འབྱུང་འགྱུར་བཀའ་བློན་ཁྲི་བ་མི་རྙེད་པའི་རྒྱུ་རྐྱེན་གླེང་བ།
མུ་ཏོ་བ།ཝར་ཎ་མཐོ་སློབ།
ད་ལྟའི་བོད་ཀྱི་སྤྱི་ཚོགས་ནང་དུ་ཆེ་བ་ཤེས་ཡོན་པའི་སྡེ་ཁག་ནས་ཆུང་བ་ཤེས་ཡོན་མེད་པའི་མི་མང་དཀྱུས་མའི་བར་དུ་ཚང་མས་ཚ་ཚ་འུར་འུར་གྱིས་གླེང་བཞིན་པ་ནི་འབྱུང་འགྱུར་གྱི་བཀའ་ཁྲིར་སུ་ཞིག་འོས་འདེམས་བྱ་རྒྱུའི་གནད་དོན་སྐོར་རེད། གནད་དོན་འདི་ནི་རིན་ཐང་ལྡན་ཞིང་དོ་སྣང་བྱེད་དགོས་པ་དང་། ལྷག་པར་ད་ལྟའི་བོད་ཀྱི་གནས་བབ་ཀྱི་ཐད་ནས་གླེང་ན་ཚང་མས་མིག་ཆེ་རུ་གདང་སྟེ་གང་སར་བལྟ་དགོས་པ་དང་ཁ་བཙུམ་ནས་མི་འདུག་པར་གླེང་སློང་བྱེད་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གལ་ཆེན་ཞིག་རེད། དེའི་ཕྱིར། བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་དུ་ལས་དོན་འདི་གཙིགས་ཆེར་གནང་སྟེ་ཚོགས་པ་རེ་ཟུང་གིས་ཀྱང་སྣེ་ཁྲིད་ནས་དེའི་ཐད་ལ་བགྲོ་གླེང་ཐེངས་མང་བྱུང་ཡོད་ལ། དེ་ལས་ཀྱང་ཚགས་པར་སོགས་ཀྱི་སྟེང་དུ་རྩོམ་ཡིག་འདྲ་མིན་སྤེལ་དང་སྤེལ་མུས་རེད། ཡིན་ནའང་། འདི་ཙམ་གྱིས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བའི་འོས་འདེམས་ལ་རྔོ་ཅི་ཙམ་ཐོགས་མིན་ད་དུང་ལྐོག་གྱུར་རེད། ངས་འདིར་སྤོབས་པས་ཐོག་ནས་བཤད་ཐུབ་པ་ཞིག་ལ། ད་ལྟའི་བཀའ་ཁྲི་ལས་ལྷག་པའི་ཤེས་འཇོན་ལྷག་གསུམ་དང་ལྡན་པ་ཞིག་འབྱུང་འགྱུར་མི་རྙེད་པ་ཐག་གིས་ཆོད་ངེས། གང་ལྟར། བཀའ་བློན་ཁྲི་བའི་འགན་འཁྲི་ནི་ད་ལྟའི་བོད་ཀྱི་བདེན་པའི་འཐབ་རྩོད་ལ་མགོ་མི་སྒུར་ཞིང་མི་མང་གི་བདེ་སྡུག་ལ་ཐུགས་དཀྱེལ་ཡངས་པའི་སྒོ་ནས་བསམ་ཤེས་ཐུབ་མཁན་ཞིག་མ་མཐའི་ཆ་རྐྱེན་དུ་དགོས་པ་སྨོས་མེད་རེད། མང་པོ་ཞིག་གིས་འབྱུང་འགྱུར་གྱི་བཀའ་ཁྲི་མི་རྙེད་པའི་སེམས་འཚབ་ཀྱི་སྐད་ཆའང་བཤད་མྱོང་ལ། རེ་ཟུང་གིས་ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་བཀའ་ཁྲིར་གདམ་རྒྱུ་ཡིན་པའི་ཞུ་ཡིག་ཀྱང་གཞུང་ལ་ཕུལ་མྱོང་། ང་ལ་མཚོན་ནའང་རང་ཉིད་ཀྱི་བློ་ཁ་ཉེ་ཕྱོགས་ཀྱི་གྲོགས་པོ་རེ་ཟུང་དང་ལྷན་དུ་གླེང་མོལ་ཐུང་ངུ་རེའང་བྱས་མྱོང་ཡང་། དོན་དངོས་སུ་འབྱུང་འགྱུར་གྱི་བཀའ་ཁྲིར་བོད་མི་འདི་དང་འདི་འོས་སོ་ཞེས་མཐའ་གཅིག་ཏུ་ངོས་འཛིན་ཐུབ་པའི་མི་སྣ་སུ་གང་ཡང་ད་དུང་གསལ་བོར་ཞུ་ཐུབ་ཀྱི་མི་འདུག གཅིག་བྱས་ན། རང་ཉིད་ཀྱི་བསམ་བློའི་སྒོ་མོ་དང་ལྟ་རྒྱ་ཐོས་རྒྱ་ཧ་ཅང་གུ་དོགས་པས་ཡིན་སྲིད་དམ། ཡང་ན་དངོས་གནས་བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་འབྱུང་འགྱུར་བཀའ་ཁྲིར་འོས་པའི་མི་བུ་མཁའ་ཡི་པདྨོའི་དཔེ་ཟླར་གྱུར་བ་འདི་ཅི་ཡིས་ནོངས་འདུག་སྙམ་པའི་ཚ་ཤུར་ཤུར་གྱི་ཚོར་འདུ་ཞིག་གིས་སེམས་པ་བདེ་རུ་བཅུག་མ་སོང་། བོད་མི་གང་མང་མང་ཞིག་ལ་རྒྱུན་པར་འདིའི་ཐད་ནས་སེམས་འཚུབ་ཐེངས་མང་སྐྱེས་མྱོང་བ་ལས། དོན་དངོས་སུ་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་འདིའི་འབྱུང་རྐྱེན་ཐད་ལ་ཞིབ་འཇུག་དང་དཔྱོད་ཤེས་ཀྱི་མིག་རྒྱང་རིང་བ་མི་བུ་ཉུང་ངུ་ལས་མེད།དེའི་ཕྱིར།ནམ་ཡང་འུ་ཅག་གིས་དཀའ་ངལ་ལས་གཡོལ་ཐབས་ཙམ་ལས་དེ་སེལ་ཐབས་ཀྱི་ལམ་ཁར་སྙེག་ཐུབ་ཀྱི་མེད་པའི་སེམས་ཚོར་ལྕི་མོ་ཞིག་ང་ལ་ཐེངས་མང་འཁོར་མྱོང་། འདིར་རང་ཉིད་ཀྱི་རྨོངས་འཆར་རྗེན་པར་ཞུས་ན་འབྱུང་འགྱུར་གྱི་བཀའ་ཁྲི་མི་རྙེད་པར་རྒྱུ་རྐྱེན་མང་ཡང་མདོར་བསྡུས་ན་རྒྱུ་རྐྱེན་ཆེན་པོ་གསུམ་ལ་ཐུག་འདུག་སྙམ།
གཅིག འུ་ཚང་གི་མང་གཙོའི་ལམ་ལུགས་ལ་སྲིད་དོན་ཚོགས་པའི་སྟོབས་ཤུགས་ཀྱིས་ཕོངས་པ།
སྤྱིར་བཏང་མང་གཙོའི་ལམ་ལུགས་ཀྱི་སྲིད་དབང་འཛིན་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ངེས་པར་དུ་སྲིད་དོན་ཚོགས་པ་གཉིས་ལས་མི་ཉུང་བ་དགོས་རྒྱུ་ནི་རྩ་བའི་གྲུབ་ཆ་གལ་ཆེན་ཞིག་རེད།འདི་ནི་ད་ལྟའི་འཛམ་གླིང་ཤར་ནུབ་ཀྱི་མང་གཙོའི་རྒྱལ་ཁབ་དག་གི་ནང་དུ་སྲིད་དབང་འཕྲོག་རེས་ཀྱི་འཐབ་རྩོད་དང་འགྲན་བསྡུར་གྱི་ཚ་རླབས་ཤུགས་ཆེར་འཕྱུར་བཞིན་པ་ལས་ཀྱང་རྟོགས་ཐུབ་ངེས། ཡིན་ནའང་། འུ་ཚང་གི་མང་གཙོའི་ལམ་ལུགས་ཀྱི་འཛིན་སྐྱོང་ཁྲོད་དུ་སྲིད་དོན་ཚོགས་པའི་ཤུལ་རྗེས་ཙམ་ཡང་མཐོང་རྒྱུ་མེད་པ་འདིས། འུ་ཚང་གི་མང་གཙོའི་ལམ་ལུགས་ཀྱི་སྤུས་ཚད་ལ་ལྗིད་ཚད་ཐེངས་ཤིག་འཇལ་ཚར་འདུག་ལ།ལྷག་པར་ཡང་དག་པའི་བཀའ་ཁྲི་ཞིག་གདམ་པར་རྩ་བའི་གྲུབ་ཆ་གལ་ཆེན་ཞིག་མ་ཚང་བའི་ཚ་འདྲི་ཞིག་ཀྱང་བཏང་ཡོད།དངོས་གནས་བསམ་བློ་ཞིབ་མོར་བཏང་ན།འུ་ཅག་ལ་༧རྒྱལ་བ་རིན་པོ་ཆེས་མང་གཙོའི་གསོལ་རས་བསྩལ་བ་ནས་ད་བར་དུ་མང་གཙོའི་ལམ་ལུགས་ལ་འཕེལ་རིམ་དང་ཁ་ཕྱོགས་གང་འཚམས་ཕྱིན་ཡོད་པའང་མཐར་གཏུགས་ན། ༧གོང་ས་མཆོག་ཁོང་གིས་མར་བཀའ་ཕབ་ནས་ད་གཟོད་འགྱུར་བ་བྱུང་བ་ཤ་སྟག་མ་གཏོགས། བོད་མི་རང་ངོས་ནས་དཀྱེལ་ཡངས་ཀྱི་བསམ་བློ་ཁུར་ཏེ་བསྒྱུར་བཅོས་དང་ཁ་ཕྱོགས་འཚོལ་བ་ཧ་ལམ་མེད་ཞེས་གླེང་ན་ཐལ་མི་འདུག་སྙམ། ད་བར་བཀའ་བློན་ཁྲི་བའི་འོས་འདེམས་ཐེངས་གཉིས་ཕྱིན་ཚར་ཡང་ད་དུང་སྲིད་དོན་ཚོགས་པའི་གཞི་རྐང་གི་ས་བོན་སྨིན་ཐུབ་ཀྱི་མེད་པ་འདིས་ཀྱང་ཕྱི་གསལ་ནང་གསལ་གྱིས་འགྲེལ་བརྗོད་བྱས་འདུག།
ངས་བསམ་པར་སྲིད་དོན་ཚོགས་པའི་སྟོང་བའི་མང་གཙོའི་ལམ་ལུགས་ཁྲོད་བཀའ་ཁྲི་འདེམས་པ་ནི་ལོང་བས་རྡོག་ལམ་འཚོལ་བའི་དཔེ་ལས་མ་འདས་ལ།ཁྱད་པར་མང་གཙོའི་ལམ་ལུགས་ཀྱིས་རྒྱལ་ཁབ་ཀྱི་སྲིད་དབང་སྐྱོང་བའི་གཡུལ་ས་རུ།སྲིད་དོན་ཚོགས་པ་ཁག་གི་སྲིད་དབང་འཐབ་རྩོད་ཀྱི་མཚོན་ཆ་མེད་ན།ཡང་དག་པའི་འཛིན་སྐྱོང་གི་རྒྱལ་ཁ་ལེན་རྒྱུར་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་ཐུབ་པར་ང་ལ་ཡིད་ཆེས་མི་འདུག ཇི་སྲིད་ང་ཚོའི་མང་གཙོའི་ལམ་ལུགས་ཁྲོད་དུ་སྲིད་དོན་ཚོགས་པའི་འཐབ་རྩོད་ཀྱི་ལས་དོན་མ་བརྩམ་ དེ་སྲིད་དུ་བཀའ་བློན་ཁྲི་བའི་འོས་འདེམས་ཀྱི་ལམ་ཁ་ནི་རབ་རིབ་མོག་མོག་ཅིག་ལས་ཅི་ཡང་མི་སྣང་སྙམ།དེའི་ཕྱིར། ང་ཚོས་ངེས་པར་དུ་སྲིད་དབང་འཐབ་རྩོད་ཀྱི་སྲིད་དོན་ཚོགས་པ་གང་མང་སྐྱེད་སྲིང་བྱས་ཏེ་བཀའ་ཁྲིའི་འོས་འདེམས་ཀྱི་ལས་དོན་ལ་གཞོགས་འདེགས་ཁོ་ན་མིན་པར། མང་གཙོའི་ལམ་ལུགས་ཀྱི་སྲིད་དབང་སྲ་བརྟན་དུ་གཏོང་བའི་གོམ་སྟབས་གསར་པ་བསྒྱུར་དགོས་རྒྱུ་དུས་ཀྱིས་དེད་པའི་འགན་འཁྲི་ཞིག་མ་ཡིན་ནམ།
གཉིས། ཤེས་ཡོན་པས་རང་ཉིད་ཀྱི་ཁེ་ཕན་ལས་སྤྱི་ཚོགས་ཀྱི་འགན་འཁྲི་མི་འཁུར་བ།
ཤེས་ཡོན་པའི་སྡེ་ཞིག་ལ་མཚོན་ནས་བཤད་ན། རང་དོན་རྐྱང་རྐྱང་གཉེར་ནས་སྤྱི་ཚོགས་ཀྱི་ཁྲོད་དུ་འགན་འཁྲི་ལ་གཡོལ་གང་ཐུབ་བྱེད་ན། མི་བུ་དེའི་རིགས་ཀྱིས་ཤེས་ཡོན་སྦྱངས་པའི་གོ་ཆོད་མི་འདུག་ལ། ལྷག་པར་བསམ་བློ་དཀྱེལ་ཡངས་པའི་ཤེས་ཡོན་པ་ཞིག་གི་ངོས་ནས་བཤད་ན་ཧ་ཅང་ངོ་གནོང་དགོས་པའི་བྱ་སྤྱོད་ཅིག་རེད་སྙམ། རྒྱུ་མཚན་རྒྱལ་ཁབ་དང་མི་རིགས་གང་ཞིག་གི་ཤེས་ཡོན་པའི་སྡེ་ཁག་གིས་མི་མང་ལ་ལམ་སྟོན་དང་ཁ་ཕྱོགས་གསར་བར་འཁྲིད་པའི་ནུས་པ་ཡོད་ལ། འགན་འཁྲི་ཡང་དག་པ་འཁུར་བཞིན་ཡོད།འུ་ཚང་གི་སྤྱི་ཚོགས་ཁྲོད་དུ་ང་ལ་རྒྱུན་པར་ཚོར་སྣང་ལྕི་མོ་ཞིག་སྤྲོད་པ་ནི་འུ་ཚང་གི་ཤེས་ཡོན་པའི་སྡེ་(བོད་ཕྱི་ནང)དང་མི་མང་གི་བར་དུ་བློ་ཡིད་ལས་འདས་པའི་ཧེ་བག་ཆེན་པོ་ཞིག་འདུག་པས། ཤེས་ཡོན་པའི་སྡེ་སྤྱི་ཚོགས་ཁྲོད་མི་མང་གི་རྒྱབ་མདུན་ནས་ལངས་ཏེ་འགན་འཁྲི་རྣལ་མ་འཁུར་བའི་སྙིང་སྟོབས་དང་ལྷག་བསམ་ལ་ཕྱོགས་གང་ཐད་ནས་ནུས་ཤུགས་ཧ་ཅང་ཕྲ། ཕྱོགས་གཞན་ཞིག་ནས་གླེང་ན། ཤེས་ཡོན་པ་དང་མི་མང་གཉིས་སྤྱི་ཚོགས་ཀྱི་གྲུ་ཟུར་མ་འདྲ་བ་རེ་ན་འཚོ་བཞིན་འདུག་ལ། སྐབས་རེར་ཤེས་ཡོན་པས་འགན་འཁྲིའི་སྟོང་བའི་སྐད་ཆ་ཚོན་པོ་རེ་མི་མང་ཉམ་ཐག་ཚོའི་མིག་མདུན་དུ་འགྲེམ་སྟོན་ཐེངས་ཤིག་བྱས་རྗེས། ཤེས་ཡོན་པའི་འགན་འཁྲི་འགྲུབ་སོང་སྙམ་པའི་ང་རྒྱལ་གྱིས་འགྲེངས་ནས་ཡོད། འདི་ལྟར་ཤེས་ཡོན་པས་སྤྱི་ཚོགས་ཀྱི་འགན་འཁྲི་དོར་ཏེ་མི་མང་དང་རྒྱང་ཐག་རིང་དུ་སོང་རྐྱེན་མི་མང་གིས་ཤེས་ཡོན་པའི་ཁྲོད་ནས་རང་ཉིད་ཀྱི་ཕྱི་ནང་གསང་གསུམ་གྱི་ཚབ་མཚོན་མི་བུ་ཞིག་རྙེད་མི་སྲིད་ལ། ལྷག་པར་མི་མང་ཁྲི་སྟོང་མང་པོའི་བདེ་སྡུག་ལ་སེམས་ཁུར་གཙང་མའི་འགན་འཁྲི་བཞེས་མཁན་གྱི་བཀའ་ཁྲི་ཞིག་འཚོལ་བར་དེ་ལས་ཀྱང་དཀའ་བའི་གནས་སྟངས་འདི་བྱུང་བ་རེད་སྙམ།
གསུམ ཁེངས་སྐྱོང་གི་བག་ཆགས་ངན་པས་འོབས་དོང་དུ་རྫོང་གིན་འདུག
མི་ནི་རྣམ་དཔྱོད་ཀྱི་ནུས་སྟོབས་ཆེས་མྱུར་བའི་མཐོ་རིམ་སྲོག་ཆགས་ཤིག་ཡིན་པའི་ངོས་ནས་བཤད་ན། མིའི་རིགས་ཀྱིས་རང་ཉིད་ཀྱི་རྩོལ་བ་དང་དཀའ་སྤྱད་ཀྱི་ལམ་ཁ་ནས་མགོ་བོ་མ་སྒུར་བར་སྙིང་སྟོབས་ཆེར་བསྐྱེད་ཀྱིས་རྒྱུན་མཐུད་ནས་བརྩོན་པ་གནང་ན་བྱ་བཞག་གང་ཡང་མི་འགྲུབ་པ་མི་སྲིད་ཡང་། འུ་ཅག་སྒང་བ་བོད་ཚང་ལ་མཚོན་ན། ཕྱི་ནང་གི་ཁོར་ཡུག་དང་རིག་གནས་ཀྱི་ཤུགས་རྐྱེན་འོག་ནས།གང་ཡང་སྒྲུབ་ཕོད་པའི་སྙིང་སྟོབས་དང་འཇོན་ཐང་གི་བསམ་བློར་སྔ་མོ་ནས་ཁེངས་སྐྱོང་གི་བག་ཆགས་ངན་པའི་དྲི་མས་ཡོངས་སུ་སྦགས་ཚར་རྐྱེན། བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་སུ་ཚོད་དཔག་ཐེངས་ཤིག་བྱས་ཏེ་མ་གསང་དྲང་པོར་བཤད་ན།འུ་ཚང་གི་བླ་སྲོག་ལ་གསོན་ཤུགས་སྟེར་མཁན་གྱི་ཤེས་ཡོན་པའི་གྲལ་ཉུལ་ནའང། འབྱུང་འགྱུར་གྱི་བཀའ་ཁྲིའི་ལས་དོན་ངས་འཁུར་ཐུབ་ཅེས་བློ་སྟོབས་ཆེན་པོའི་སྒོ་ནས་ཡར་ལངས་ཐུབ་པའི་མི་བུ་ག་ཚོད་འདུག་གམ།གནས་ལུགས་ཀྱི་སྐད་ཆ་བཤད་ན།འུ་ཚང་གི་ཤེས་ཡོན་པའི་སྡེ་ཁག་ནས་དེ་ལྟ་བུའི་ཤེས་འཇོན་ལྷག་གསུམ་གྱིས་ཕྱུག་པའི་མི་བུ་གང་མང་མང་ཐོན་དགོས་པའི་དུས་ལ་སླེབས་འདུག་པ་འཕྱི་དྲག་མེད་ན་སྔ་མི་འདུག
ཇི་སྲིད་ཁེངས་སྐྱོང་རིང་ལུགས་ཀྱི་ལྟ་བའི་བག་ཆགས་འུ་ཚོའི་སེམས་ནས་གཙང་སེལ་མ་ཐུབ་དེ་སྲིད་དུ་བཀའ་ཁྲིའི་སྲིད་དབང་འཐབ་རྩོད་ཀྱི་སྙིང་སྟོབས་ནམ་ཡང་སྐྱེ་མི་སྲིད། དེའི་ཕྱིར། ཁེངས་སྐྱོང་རིང་ལུགས་ཀྱི་ལྟ་བའི་འོག་ན། མིའི་རང་དབང་གི་བསམ་བློའི་ནུས་རྩལ་ལ་གསོན་ཤུགས་རྒྱས་ཐུབ་ཀྱི་མེད་ལ། ལྐོག་གྱུར་གྱི་འཇོན་ཐང་རིགས་མང་པོ་ཞིག་རྨེག་མེད་དུ་གཏོང་བཞིན་ཡོད། ཡིན་ནའང་། ད་དུང་འུ་ཚང་གིས་ཁེངས་སྐྱོང་རིང་ལུགས་ཀྱི་དགེ་ཕན་མང་པོ་ཞིག་གླེང་བཞིན།རང་ཉིད་ཀྱི་བསམ་བློ་དང་རིན་ཐང་འོབས་དོང་དུ་གཡུག་པའི་སྣང་ཚུལ་འདི་ཆེས་མཆོག་ཏུ་བརྩི་བར་བྱེད་པའི་ངན་གོམས་རིགས་འདི་ད་དུང་ཡང་བོད་མི་རེ་རེའི་སེམས་ཀྱི་ཟབ་སར་སྦས་ཡོད། དེ་བས།རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒོ་མོར་ཁེངས་སྐྱོང་རིང་ལུགས་ཀྱི་ལྕགས་ཟྭ་ཆེན་པོ་རེ་བརྒྱབ་ཏེ། སྤྱི་ཚོགས་དང་མིའི་རིགས་ཀྱི་འགན་འཁྲི་ལ་རྒྱབ་ཕྱོགས་པ་ནི་ཇི་འདྲའི་ནག་ཉེས་ཆེན་པོ་ཞིག་རེད། མདོར་བསྡུས་ན། འུ་ཚང་གི་ཁེངས་སྐྱོང་རིང་ལུགས་གཙིགས་སུ་འཛིན་རྐྱེན་སྲིད་དབང་འཐབ་རྩོད་ཀྱི་རྒྱལ་ཕམ་ལ་འགྲན་རྩོད་བྱེད་མི་སྲིད་ལ།ལྷག་པར་བོད་མི་རེ་རེའི་སེམས་ངོས་ན་རང་ཉིད་ལ་བཀའ་ཁྲིའི་འགན་འཁྲི་འཁུར་བའི་བློ་སྟོབས་དང་གདེང་ཚོད་བག་ལ་ཞ་ཡོད་སྟབས། ད་ལྟའི་བཀའ་ཁྲི་མི་རྙེད་པའི་སྐྱ་ཆད་སྔོ་སྡུག་གི་སྔོ་སྡུག་གི་གནས་སྟངས་འདི་བྱུང་བ་རེད།མདོར་ན་རྒྱུ་རྐྱེན་འདི་གསུམ་ལ་བརྟེན་ནས་ང་ཚོས་འབྱུང་འགྱུར་གྱི་བཀའ་ཁྲི་འཚོལ་བར་དཀའ་ངལ་འཕྲད་བཞིན་ཡོད། དེའི་ཕྱིར། ངས་བསམ་པར་ང་ཚོ་ངེས་པར་དུ་དཀའ་ངལ་འདི་དག་གི་ཁ་གཏད་དུ་ལངས་ཏེ་མདུན་དུ་བསྐྱོད་དགོས་པ་ལས། ནམ་ཡང་རྒྱབ་ཏུ་བཀྱེད་མི་རུང་།
འདི་ནི་གནས་ལུགས་ཀྱི་སྐད་ཆ་ཞིག་ལས་ཞེན་ཁོག་གི་ངན་དྲི་གང་ཡང་མེད།
ཝར་ན་མུ་ཏོ་བ་ལགས། སྤྱིར་སྐུ་ཉིད་ཀྱི་བསམ་འཆར་དེ་དག་གང་ལེགས་དང་རྒྱུ་མཚན་རུ་མངོན། ཡིན་ཡང་ཁྱེད་ཉིད་ནས་འབྱུང་འགྱུར་གྱི་བཀའ་ཁྲི་དེ་མི་སུ་འདྲ་ཞིག་ཕེབས་རུང་ད་ལྟའི་བཀའ་ཁྲིའི་ཤེས་འཇོན་ལྷག་བསམ་ལས་སྐྱོ་བ་དང་འགྲན་ཐུབ་ཐབས་མེད་པར་གསུངས་བར་དེ་ནི་ཁྱེད་ཉིད་ནས་ཕྱོགས་ཞེན་གྱི་ལྟ་བ་ལས་གཞན་གང་ཡང་མ་མངོན། སྤྱིར་ང་ཚོའི་བོད་མིའི་མི་རབས་གསར་བ་དེ་ཚོའི་ཤེས་ཡོན་ནི་སྔར་ལས་གོང་འཕེལ་དུ་འགྲོ་བ་ནི་ཕྱི་ནང་གི་མཁས་དབང་ཀུན་ནས་མགྲིན་དབྱངས་གཅིག་ཏུ་སྒྲོགས་པར་བྱེད་པ་ལགས། དེ་ལྟར་སོང་དེང་སང་ང་ཚོའི་སྤྱི་ཚོགས་ནང་དུ་རིན་པོ་ཆེ་འདྲ་བ་མང་པོ་ཡོད་པ་ཐག་གི་ཆོད། ཡང་ཁྱེད་ནས་མ་འོངས་པའི་བཀའ་ཁྲི་དེའི་ལས་འགན་ལ། དང་པོ་དེ་བོད་ཀྱི་བདེན་པའི་ཐབ་རྩོད་ལ་མགོ་མི་སྒུར་བ་ཞིག་དགོས་ཞེས་པ་དེ་ཧ་ལམ་སྒྲུབ་དཀའ་བ་དང་སྒྲུབ་ཐབས་མེད་པ་ཞིག་རེད། དེ་ལྟར་འདོད་ན་ཡང་བསྐྱར་གཉིས་ཕན་དབུ་མའི་ཐབ་ལམ་དོར་ནས་ལམ་གཞན་རང་བཙན་དེ་ལ་འགྲོ་དགོས་པ་དང་དེ་ལ་ཨུ་ཚུགས་རྒྱག་ཡས་དང་འགུག་ནས་སྡད་ཡས་ལས་གཞན་ཅང་མ་མཆིས། དེ་ལྟར་ཁྱེད་ཉིད་ཀྱི་གླེང་མོལ་ལ་གདེངས་ཞིག་རྒྱབ་ན་ཁྱེད་ནས་རིན་པོ་ཆེ་ལ་བསྟོད་བསྔགས་ཆེས་ཐག་པ་ཞིག་དང། ཡང་རིན་པོ་ཆེའི་དགོངས་པ་དང་འགལ་བ་རང་བཙན་བརྩོད་དགོས་པའི་འདུན་པ་ཡོད་པ་ཞིག་འདུག་ན། དེ་གཉིས་ལ་འགལ་བ་ཅུང་འདུག་པས་འགྱུར་བ་བཏང་ཐུབས་ཚེ་ལེགས་སོ། །