག་གིས་ཡ་ལན་མི་བྱེད་པའི་རྒྱུ་མཚན་གང་ཡིན། ཁྱོད་རང་སྒེར་ངོས་ནས་འདི་ལ་ཐབས་ལམ་འདྲ་ཡོད་དམ།
ལན། བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་ནོར་འཁྲུལ་ཅི་ཞིག་ཡོད་མེད་དེ་ངས་བཤད་ཆོག་གི་མ་རེད། དེ་ངས་འགན་འཁུར་རྒྱུ་ཞིག་དང་བརྡར་ཤ་གཅོད་རྒྱུ་ཞིག་མ་རེད། ད་ལྟའི་ཀྲུང་གོ་གུང་ཁྲན་ཏང་ནི་སྔོན་ཆད་དང་བསྡུར་ན་འགྱུར་བ་ཆེན་པོ་ཕྱིན་ཡོད། སྔོན་ཆད་ཀྱི་གུང་ཁྲན་ཏང་དེ་སྒེར་བདག་ཅན་ཞིག་རེད། སྒེར་བདག་མགོ་ཁྲིད་ཀྱི་བསམ་བློར་འགྱུར་བ་ཐེབས་པ་ཡིན་ན། ཁོ་ལ་ཐག་གཅོད་ཀྱི་ནུས་པ་ཆ་ཚང་ཡོད། ཚད་ངེས་ཅན་ཞིག་གི་ཐོག་ནས་༧ཏཱ་ལའི་བླ་མའི་དགོངས་པར་ཁོང་དང་ཧུའུ་ཅིན་ཐོ་ངོ་ཐུག་ནས་ཕན་ཚུན་སྐད་ཆ་བཤད་དེ། ཁོང་གཉིས་བར་འགྲིག་འཇགས་ཡོང་བ་ཡིན་ན། གནད་དོན་ཡོངས་ཐག་གིས་གཅོད་ཐུབ་པ་རེད་དགོངས་ཡོད་པ་རེད། འོན་ཀྱང་དོན་དངོས་ཐོག་དེ་འདྲ་མ་རེད། ༧ཏཱ་ལའི་བླ་མས་ཚིག་ཐག་ཆོད་པའི་སྒོ་ནས་སྐད་ཆ་ཚིག་གཅིག་བཤད་ན། བོད་རིགས་ཚང་མས་ངེས་ལེན་བྱེད་ཀྱང༌། ཧུའུ་ཅིན་ཐོ་དེ་འདྲ་མ་རེད། སྔོན་ཆད་མའོ་ཙེ་ཏུང་དང་ཏུན་ཞའོ་ཕེན་གྱི་སྐབས་སུ་དེ་ལྟ་བུའི་ནུས་པ་ཡོད། ད་ལྟའི་གུང་ཁྲན་ཏང་ནི་སྔོན་ཆད་དང་རྩ་བ་ནས་མི་འདྲ། ད་ལྟའི་སྲིད་འཛིན་ཧུའུ་ཅིན་ཐོ་ཡིན་ན་འདྲ་ལ། མ་འོངས་པའི་མགོ་ཁྲིད་རིམ་པ་ཡིན་ནའང་འདྲ། ཁོང་ཚོར་སྔར་གྱི་སྒེར་བདག་སྐབས་ཀྱི་དབང་ཆ་དེ་འདྲ་མེད། ཁོ་ཚོ་ཏང་གི་དོ་དམ་རྩ་འཛུགས་ཀྱི་སྟངས་འཛིན་འོག་ཡོད། མ་གཞི་ཧུའུ་ཅིན་ཐོ་རང་ངོས་ནས་ཀྱང༌། བོད་དོན་ཐག་གཅོད་བྱ་འདོད་མེད་མོད། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང༌། ཏང་གི་དོ་དམ་རྩ་འཛུགས་ཀྱི་ངོས་ནས་གནད་དོན་སེལ་འདོད་མེད་པ་ཡིན་ན། དེ་ལ་ཁོ་རང་གིས་འགྱུར་བ་གཏོང་ཐབས་མེད།
འོ་ལེ་་་་་་་་་་་་་རྒྱ་རྒན་ཁ་བདེ་མགོ་བདེ་ཞིག་རེད་འདུག་ག།།།།།། ང་ཡང་ངོ་རྒོལ་བྱེད་མཁན་ཚོར་ལ་རྒྱབ་སྐྱོར་ཡོད།
ཤུ་རེ་ཁོ་ང་ཡོད་ས་འདིར་ཡོང་རྒྱུ་ན། ང་གོ་པ་ཞིག་ཡོད།
སྐུ་ཞབས་ཝང་ལེ་ཞུང་གཙོས་རྒྱ་ནག་གི་ཉམས་ཞིབ་པ་མང་བོ་ཞིག་གིས་རྒྱལ་བ་རིན་པོ་ཆེ་སྐུ་མ་བཞུགས་པའི་སྐབས་དེར་བོད་ཆོལ་གསུམ་གཅིག་གྱུར་མ་ིཡོང་བའི་བརྡ་ལན་ཞིག་སྤྲད་པ་དེར་ངས་རྩ་བ་ཉིད་ནས་ངོས་ལེན་བྱེད་ཀྱིན་མེད། རྒུ་མཚན་༢༠༠༨་ལོར་བོད་ཆོལ་ཁ་གསུམ་གྱི་ན་གཞོན་གཙོས་བོད་རིགས་ཡོངས་ཀྱིས་ཞི་རྒོལ་བྱས་པ་དེས་བོད་གཅིག་གྱུར་ཡིན་པའི་བརྡ་ལན་གསལ་བོ་ཞིག་བསྟན་ཡོད། ང་རང་ཝང་ལེ་ཞུང་ལ་དོགས་པ་ཡོད། དེ་བས་ཁ་སང་གཡང་མཁོ་རྒྱལ་གཙོས་ན་གཞོན་ཁག་ཅིག་གིས་ངོ་རྒོལ་བྱས་པ་དེརརྗེས་སུ་་ཡི་རངས་ཡོད། གང་ཡིན་ཟེར་ན། ཝང་ལེ་ཞུང་ལ་ཕྱི་བསྐྱོད་ལག་འཁྱེར་རེག་པ་དང་། ཨ་ཅེ་འོད་ཟེར་ལ་ལག་འཁྱེར་མི་རེག་པའི་རྒྱུ་མཚན་ཅི་ཡིན། རྒྱ་ནག་གི་རང་དབང་རྩོམ་པ་པོ་མང་བོ་ཞིག་ཕྱི་ལོགས་སུ་བྲོས་བྱོལ་དུ་ཡོང་དགོས་པ་དང་།
ཝང་ལེ་ཞུང་ཡོང་མི་དགོས་པའི་རྒྱུ་མཚན་ཅི་ཡིན།
འདི་དག་ཚང་མ་ང་ཚོ་དོགས་པ་ཟ་དགོས་པ་ཞིག་རེད།
ཁ་སང་གི་བགྲོ་གླེང་སྐབས་སུ་འདི་ལྟ་བུའི་དྲི་བ་མང་བོ་ཞིག་ལ་ཝང་ལེ་ཞུང་གིས་ལན་མ་བཏབས་པའི་རྒྱུ་མཚན་ཅི་རེད།
བོད་རེ་བས་འཕུང་། རྒྱ་དོགས་པའི་འཕུང་། ཟེར་བའི་ངག་རྒྱུན་གྱི་སྐད་ཆ་དེ་འདི་ན་ཡོངས་སུ་གོ་ལྡོག་འདུག སྐུ་ཞབས་ཝང་ལུའུ་ཤོང་ལགས་རེ་བས་ཕུང་སོང་ལ། བྱེས་སྡོད་བོད་མི་ཚོ་དོགས་པས་འཕུང་ཉེན་འདུག སྐུ་ཞབས་ཝང་ལུ་ཤོང་གི་སྐད་ཆ་ཧ་ཅང་གསལ་བོ་རེད། བོད་པ་ཁོ་ན་ཟེར་གི་མེད། རྒྱ་བོད་མི་རིགས་གཉིས་ཀའི་མི་མ་བསད། ཁྲག་མ་བཞུར་བའི་ཐོག་ནས་འགལ་བ་སེལ་ན་བསམ་ཡོད། ཅེས་བརྗོད་ཡོད་པ་འདི་རེད།
ངས་འདི་ནས་གསལ་བཤད་ཞུ་དགོས་པ་ཞིག་ལ། ཀྲུང་གོའི་ནང་ཁུལ་དུ་རྒྱ་རིགས་ཁྲི་སྟོང་མང་པོས་སྐུ་ཞབས་ཝང་ལི་ཤོང་ལ། རྒྱལ་བཙོང་བ་དང་། ངོ་ལོག་པ། གསང་མྱུལ་བ། ཞེས་སྐྱོན་བརྗོད་དང་ངོ་མཚང་འབྲུ། ཐ་ན་སྐུ་སྲོག་ལ་རྒོལ་བ་སོགས་ཀྱི་ལས་ཀྱང་མང་པོ་བརྩམས་མྱོང་། འོན་ཀྱང་། ཁོ་ནམ་ཡང་སྙིང་སྟོབས་ཞིམ་པ་མེད་པའི་རྩོམ་པ་པོ་ཞིག་དང་། མངོན་ལྐོག་ཕྱོགས་ལྷུང་བྲལ་བའི་བསམ་བློ་བ་ཞིག་ཏུ་འདོད་ཡོད།
ཁོས་བཤད་སྟངས་ལྟར་ན། ཧ་ལམ་ཁོ་རང་གིས་འོད་ཟེར་བསྐྱེད་བསྲིངས་བྱས་པ་ལྟ་བུ་ཞིག་འདུག་པས། རྒྱ་གཞུང་གིས་ཁོ་རང་ལ༼ངན་བསྐུལ་བྱེད་མཁན་གྱི་ཞྭ་མོ་བསྐོན༽རྒྱུ་ཕར་ཞོག་དེའི་ཚབ་ཏུ་འོད་ཟེར་གྱིས་གྱོང་འཁུར་བཞིན་པས། སུས་འདིར་འགྲེལ་བཤད་རྒྱག་ཐུབ་ཀྱི་འདུག་གམ། གཞན་དེ་ཏཱ་ལའི་བླ་མས ༼་གལ་སྲིད་ཁྱེད་གསང་མྱུལ་བ་ཡིན་ན། ཁྱེད་ལྟ་བུ་ག་ཚད་ཡོང་ན་ང་ཚོས་དགའ་བསུ་ཡོད་ཞུ་ངེས་ཡིན་༽ཞེས་པ་མ་ཡིན་ནམ། འདིའི་ཡིན་མིན་ཐག་མ་བཅད་པར་བརྟག་གཞི་ཞིག་བཞག་ཡོད་པ་མ་ཡིན་ནམ།
ངོ་རྒོལ་བྱས་པ་འགྲིག་ཤག འདི་འདྲ་བཤད་མི་ཤེས་པའི་མི་ཞིག་འདི་ལྟར་ཡོང་སྲིད་ཀྱི་མ་རེད། གལ་སྲིད་དེ་ལྟ་མིན་ན། འོད་ཟེར་ག་རེ་བྱས་ནས་ཁོ་དང་མཉམ་དུ་ཡོང་ཐུབ་ཀྱི་མེད་པ་རེད་དམ། རྒྱ་ནག་གཞུང་གིས་ནང་ཚང་གཅིག་ལ་ལྟ་སྟངས་གཉིས་བྱུང་དོན་གང་རེད་དམ།
ད་ཐེངས་བོད་མི་ཁ་ཤས་ཀྱིས་ཁོ་ལ་ངོ་རྒོལ་བྱས་པ་འདི་ནོར་འཁྲུལ་ཆེན་པོ་ཞིག་རེད། སྤྱིར་སྟངས་ཕྲན་ཡང་རྒྱ་རྒན་འདིའི་ཁ་ཕྱོགས་ལ་མི་འཐད་ཀྱང་། ད་ཐེངས་ངོ་རྒོལ་བྱེད་པ་འདི་རྒྱ་སྤྱིའི་མཐོང་སྣང་ལ་མི་མཛེས་པ་ཞིག་རེད།
ངས་བལྟས་ན་ཝང་ལི་ཞུང་གིས་རྗོད་བཞིན་པ་དེ་དག་དངོས་ཡོད་གནས་ཚུལ་དང་། ལྷད་མེད་པའི་སེམས་གཏམ་ཤ་སྟག་རེད་བསམ་ལ། ལྷག་པར་དུ་
༼དྲི་བ། མ་འོངས་པར་བོད་རིགས་བརྒྱ་ཆ་ ༩༠ ཡིས་བོད་རང་བཙན་ཐོག་རྒྱབ་སྐྱོར་བྱས་པ་ཡིན་ན། སྐུ་ཉིད་ལ་བོད་དོན་ཐད་ལངས་ཕྱོགས་དང་འཆར་སྣང་གང་འདྲ་ཞིག་ཡོང་སྲིད་དམ།
ལན། བོད་མི་ཚོར་རང་བཙན་རྩོད་པའི་ཐབས་ལམ་ཡག་པོ་ཞིག་ཡོད་ན་དགག་བྱ་མེད། འོན་ཀྱང༌། ཐབས་ལམ་གང་འདྲ་ཞིག་གི་ཐོག་ནས་བོད་རང་བཙན་རྩོད་རྒྱུ་ཡིན་དེ་ལ་བསམ་བློ་ཞིབ་ཏུ་གཏོང་དགོས། དེང་སྐབས་༧ཏཱ་ལའི་བླ་མ་སྐུ་བཞུགས་རིང་ཁོང་གིས་ལས་དོན་གང་ཞིག་བརྩམས་ཀྱང༌། བོད་ཡོངས་རྒྱག་གཅིག་མཆོང་གཅིག་རེད། འོན་ཀྱང༌། ༧ཏཱ་ལའི་བླ་མ་སྐུ་མ་བཞུགས་པའི་སྐབས་ཤིག་ལ། བོད་རིགས་ཡོངས་ཀྱི་དམིགས་ཡུལ་རྩ་དོན་འཐབ་རྩོད་དང༌། ལངས་ཕྱོགས་རང་བཙན་གཙང་མ་ཆགས་ཀྱང༌། རང་བཙན་རྩོད་ཕྱོགས་ཀྱི་ཐབས་ལམ་སྣ་ཚོགས་ཡོང་སྲིད་ལ། དེ་ལ་བརྟེན་ནས་ནང་ཁུལ་དུ་གནས་ཚུལ་འདྲ་མིན་ཞིག་ཡོང་ངེས་ཡིན། ངས་འདི་ལྟར་བཤད་དོན་སྐབས་དེར་བོད་བཙན་བྱོལ་གཞུང་འཐོར་རྒྱུ་རེད་ཟེར་གི་མེད། ད་ལྟ་ནས་གྲ་སྒྲིག་དགོས་པ་རེད་ཟེར་ནས་དྲན་བསྐུལ་གཏོང་གིན་ཡོད། འོན་ཀྱང༌། ནུབ་ཕྱོགས་ལ་མིག་དཔེར་བལྟས་ཏེ་ཆབ་སྲིད་ཚོགས་པ་མང་པོའི་འགྲན་རྩོད་ཁྲོད་གཞུང་འཛིན་པ་དེ་བོད་པར་འོས་འཚམ་མ་རེད་སྙམ་ཡོད།
༽ ང་ཚོར་མགོ་སྐོར་གཏོང་བྱེད་ཅིག་མིན་པར་གཞོན་ནུ་ཚོགས་པའམ། ཡང་ན་ད་ལྟའི་བོད་གཞུང་གི་སྲིད་བྱུས་ལ་དུས་ནམ་ཡང་སྐྱོན་སྒྲོག་པའི་ཆབ་སྲིད་པ་ཚོས་ཁ་གཡང་ཙམ་མིན་པའི་རིགས་ལམ་ཞིག་འཚོལ་དགོས་པ་ཚོར་སོང་།
མི་སྒེར་ངོས་ནས་ལྟ་ཚུལ་མཐོང་ཚུལ་མ་་འདྲ་བ་ཡོད་ཀྱང་
བོད་བཞུང་གི་ངོ་ནས་
རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོངལ་
ངོས་འཛིན་ག་འདྲ་ཡོད་དམ་།
བྱ་མ་དཀྲོགས་སྒོ་ང་ལེན་ཐབས་བྱས་ན་འདི་འདྲའི་གནད་འགག་ཆེན་པོའི་རིགས་མང་པོ་ཞིག་གོ་རྒྱུ་ཡོད་པ་རེད།