རྒྱ་ནག་ཏུ་ལོ་རེར་ཕྲུ་གུ་ས་ཡ་ ༡༣ མངལ་ཤོར་ཏུ་འགྲོ་བཞིན་པ་དང་། ཕྲུ་གུ་ས་ཡ་ ༢༠ རེ་སྐྱེས་ཀྱིན་ཡོད་འདུག་པས་གཞུང་ངོས་ནས་སེམས་ཁྲལ་བྱེད་ཀྱིན་ཡོད་འདུག
རྒྱ་ནག་གི་ཉིན་རེའི་ཚགས་པར་སྟེང་བཀོད་པ་ལྟར་ན། ཞིབ་འཇུག་པ་དག་གིས་བཤད་ན། རྒྱ་ནག་ཏུ་དེབ་སྐྱེལ་བྱས་མེད་པའི་ཕྲུ་གུ་མངལ་འདོན་གྱི་སྨན་ཁང་མང་པོ་ཡོད་སྟབས་མངལ་ཤོར་གྱི་གྲངས་འབོར་ནི་འདི་ལས་ཀྱང་མཐོ་བོ་ཡོད་པའི་ངོས་འཛིན་བྱེད་ཀྱིན་འདུག
རྒྱ་ནག་གིས་ ༡༩༧༠ དོན་གྲངས་ནས་བཟུང་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་ཞེས་པ་ལག་བསྟར་བྱས་སྟབས། བུད་མེད་མང་པོ་ཞིག་གིས་ཕྲུ་གུ་གཅིག་སྐྱེས་ཚར་བའི་རྗེས་སུ་སྲིད་བྱུས་ལས་འགལ་བའི་ཕྲུ་གུ་རྣམས་བཙན་གྱིས་མངལ་ནས་འདོན་གྱིན་ཡོད།
རྒྱ་རྐྱེན་གཞན་པ་ཞིག་ནི། ཆགས་སྤྱོད་ཀྱི་སློབ་གསོའི་གོ་རྟོགས་ཞན་སྟབས། བུད་མེད་མང་པོ་ཞིག་ལ་ལོ་དུས་ལ་མ་ཐོན་གོང་དུ་ཕྲུ་གུ་འཁོར་སྟབས་རང་བཞིན་གྱིས་མངལ་འདོན་གྱི་གདམ་ག་འདི་ལག་བསྟར་བྱེད་ཀྱིན་ཡོད་འདུག
ཞིབ་འཇུག་དེ་ལྟར་ན། ཕྲུ་གུ་མངལ་འདོན་བྱེད་མཁན་གྱི་བུད་མེད་ཕལ་ཆེ་བ་ནི་ལོ་ ༢༠ ནས་ ༢༩ བར་གྱི་མོ་ཧྲེང་དག་ཡིན་འདུག
རྒྱ་ནག་གཞུང་གི་རྒྱལ་ཡོངས་མི་འབོར་དང་འཆར་ལྡན་བུ་སྐྱེས་ལས་ཁུངས་ཀྱི་མི་སྣ་ཞིག་གིས་བཤད་ན། གོང་གསལ་གྲངས་འབོར་དེ་ནི་ཁོང་ཚོའི་ཞིབ་འཇུག་ལ་གཞི་བཟུང་ཞིང་། འདས་པའི་ལོ་ཤས་རིང་སྨན་ཁང་ཁག་ནས་བསྡུ་རུབ་བྱས་པའི་གནས་ཚུལ་ལ་གཞི་བཞག་ཡོད་ཟེར།
ལས་ཁུངས་དེའི་ལས་བྱེད་གཞན་གིས་བཤད་ན། རྒྱ་ནག་གཞུང་གིས་ཆགས་སྤྱོད་ཀྱི་སློབ་གསོ་ནི་གཙོ་བོ་བཟའ་སྒྲིག་བྱས་ཟིན་པ་དག་ལ་དམིགས་ནས་ལག་བསྟར་བྱས་ཡོད་འདུག
༡༩༧༠ དོན་གྲངས་ཀྱི་འཆར་ལྡན་བུ་སྐྱེས་དེ་ལག་བསྟར་བྱས་པའི་དབང་གིས་བྱིས་པ་ཡ་ས་ ༤༠༠ སྐྱེ་འགོག་བྱས་ཡོད་ཚུལ་བཤད།
རྒྱ་ནག་གི་ཕྲུ་གུ་མངལ་འདོན་གྱི་གྲངས་ཚད་ནི་བུད་མེད་ ༡༠༠༠ གི་ནང་ནས་བུད་མེད་ ༢༤ ཡིིས་ཕྲུ་གུ་མངལ་འདོན་བྱེད་ཀྱིན་ཡོད་སྟབས་རྒྱལ་སྤྱིའི་གྲངས་ཚད་མཐོ་ཤོས་ཀྱི་གྲས་སུ་བསླེབས་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚིག་ཐོ་ལྟར་ན། རྒྱལ་སྤྱིའི་སྟེང་མངལ་འདོན་གྱི་གྲངས་འབོར་མང་ཤོས་ནི་ར་ཤི་ཡ་ཡིན་པ་དང་ལོ་རེར་བུད་མེད་ ༡༠༠༠ གྲས་ནས་བུད་མེད་ ༥༠ ཡིས་མངལ་འདོན་བྱེད་ཀྱིན་པ་དང་། ཨ་རིར་བུད་མེད་ ༡༠༠༠ ཁྲོད་བུད་མེད་ ༡༥ ཡིས་མངལ་འདོན་དང་། སི་པན་དུ་བུད་མེད་ ༡༠༠༠ ཁྲོད་བུད་མེད་ ༡༢ ཡིས་མངལ་འདོན་བྱེད་ཀྱིན་པར་བརྟེན་རྒྱ་ནག་ནི་རིམ་པ་གསུམ་པ་དེ་ཆགས་ཡོད་འདུག