རྒྱ་གཞུང་གིས། ཁམས་དཀར་མཛེས་ས་ཁུལ་གྱི་ས་ཆ་ཁག་ཅིག་ཏུ་༧གོང་ས་མཆོག་གི་སྐུ་པར་གཤམ་དགོས་པའི་བཀའ་ཁྱབ་བཏང་འདུག་ཟེར།
༡༩༨༧ ལོར་ལྷ་ས་རུ་ངོ་རྒོལ་སྒེར་ལངས་བྱུང་བ་ནས་བཟུང་རྒྱ་གཞུང་གིས། མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དང་སློབ་གྲྭ ལས་ཁུངས། དེ་མིན་གྲོང་སྡེ་དང་རང་ཁྱིམ་སོགས་སུ་༧གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པའི་བཀའ་རྒྱ་བཏང་སྟེ་དམ་དྲག་ཤུགས་ཆེར་བྱས་ཡོད་པ་དང་། དགོན་སྡེ་དང་ཁྱིམ་ཚང་ནང་གི་སྐུ་པར་ཡོད་ཚད་བསྡུ་རུབ་བྱས་ཏེ་མེར་བསྲེགས་བཏང་ཡོད་ཀྱང་། ཉེ་བའི་བདུན་ཕྲག་འདིའི་ནང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་མགོ་དང་ཏྲེ་ཧོར་ས་ཁུལ་དུ་ས་གནས་གནད་ཡོད་ལས་བྱེད་མི་སྣས་༧གོང་ས་མཆོག་གི་སྐུ་པར་བཤམ་ཆོག་པའི་བཀའ་ཁྱབ་བཏང་ཡོད་འདུག
འདི་གའི་གསར་འགོད་པས་ཁ་པར་བརྒྱུད་གནས་ཚུལ་འདི་མཁོ་གཏོང་བྱེད་མཁན་ཕ་ཡུལ་དཀར་མཛེས་བྲག་མགོ་ནས་ཡིན་ཞིང། ད་ལྟ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་འཕགས་པ་ལགས་སུ་བཀའ་འདྲི་བྱས་པར། ཁོང་གིས། ཉིན་ཞག་གཉིས་ཡར་སྔོན་དུ་ངས་ཕ་ཡུལ་ལ་འབྲེལ་བ་བྱས་པར། ཉེ་ཆར་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བྲག་མགོ་རྫོང་དང་ཏྲེ་ཧོར་ས་ཁུལ་གྱི་རྒྱ་མིའི་གནད་ཡོད་ལས་བྱེད་མི་སྣ་འགའ་སླེབས་ཏེ་ས་གནས་མི་དམངས་ལ་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམ་མི་ཆོག་པའི་ཐད་གཞུང་ཕྱོགས་ནས་དགག་ལན་ཅི་ཡང་མེད་པས་ཁྱེད་ཚོར་ཆོས་དད་རང་མོས་ཡོད་པ་དང་། ༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་རྩ་བའི་བླ་མ་ཡིན་པ། ཁོང་ཉིད་འཛམ་གླིང་ནང་སྙན་གྲགས་ཅན་གྱི་མི་སྣ་ཞིག་ཡིན་ཚུལ་སོགས་བརྗོད་དེ་མི་མང་ལ་དེང་ཕྱིན་ཆད་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམ་ཆོག་གི་ཡོད། ཅེས་མི་མང་ལ་འགྲེལ་བརྗོད་གནང་ཡོད་འདུག ཡིན་ནའང། མི་མང་ངོས་ནས་ལོ་སྔོན་མའི་སྤྱི་ཟླ་གསུམ་པའི་དོན་རྐྱེན་ནས་བཟུང་རྒྱ་གཞུང་གིས་བྲག་མགོ་དང་ཏྲེ་ཧོར་ས་ཁུལ་གྱི་དགོན་སྡེ་ཁག་དང་གྲོང་སྡེ་ཁག་ནས་༧གོང་ས་མཆོག་གི་སྐུ་པར་རྙིང་བ་སོགས་སྐུ་པར་ཁུག་མ་ ༡༨ ལྷག་བཙན་གྱིས་བསྡུ་རུབ་བྱས་ཡོད་པ་རེད། གནས་ཚུལ་འདི་ཡང་གཞུང་ཕྱོགས་ནས་བཀའ་རྒྱ་བཏང་བ་ཞིག་མིན་པར་གློ་བུར་རྫོང་རང་གི་གཞུང་འཛིན་མི་སྣས་བཀའ་ཁྱབ་བཏང་བ་ཞིག་ཡིན་སྟབས། འདི་ནི་རྒྱ་ནག་གཞུང་གི་མགོ་སྐོར་དང་གཡོ་ཐབས་ཤིག་ཡིན་པར་ངོས་འཛིན་བྱས་ཏེ་ད་ལྟའི་ཆར་སྐུ་པར་བཤམ་རྒྱུའི་ཐད་ཐེ་ཚོམ་གྱི་གནས་སུ་ལྷག་ཡོད་འདུག་ལ། སྐུ་པར་བཤམ་པའི་སྐོར་གྱི་གནས་ཚུལ་ཅི་ཡང་ཐོས་མ་བྱུང་། ཅེས་བརྗོད་བྱུང་།
དེ་བཞིན། གསར་འགོད་པས་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་ལགས་སུ་གནས་ཚུལ་འདིའི་ཐད་བཙན་བྱོལ་བོད་གཞུང་གི་དགོངས་ཚུལ་གང་འདྲ་ཡོད་མེད་བཀའ་འདྲི་ཞུས་པར། ཁོང་གིས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་པར་བཤམ་ཆོག་པར་བཤད་པ་འདི་དངོས་གནས་བོད་མིའི་རེ་འདོད་འགྲུབ་རྒྱུའི་ཐད་བསམ་བློ་བཏང་བ་ཞིག་ཡིན་ན། ཡག་པོ་རེད་ལ་དགོས་པ་དང་རན་པ་ཞིག་ཀྱང་རེད། ཕྱོགས་གཞན་ཞིག་ནས་འདིས་རྒྱ་ནག་དེ་རྒྱལ་སྤྱིའི་མཐོང་སྣང་དང་ཕྱོགས་གང་ནས་ཀྱང་ཁོང་ཚོར་ཡང་ཁེ་ཕན་ཡོད་པ་ཞིག་རེད། གང་ཡིན་ཞེ་ན། འཛམ་གླིང་གི་རྒྱལ་ཁབ་གང་ཡིན་ཡང་རྒྱ་ནག་གིས་༧གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པ་དང་། བཀའ་སློབ་ལ་ཉན་མི་ཆོག་པ་དེ་རྒྱ་ནག་ཁོ་རང་རྒྱལ་སྤྱིའི་ནང་སྟོབས་འབྱོར་དང་མངའ་ཐང་གང་འདྲ་ཞིག་རྒྱས་པ་ཡིན་ཡང། དེ་ནུས་མེད་དུ་གཏོང་བའི་རྒྱུ་རྐྱེན་ཞིག་རེད། གལ་སྲིད། གནས་ཚུལ་འདི་དངོས་ཡོད་ཞིག་ཡིན་ཚེ་དེ་བོད་མི་རིགས་ཀྱི་འདོད་བློ་དང་མཐུན་པ་མ་ཟད། རྒྱ་ནག་རྒྱལ་ཁབ་ཀྱི་མཚན་མཐོང་གོང་མཐོར་འགྲོ་བར་ཕན་པ་ཆེན་པོ་ཡོད་པ་རེད། སྤྱིར་འཛམ་གླིང་གི་སྲིད་བྱུས་དང་ལྷག་པར་རྒྱ་ནག་སྒེར་འཛིན་སྲིད་བྱུས་དེ་འགྱུར་འགྲོས་ཧ་ཅང་ཆེ་བ་ཞིག་ཡིན་སྟབས། བྱེད་ཐབས་འདི་ཡུན་གནས་དང་རྒྱབ་ལྗོངས་གང་འདྲ་ཞིག་ཡིན་མིན་བཤད་ཁག་པོ་རེད། རྒྱ་ནག་གི་སྲིད་བྱུས་ཁག་ཅིག་བོད་མི་ཚོར་དངོས་སུ་སྡུག་པོ་གཏོང་ཆེད་འཇམ་རྩུབ་གཉིས་ཀྱི་ཐབས་ལམ་སྤྱད་དེ། བོད་མི་རིགས་ཀྱི་ལངས་ཕྱོགས་དང་ལྟ་བ། བདེན་དོན། ཤ་ཞེན་སོགས་རྩ་མེད་ལ་གཏོང་བའི་ཐད་ཐབས་འདྲ་མིན་བཀོལ་བཞིན་ཡོད་པ་རེད། དེ་བས། གནས་ཚུལ་འདི་ཡང་འདི་འདྲ་ཞིག་ཡིན་ཅེས་བཤད་དཀའ་བ་ཞིག་རེད། གལ་སྲིད་དངོས་གནས་བོད་མིར་བསམ་བློ་བཏང་བའི་བྱེད་ཐབས་ཤིག་ཡིན་ན་ཡག་པོ་རེད། ཅེས་གསུངས་སོང།
ཧ་ཧ་ཧ་་དྲ་གྲོགས་ཚོ་ཡིད་ཆེས་རྩ་བ་ནས་མ་བྱེད་གཡོ་རྒྱུ་ཞིག་ཡིན་རྒྱུ་རེད་སྔོན་ནས་ད་བར་མགོ་བསྐོར་དང་སླུ་འཁྲིད་བྱེད་ཡོད་མ་བརྗེད་རོགས།།
ད་ཡང་ཅི་ཞིོག་འཁྲབ་ཡོང་བླ་མ་མཁྱེན།
༸གོང་ས་མཆོག་གི་སྐུ་པར་རིན་པོ་བོད་མིའི་ཁང་པའི་ནང་དུ་བཤམ་མཆོག་ཅེས་ལབ་པ་དེ་དངོས་གནས་ཡག་པོ་རེད། ད་ཆ་རྒྱ་མིས་༸ སྐྱབས་མགོན་ཏ་ལའི་བླ་མའི་མཚན་གནས་ལ་ཆེ་མཐོང་མི་མེད་ཀ་མེད་ཀྱི་དུས་སྐབས་ཤིག་ཤར་གི་ཡོད་པ་གསལ་པོ་རེད།
ཆབ་སྲིད་ཀྱི་ཐབས་བྱུས་གང་ཞིག་བཟུང་ཡོད་མེད་ལ་མ་བལྟོས་པར་ང་ཚོས་ཀྱང་དེ་ལ་དགའ་བ་བསྒོམས་ཏེ་སྐུ་ཚེ་ཞབས་པད་བརྟན་ཕྱིར་དད་འདུན་མངོན་སུམ་དུ་བྱེད་ཐུབ་པ་དགོས།
བོད་ལ་༧གོང་ས་མཆོག་གི་སྐུ་པར་བཤམ་ཆོག་པའི་བཀའ་རྒྱ་བཏང་བ་འདི་རྒྱ་མིའི་གཞུང་ནས་སྲིད་དོན་ཞིག་རེད་དྲན་གྱི་འདུག་ང་རང་ཧང་སང་སོང་
དིང་རི་མཚོ་སྒོ་བ་འཇམ་དཔལ་ནས
བོད་ལ་༧གོང་ས་མཆོག་གི་སྐུ་པར་བཤམ་ཆོག་པའི་བཀའ་རྒྱ་བཏང་བ་འདི་རྒྱ་མིའི་སྲིད་དོན་ཞིག་རེད་དྲན་གྱི་འདུག་ང་རང་ཧང་སོང་
དིང་རི་མཚོ་སྒོ་བ་འཇམ་དཔལ་ནས
༧གོང་ས་མཆོག་གི་སྐུ་པར་གཤམ་ཆོག་ཟེར་བ་ཙམ་ལ་ཧ་ཅང་ཡ་མཚན་དགོས་དོན་ཡོད་མ་རེད། འོན་ཀྱང་སྐབས་རེ་གཤམ་ཆོག་ཟེར་བ་དང་། ཡང་སྐབས་རེ་གཤམ་མི་ཆོག་ཟེར་བ་དེ། བོད་མི་རྣམས་རྒྱལ་བ་རིན་པོ་ཆེ་ལ་དད་འདུན་འགྱུར་བ་མེད་པ་ཞིག་ཡོད་པ་དེ་ཤེས་ཀྱི་ཡོད་པའི་རྟགས་མཚན་ཅིག་རེད། དེ་འདྲ་ཡིན་དུས་འདིའང་གཞིས་ལུས་སྤུན་ཟླ་ཚོའི་གཟི་བརྗིད་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད།
ཡང་ཇུས་ངན་ཞིག་སྤེལ་འདུག། ངོ་མ་རྒྱ་ནག་འདི་གཡོ་རྒྱུས་ལ་མཁས་ཐག་ཆོད་
འདུག་ག།
དེ་འདྲ་ཞིག་ཡིན་པའི་སྨོན་ལམ་འདེབས། རྒྱབ་ཏུ་ཆབ་སྲིད་ཡིན་དང་མིན་ཐེ་ཚོམས་མི་དགོས་པ་རེད། ཉན་ཉན་ལྟས་ལྟས་བཞུགས་ཨ། དེ་མིན་ན་རང་གཞུང་ཆོས་རིགས་བཀའ་བློན་གྱིས་བསྟན་དོན་ལྟར་འཐད་ལྡན་དུ་ངེས། དབུས་ནས་དེང་སེང་པོ་ལན་སོགས་ཀྱི་ཐོག་ཏུ་མགྲིན་ཚབ་པ་ཡིན་ཟེར་བའིཁྱི་ཕྲུག་ཁ་ཤས་ཟུག་ཟུག་པར་ཡོད་ཤག་རེད་ཤ
ཨ་ཡ་ཡ། ཡང་རྒྱ་ནག་གིས་ཆབ་སྲིད་ཅིག་ཁྲབ་ཀི་ཡོད་རྒྱུ་རེད། རྒྱ་ནག་གཞུང་འཛིན་མི་སྣ་འདི་ཚོ་ངོ་མ་དགད་མོ་ཤོར་ས་རང་རེད། འདི་ནི་བྱིས་པའི་རྩེ་མོ་ནི་མ་རེད། ང་ནི་རྦད་དེ་ཉོབ་སོང་། ཆབ་སྲིད་དེའི་ཕ་ཕྱོགས་ན་ཡང་བོད་མི་མང་བོ་ཞིག་གི་ཚེ་སྲོག་མེད་ན་དྲག་གི དཀོན་མཚོག་མཁྱེན། ངའི་གཞེས་ལུས་སྤུན་ཟླ་འདི་ཚོས་མ་ཤི་དམྱལ་བ་རིག་གི་འདུག་
གོང་དུ་ཕྱི་ལོ་་1887 ལོར་ལྷ་སར་ཞི་རྒོལ་བྱུང་ཞེས་པ་ཕྱི་ལོ་ 1987 ལོ་དང་ནོར་མ་མིན་ནམ་གང་ལྟར་ད་དུང་ཡང་གསལ་བཤད་མི་གནང་བ་ཁྱད་མཚར།
༡༨༨༧ ཞེས་བྲིས་པའི་ལོ་ཚིགས་དེ་ནོར་བ་རེད་འདུག་ཀྱང་ད་དུང་ཡང་ནོར་བཅོས་བྱས་མི་འདུག
ང་ཚོས་གོང་གསལ་གྱི་གནས་ཚུལ་དེའི་ཐད་ད་དུང་ཞིབ་འཇུག་དང་དོ་སྣང་བྱ་དགོས་པ་མཐོང་གི་འདུག གང་ཡིན་ཟེར་ན་རྒྱ་ནག་གཞུང་ཕྱོགས་ནས་ད་ལྟ་༸གོང་ས་མཆོག་གིས་་བཀའ་སློབ་ཚིག་གཅིག་གནང་ནའང་དེར་ལེ་་བཏགས་ནས་བསྙོན་འཛུགས་འདྲ་མིན་བྱེད་ཀྱི་ཡོད་པ་དང། ཁོང་གི་མཚན་ནས་འབོེད་པ་ཙམ་དང་ཁོང་གི་མཇལ་ཁ་ཞུས་པ་་ཙམ་གྱིས་དུས་བཀག་བཙོན་བཅུག་མཐོ་པོ་བཏང་སྟེ་དེ་ནི་ཕྱི་རྒྱལ་ཁ་བྲལ་རིང་ལུགས་པར་འབྲེལ་བ་བྱེད་པའི་ཉེས་འཛུགས་ཕོག་པའི་བོད་་མི་ཉེས་མེད་མང་པོ་བཙོན་དུ་བཙོན་བཅུག་བྱ་བཞིན་ཡོད། གནས་སྟངས་དེ་འདྲ་ཞིག་གི་འོག་ཏུ་སྐུ་དཔར་སྒྲིག་གཤོམས་བྱ་ཆོག་པ་ཟེར་བ་དེ་ནི་ས་གནས་ཀྱི་བོད་རིགས་ལས་བྱེད་པ་རེ་ཟུང་ངམ་གྲོང་སྡེའི་ལས་བྱེད་རེ་ཟུང་གིས་གནས་སྐབས་རང་ཁ་འོག་གི་ཡུལ་མི་རྣམས་ནས་ངོ་རྒོལ་མི་ཡོང་བའི་ཆེད་ཁྱིམ་དུ་སྐུ་དཔར་བསྒྲིགས་ཏེ་ངོ་རྒོལ་ཡོང་རྒྱུར་གདོང་ལེན་བྱ་ཐབས་ཀྱི་ཐབས་བྱུས་ཤིག་ཡིན་པ་གཏན་འཁེལ་ཡོད་ལ། དེ་ནི་བྲག་འགོ་རྫོང་་རིམ་པའི་གནས་ཚུལ་ཞིག་མ་ཡིན་པར་ཏན་ཏན་ས་གནས་གྲོང་ཚོ་ཆུང་ངུའི་འགོ་ཁྲིད་ཆུང་གྲས་ཀྱིས་འཕྲལ་སེལ་གྱི་དཀའ་ངལ་ལ་གདོང་ལེན་ལས་གཡོལ་ཐབས་ཆེད་གཞུང་གི་སྲིད་བྱུས་ཐོག་མེད་པའི་ཐབས་ལམ་ཞིག་འཚལ་བར་ཡིད་ཆེས་བྱ་ཆོག གལ་སྲིད་དེ་རྒྱ་ནག་གཞུང་ཕྱོགས་ཀྱིས་སྲིད་་བྱུས་ཤིག་ཡིན་ཚེ་ཁོང་ཚོས་ཏན་ཏན་དེ་་གཞུང་འབྲེལ་གྱི་གསལ་བསྒྲགས་ཤིག་ངེས་པར་བྱ་སྲིད་ལ། དཀར་མཛེས་ས་ཁུལ་ཁོངས་སུ་རྫོང་ཁག་བཅོ་བརྒྱད་ལྷག་ཡོད་པའི་ཁྲོད་ནས་རྫོང་ཁག་བརྒྱད་ནང་ན་ནིང་ལོར་བསྟུད་མར་ངོ་རྒོལ་ཤུགས་ཆེ་བྱུང་་སྟབས་རྫོང་གཞན་པའི་ནང་གནས་ཚུལ་དེ་འདྲ་ཐོས་རྒྱུ་མེད་པ་དེ་ཡ་མཚན་བྱ་དགོས་པ་ཞིག་རེད། ང་ཚོས་འདས་པའི་ལོ་ཉི་ཤུ་མ་ཟིན་ཙམ་གྱི་གནས་ཚུལ་ལ་ཕྱི་བལྟས་བྱས་ཚེ་རྒྱ་ནག་གཞུང་ཕྱོགས་ནས་ནང་དོན་གྱི་ཚོགས་འདུ་ཁག་ཅིག་ནང་ཏཱ་ལའི་བླ་མར་ད་ཕྱིན་ཏཱ་ལའི་རུ་ཚོགས་འབོད་་མི་ཆོག་ཟེར་བ་དང་།་ སྐུ་དཔར་ཕྱིར་བསྡུ་བྱ་རྒྱུ་མང་ཚོགས་ཁྲོད་མཚམས་འཇོག་ལྟ་བུ་བྱས་པའི་གནས་ཚུལ་ཐོན་ཡོད། འོན་ཏེ་གཞུང་གི་དངོས་སུ་སྲིད་བྱུས་འཛིན་ཕྱོགས་ཐད་ནས་༸གོང་ས་མཆོག་གི་དགྲ་དང་ལངས་ཕྱོགས་བར་གྱི་འགལ་ཟླར་ད་བར་ངོས་འཛིན་བྱས་ཏེ་དངོས་སུ་ལག་བསྟར་བྱེད་པའི་སྲིད་བྱུས་ནང་རྩ་བ་ནས་དོན་ཐོག་ཏུ་འཁྱོལ་མེད་པས་སྐུ་དཔར་བསྒྲིག་གཤོམས་བྱ་ཆོག་པའི་གསལ་བསྒྲགས་བྱས་སོང་ཟེར་བ་དེ་གཞུང་གི་སྲིད་བྱུས་ཤིག་མིན་པར་ས་གནས་འགོ་ཁྲིད་འགའ་རེས་མང་ཚོགས་ལ་སློབ་གསོའི་ཐབས་བྱུས་སུ་བེད་སྤྱོད་བྱས་པ་ ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ནམ་ཡིན་ཡང་དེ་ལྟར་བྱ་མ་སྲིད་པར་ང་ཚོས་ཡིད་ཆེས་བྱ་ཆོག གལ་ཏེ་སྐུ་དཔར་བསྒྲིག་གཤོམ་བྱ་ཆོག་གི་ཡོད་ཚེ་བཀའ་སློབ་ཉན་མི་ཆོག་པ་ཡོང་མི་སྲིད་པས་ངེས་པར་རིགས་པ་དྭངས་གསལ་གྱི་ཐོག་ནས་ཞིབ་འཇུག་བྱ་དགོས་པ་ལས་བསྟོད་རྒྱུ་སྔ་དྲག་ན་ཕན་ ཐོགས་མེད་པ་ཞིག་ཆགས་སྲིད།།
མ་མཐའ་ཡང་ས་གནས་གང་དང་གང་དུ་ལས་བྱེད་པ་སུ་དང་སུས་དེ་འདྲ་ལབ་འདུག ལས་བྱེད་པ་དེ་ལ་གོ་གནས་ག་རེ་འདུག སྐད་ཆ་དེས་རྒྱ་དམར་གཞུང་གི་ལངས་ཕྱོགས་ཀྱི་ཚབ་བྱེད་ཐུབ་པ་འདུག་གམ་སོགས་ཀྱི་སྐོར་ལ་བསམ་གཞིག་བྱས་ནས་སྐད་ཆ་ཤོད་རོགས། དེ་ལྟར་མིན་ན་བོད་མི་འདི་ཚོ་མགོ་སྐོར་འོག་ཏུ་ཐེབས་སླ་གཤིས་ཕ་མགོ་བུ་ཡིས་གཡོགས། བུ་མགོ་དགྲ་ཡིས་གཡོགས། དགྲ་མགོ་འདྲེ་ཡིས་གཡོགས་ཞེས་པ་དེར་འགྱུར་བའི་ཉེན་ཁ་ཆེན་པོ་རེད།
སྐུ་མཁྱེན། དེ་འདྲའི་ཁུངས་མེད་ཀྱི་སྐད་ཆ་དེ་ཚོ་འགོད་དགོས་ན་རང་རང་གི་ཟིན་བྲིས་ལ་འགོད་རོགས། གལ་སྲིད་རྒྱ་དམར་གྱི་གཞུང་དང་འབྲེལ་ཡོད་ཀྱི་ལས་འགུལ་ཞིག་ཡིན་ན་གཞུང་འབྲེལ་གྱི་ཚགས་པར་ཡང་ཡིག་ཆ་ནང་དུ་ཡོད་ན་མ་གཏོགས་ས་ཁུལ་ཁུག་ཀྱོག་ཅིག་ཏུ་ལས་བྱེད་རེ་ཟུང་རེས་དེ་ལྟར་ལབ་པ་ཙམ་གྱིས་རྒྱ་དམར་གཞུང་གི་ལངས་ཕྱོགས་གང་ཡང་མཚོན་ཐུབ་ཀྱིན་མེད་པ་རེད། ཅུང་ཟད་བསམ་ཤེས་མཁན་ཞིག་ཡིན་ན་གནད་འགག་ཆེར་མེད་ཀྱང་མི་མང་འདི་འགྲོག་ལངས་རྒྱུར་དགའ་བས་ཡག་པོ་མེད་པ་རེད། སྐུ་མཁྱེན། ཚགས་པར་བཟོ་མཁན་ཚོས་དོན་གནད་ཧ་ཅང་ཆུང་ཚགས་དང་དཔང་རྟགས་ཁུངས་ལུང་མེད་པའི་རིགས་དེ་འདྲ་འདིར་མ་འགོད་རོགས་ཀྱིས། བརྟན་བརླིངས་ཡོད་པ་མཛད་རོགས། ཁུངས་ལུང་ཡོད་པ་མཛད་རོགས།
བོད་མི་མང་གིས་འདི་ཕྱི་ག་གཉིས་ཀྱི་སྐྱབས་གནས་༧གོང་ས་མཆོག་གི་སྐུ་དཔར་གཤམ་ཆོག་ཟེར་བ་འདི་ནི་དམིགས་བསལ་གྱིས་རྒྱ་དགའ་ནས་བོད་ལ་ཐིག་པ་བསྐོལ་མི་སྲིད་པ་སེམས་སུ་འཛིན་རན་ཡིན་ལ་བོད་ནང་གི་བོད་མི་དག་ལ་རྒྱ་ནག་སྲིད་གཞུང་གིས་གཡོ་ཅུས་གསར་བ་ཞིག་གིས་མགོ་བརྩམ་པ་ངོ་སྤྲོད་བྱེད་མ་ཐུབ་ཀྱང་། རྒྱ་ནག་པོའི་གཡོ་འོག་ནས་རང་གི་མི་རིགས་འདི་ཉིད་ཕམ་ཏུ་མི་འཇུག་པར་ནང་མི་ནས་ཉེ་རིང་སྤུན་གྲོགས་དག་བརྒྱུད་དེ་གླེང་བ་ཡིན་ན་དངོས་ནས་ཡག་པོ་འདུག དེ་མིན་ད་ཡང་རྒྱ་ནག་འདི་བ་ཚང་གིས་བོད་ནང་ནས་ཀུ་རེ་གསར་བ་ཞིག་གི་མགོ་བཙུགས་པ་རེད།
གནས་ཚུལ་འདི་བདེན་པ་ཡིན་ན་བྱས་ཉེས་ཡོད་ཚད་ས་གནས་སྲིད་གཞུང་གི་མགོ་ལ་གཡུག་པ་ཙམ་གྱིས་མི་ཆོག་པར་མགོ་ཀྲུང་དབྱང་ནས་ཞང་སྲིད་གཞུང་བར་གྱིས་ད་ལྟའི་བར་དུ་༧གོང་ས་ཏཱ་ལའི་བླ་མར་བསྐུར་འདེབས་དང་མཚན་སྨད་ཞུས་བ་དག་ལ་དགོངས་སེལ་ཞུ་དགོས་བ་མ་ཟད། ནག་ཉེས་ཅི་ཡང་མེད་པར་ཏཱ་ལའི་བླ་མའི་སྐུ་པར་བཤམས་པ་ཙམ་ལ་ཡང་ཉེས་ཁྲིམས་བཅད་པའི་བོད་རིགས་བཙོན་པ་རྣམས་ལ་དཀར་འདོན་བྱེད་དགོས་མོད། བདག་གི་ཚོད་དཔག་ལྟར་ན་གཡོ་འཁྲུལ་འདིའི་རྒྱབ་ལྗོངས་ན་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་བའི་ཡང་སྲིད་ཀྱི་བདག་དབང་རྩོད་རྒྱུའི་འཆར་གཞི་ལས་ཅི་ཡང་མ་མཐོང་། འདས་བའི་ལོ་ངོ་ལྔ་བཅུའི་རིང་ལ་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། རང་བྱུང་ཐོན་བསྐྱེད་དང་འཁོར་ཡུག འབ་འབུ་ཙག་ཙིག་ཚུད་པའི་ལོ་རྒྱུས་ལ་བཙན་འཛུལ་དང་གས་ཆགས་སུ་བཏང་ཡོད་སྟབས། ད་བོད་ལ་གཅིག་ལྷག་པ་ནི་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཁོང་དང་ཁོང་གི་འོད་སྟོང་འབར་བའི་ངོ་མཚར་གྱི་ལོ་རྒྱུས་རིང་མོ་དེ་ཡིན་སྟབས། ད་ལྟ་ནས་རྒྱ་ནག་གིས་བྱིས་བའི་རྩེད་མོ་ལྟ་བའི་ཆབ་སྲིད་ཞིག་མ་འཁྲབ་ན་རྗེས་ཕྱོགས་༧ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་དང་ལོ་རྒྱུས་རྫུན་མ་བཙན་སྒྲིག་བྱེད་སྐབས་ནང་གི་བོད་མིས་དད་གུས་ཆེ་ཤོས་བྱེད་སའི་སྐུ་ཕྲེང་ཞིག་ཕྱིར་འཐེན་བྱེད་ས་མི་འགྲོ་བས། རྒྱ་ནག་གིས་ཧ་ཅང་གྲུང་མདོག་བསྟན་པ་མ་ཡིན་ནམ། ཕྱོགས་གཞན་ཞིག་ནས་ལྟོས་ན་འདི་ནི་རྒྱ་ནག་གིས་ད་ལྟའི་བར་༧གོང་ས་མཆོག་གི་སྐུ་ཚེ་ལ་ཚོད་རྩིས་རྒྱབ་ནས་བསྡད་པ་ལམ་ལྷུང་མ་བྱུང་བས་ད་འཆར་གཞི་གཞན་ཞིག་འཚོལ་བཞིན་པའི་རྟགས་ཀྱང་ཡིན་སྲིད།
རྒྱལ་གཞུང་གིས་རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་ཇི་ལྟར་ཡིན་ཡང་། དེའི་རང་བཞིན་ནི་བཟང་པོ་ཞིག་པོ་ཞིག་དང་། མ་འོངས་བོད་རྒྱ་གཉིས་ཀྱི་འབྲེལ་བར་ཡང་ཕན་ཐོག་ངེས་ཅན་ཡོང་བའི་རེ་སྨོན་ཡོད།
གཞིས་ལུས་བོད་མི་རྣམས་ལ་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་ཙམ་ཡང་མཇལ་རྒྱུ་བྱུང་ན་སྐལ་བ་བཟང་པོ་རེད།
རེད་གོང་དུ་ངས་མཆན་འདི་འགོད་སྐབས་ཀྱང་ཐོག་མར་ལོ་ཚིགས་དེར་དོགས་འདྲི་བྱ་དགོས་བསམ་རུང་། གློག་ཀླད་ཀྱི་མཐེབ་གཞོང་ཐོག་ལག་པ་བཞག་རྗེས་ལོ་ཚིགས་སྐོར་འབྲི་རྒྱུ་དེ་བརྗེད་དེ་ལུས་འདུག རྒྱ་གྲོ་བས་འདིར་བཀོད་པ་ལྟར་ལོ་ཚིགས་ནོར་བར་ཐག་གཅོད་ཐུབ།
སྤྱི་ལ་ོང་དགུ་ལོ་ཡི་རྗེས་ལྷ་སར་ངོ་རྒོལ་ཤུགས་ཆེ་ཤོས་དེ་སྤྱི་ལོ་་༡༩༨༧ལོ་ནས་འགོ་ཚུགས་ཤིང་། སྤྱི་ལོ་་༡༩༨༨ དང་། སྤྱི་ལོ་་༡༩༨༩ བཅས་ལོ་གསུམ་གྱི་རིང་བསྟུད་མར་ངོ་རྒོལ་རིམ་པར་བྱུང་བ་ཞིག་ཡིན་པ་ཡོངས་གྲགས་རེད།
ང་ནི་གནས་ཚུལ་འདི་ལ་ནམ་ཡང་ཡིད་མེ་ཆེས་ལ་དེ་བདེན་པ་ཨ་ཡིན་བསམ། རྩ་བའི་ད་ལྟའི་གནས་ཚུལ་འདི་ཡི་ལོ་དུས་ཀྱང་གང་འདྲ་ཡིན་ན། སྤྱིའི་ལོ་ ༡༨༨༧ ཞེས་འཁོད་འདུག་པ་དེ་ནོར་བ་མ་རེད་དམ། ང་ནི་ལོ་ཚིགས་དེ་ནས་མགོ་སྦོས་སོང་ངོ།།
སྤྱིར་རྒྱ་གཞུང་ནས་༧གོང་ས་མཆོག་ལ་དད་གུས་བྱེད་པ་སོགས་སྒོ་ཀུན་ནས་བཀག་འགོག་བྱས་པ་རེད། ཡིན་ཡང་བོད་མི་མང་གི་བསམ་བློ་བརྒྱུར་མི་ཐུབ་པར་མ་ཟད་དེ་ལ་བརྟེན་ནས་རྩོད་པ་མང་རུ་འགྲོ་བས་སྐྱེན་ལྟ་བུ་ཞིག་ཆགས་ཡོད་ལ། མ་ཟད་རྒྱ་གཞུང་གིས་བོད་ནང་ན་ཏྰ་ལའི་བླ་མའི་པར་ཙམ་ཡང་བཤམས་མི་ཆོག་པའི་བཀའ་ཕབ་ཡོད་ཅེས་པ་འདི་ནི། འཛམ་གླིང་ན་ཧང་སངས་བའི་གནས་གཅིག་ཏུ་ཆགས་ཡོད། གང་ལྟར་ཡང་བོད་མིའི་ནང་གི་དད་གུས་བརྒྱུར་མ་ཐུབ་ན་ཕྱིའི་ངོས་ནས་སྐུ་པར་ཙམ་དགག་ཀྱང་དགོས་པ་ཆུང་ལ་རྩོད་པ་འཕེལ་བ་དང་དཀའ་ངལ་མང་བའི་གནས་འདི་མཐོང་ནས་རྒྱ་གཞུང་གིས་བཏང་སྙོམས་སུ་བཞག་པ་འདྲ། དེ་ཙམ་གྱི་ང་ཚོའི་བོད་མིའི་ངོས་ནས་བསམ་ན་ཁེ་ཕན་ཆེ་རྒྱུ་ཅི་ཡོད།
རྒྱ་ནག་གཞུང་གིས་ཐབས་བྱུས་སྣ་ཚོགས་འཐེན་ཏེ།
བོད་ནང་གི་བོད་མི་ཚོར་༸གོང་ས་མཆོག་གི་སྐུ་པར་བཤམས་ཆོག་ཅེས་སྨྲས་ཀྱང་རུང་། བཤམས་མི་ཆོག་ཅེས་པའི་བཙན་བཀའ་བཏང་ཡང་རུང་། བོད་མིའི་སེམས་ཁོང་གི་༸གོང་ས་མཆོག་ནི་བོད་མི་ཤ་ཐོར་རུས་ཐོར་དུ་བཏང་ན་མ་གཏོགས་ང་ཚོའི་སེམས་ཁོང་ནས་ནམ་ཡང་ཡལ་མི་སྲིད།
ད་ལྟའི་ཆར་ང་ཚོར་༸གོང་ས་མཆོག་གི་སྐུ་པར་བཤམས་ཆོག་པ་ཙམ་གྱིས་ང་ཚོ་འདོད་དོན་ཡོངས་སུ་གྲུབ་པར་སུས་ཀྱང་ཁས་ལེན་ཐབས་བྲལ་ལ།
དེ་ལྟར་ཁས་ལེན་མཁན་ཡང་ཉིན་མོའི་སྐར་མ་ལྟར་རོ།།
ངོ་མ་དགོད་ཤོར་བྱེད་རེད།གནས་ཚུལ་འདི་ཁ་སང་གྲོགས་པོའི་ཁ་ནས་ཐོས་འཕྲལ་ང་ནི་ཧ་ལས་སོང་།ཞིབ་འདངས་ཤིག་བཏང་དུས་ཧ་ལས་དགོས་པ་གང་ཡང་མི་འདུག་བོད་ནང་གི་བོད་མི་རེ་རེའི་སྐེ་ན་༧གོང་ས་མཆོག་གི་པར་རེ་འདོགས་པའི་ལུགས་སྲོལ་ཡོད་པ་ཁོང་ཚོས་ཧ་གོ་ནས་ནང་དུ་སྐུ་པར་བཤམ་རྒྱུ་བཀག་པས་ཕན་ཐོགས་མེད་པར་ཤེས་པ་ཡིན་རྒྱུ་རེད།
ཅིག་བྱས་ན་གཡོ་སྒྱུའི་ནུས་པ་གཞན་ཞིག་ལ་རེ་བ་བརྒྱབ་ཡོད་ཤས་ཡང་ཆེ།