གཡུ་དྲུག་དཀར། ས་རཱ།
ང་རང་ད་ལྟ་བར་མཚམས་ཆེན་པོ་ཞིག་ན་ཡར་འགྲེང་ཡོད། བར་མཚམས་འདི་དེ་འདྲའི་དཀའ་སྡུག་ཆེ་བའི་བར་མཚམས་ཤིག་མིན་ཡང༌། བར་མཚམས་འདི་ང་རང་དགེ་རྒན་ཡིན་མིན་གྱི་བར་མཚམས་ཡིན་པས། བར་མཚམས་འདི་ནས་ངས་རང་ཉིད་སྔར་དགེ་རྒན་ཡིན་པའི་གནས་སྐབས་ཡང་ཡང་དྲན་སོས་ཤིང༌། ད་ལྟ་དགེ་རྒན་མིན་ཡང་དགེ་རྒན་འོས་སྦྱོང་བྱེད་བཞིན་པའི་གནས་སྟངས་ལ་བསམ་ཤེས་དང༌། མ་འོངས་པར་སླར་ཡང་དགེ་རྒན་ཡིན་པའི་དུས་སྐབས་ཤིག་འབྱུང་རྒྱུ་ཡིན་པའང་གསལ་བོར་རྟོགས་ན། ང་ལ་མཚོན་ན་བར་མཚམས་འདི་ཇི་འདྲའི་བར་མཚམས་ཆེན་པོ་ཞིག་ཡིན་ཨང༌།
བར་མཚམས་འདིའི་རྨི་ལམ་འགོ་རྩོམ་པའི་སྐབས་སུ་སློབ་གྲྭའི་ཕྱི་ནང་གཉིས་ཀ་ནས་མི་གཞན་གྱིས་ང་ལ་དགེ་རྒན་ཟེར་བ་ནི་མི་རིགས་དང་རྒྱལ་ཁབ་བཟོ་བསྐྲུན་བྱེད་མཁན་དང༌། མི་བུ་རེ་རེའི་བླ་སྲོག་བཟོ་བསྐྲུན་བྱེད་མཁན་རེད་ཅེས་སྐད་ཤུགས་ཆེན་པོས་ཁ་ཏ་བསླབ་བྱའམ། སློབ་གསོའི་མན་ངག་གནང་ཐེངས་རེར། ངས་རང་ཉིད་ཀྱི་མགོ་འཕང་མཐོ་རུ་འདོགས་ཀྱིན་བྲང་ཁོག་སྤོབས་སེམས་ཀྱིས་ཁེངས་ཡོད་ལ། ངས་བར་མཚམས་འདི་ཅི་འདྲའི་གལ་ཆེ་བའི་བར་མཚམས་ཤིག་ཏུ་སྙམ་པ་དང༌། བར་མཚམས་འདི་རང་གི་ལ་རྒྱ་དང་སྙིང་སྟོབས་ཀྱི་འབྱུང་ཁུངས་སུའང་རྩིས་ཡོད།
འོན་ཀྱང༌། བར་མཚམས་འདིར་ཞེད་སྣང་དང་འཇིགས་སྣང་ཞིག་གཏན་ནས་མེད་སོང་བ་ག་ལ་ཡིན། མཚམས་འདིར་ཞེད་སྣང་དང་འཇིགས་སྣང་གི་རྒྱབ་ལྗོངས་བཙན་པོ་ཞིག་ཡོད་པ་ནི། བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་སོང་བར་ངོས་འཛིན་དང་དེ་ཡར་རྒྱས་གཏོང་བའི་ཐབས་ལམ་འཚོལ་བཞིན་པའི་བར་མཚམས་ཤིག་ཡིན་སོང་བ་དེ་ཡིན་ལ། དཻས་རྐྱེན་པས་བར་མཚམས་འདིར་ཅི་འདྲའི་འཇིགས་སུ་རུང་བའི་བར་མཚམས་ཤིག་རེད་ཨང༌། རྒྱུ་མཚན་ནི་མི་ཚང་མས་བཙན་བྱོལ་གྱི་མི་ལོ་སུམ་ཅུའི་ཤེས་ཡོན་འཐུས་ཤོར་གྱི་རྩ་བ་དགེ་རྒན་ལ་གཏུགས་པས། ང་ལ་ཅི་འདྲའི་ཞེད་སྣང་ཆེན་པོ་ཞིག་དང་གོ་རྒྱུ་ཆེན་པོ་ཞིག་ཀྱང་འདུག་ཨང༌།
དེ་བས། ད་ནི་བར་མཚམས་འདིའི་ཐོག་མའི་དུས་སྐབས་དང་མི་འདྲ་བར་ངས་ཐོས་པ་ནི་ཕལ་ཆེར་དགེ་རྒན་གྱི་སྐྱོན་རྐྱང་རྐྱང་རེད། སྐྱོན་དེའང་མི་ཞིག་དང་མི་རབས་ཤིག་འཕྲོ་བརླག་ཏུ་བཏང་པའི་སྐྱོན་ཆེན་པོ་ཞིག་ཏུ་སོང༌། ཕལ་ཆེར་ཉི་མ་རེར་མི་རེ་རེ་འམ། ཡང་ན། ཤེས་ཡོན་འཐུས་ཤོར་དང་འབྲེལ་བའི་སྐད་ཆ་བཤད་སའི་ཚོགས་འདུ་ཞིག་གི་ཐོག་ནས་ཁ་མར་ལོག་ནས་སྐད་ཆ་བཤད་མཁན་རེ་རེས། དེང་སང་གི་དགེ་རྒན་འདི་ཚོར་ཤེས་ཡོན་གྱི་གནས་ཚད་ཧ་ཅང་སྐྱོ་བོ་འདུག ཁོང་ཚོར་འཆད་ཁྲིད་ཀྱི་བྱང་ཚད་མི་འདུག རང་སྟེང་གི་འཇོན་ནུས་མི་འདུག འཁྲིད་བྱའི་སློབ་ཚན་དེའང་ཆག་ཐོགས་མེད་པར་ཁྲིད་གསེལ་བྱེད་ཐུབ་ཀྱི་མི་འདུག སློབ་ཁྲིད་ཀྱི་ཉམས་མྱོང་མི་འདུག དགེ་རྒན་ཚོར་དགེ་རྒན་གྱི་སྙིང་སྟོབས་མི་འདུག རིག་གནས་མི་འདུག བློ་གྲོས་མི་འདུག ཐབས་ཤེས་མི་འདུག ཟབ་འཇུག་གི་འདུ་ཤེས་མི་འདུག རང་རྟོན་གྱི་གཏན་ཚིགས་མི་འདུག དཀྱེལ་ཡངས་པའི་མི་གཞི་མི་འདུག་སོགས་དགེ་རྒན་ཚོའི་ཤ་དང་ཁྲག རུས་པ་དང་རྐང༌། ཤེས་པ་དང་རིག་པ། བྱ་བ་དང་སྤྱོད་པ་སོགས་རེ་རེར་སྐྱོན་ཆེན་པོ་རེ་བགྲང་ཡོང་གིན་འདུག་པས། བར་མཚམས་འདི་ནས་ངའི་སེམས་ལའང་བར་མཚམས་ཆེན་པོ་ཞིག་ཕྱེས་སོང༌། ངའི་སེམས་ཀྱི་བར་མཚམས་ནི་རང་ཉིད་བར་མཚམས་འདི་ནས་མུ་མཐུད་ནས་མདུན་བསྐྱོད་བྱེད་རྒྱུ་ཡིན་ནམ། བར་མཚམས་འདི་ནས་འཇིགས་ཤིང་སྐྲག་ཏེ་ཕྱི་བསྣུར་བྱེད་ཀྱི་ཡིན་སྙམ་པ་འདི་རེད། ངའི་སེམས་ན་འདི་འདྲའི་ཞེད་སྣང་ཆེན་པོ་ཞིག་ཡོད་པས། ཐ་ན་ཚགས་པར་དང་དུས་དེབ་ག་གེ་མོ་རེ་ལ་ལག་པ་འཆང་དུས་དང་གཏམ་བཤད་གནང་མཁན་ཞིག་གི་སྐད་ཆ་ལ་ཉན་དུས་ཀྱང༌། ངའི་སེམས་དེ་འདྲའི་ལྷོད་ལྷོད་ཅིག་མ་རེད། གལ་སྲིད་ད་ཡོད་སློབ་གྲྭ་ཁག་གི་དགེ་རྒན་དག་དོན་ངོ་མར་དེ་འདྲའི་སྐྱོན་ཅན་རྐྱང་ཡིན་ཚེ། ང་ཕངས་སེམས་མེད་པར་ཁོང་ཚོའི་ཁྲོད་དུ་ཞུགས་ནས་སྐྱོན་ཅན་ཞིག་བྱེད་དགོས་སམ། བར་མཚམས་འདིར་ང་ལ་རང་གི་མིག་དཔེ་ལྟ་བུའི་དགེ་རྒན་གཞན་གཅིག་ཀྱང་མེད་པར། ཁོང་ཚོ་ཚང་མ་ཤེས་ཡོན་འཐུས་ཤོར་གཏོང་མཁན་གྱི་མི་ནག་པོ་རྐྱང་ཡིན་ཚེ། ངའང་ཁོང་ཚོའི་ཁྲོད་དུ་འཛུལ་ཕྱིན་ཏེ་རང་ཉིད་ནག་པོ་ནག་རྐྱང་བཟོ་རྒྱུ་ཡིན་ནམ། མི་ལོ་སུམ་ཅུའི་རིང་དགེ་རྒན་ཚོས་བསྐྱངས་པའི་སློབ་ཕྲུག་ཚོའི་ཕྱིར་མིག་ཁྲོད་ནའང༌། དགེ་རྒན་དག་དྲིན་ཅན་ལས་ཉེས་ཅན་དུ་གྱུར་འདུག་ན། མཐོ་རིམ་སློབ་མས་ཤེས་ཡོན་འཐུས་ཤོར་སྐོར་ལ་བགྲོ་གླེང་བྱེད་སྐབས་ཀྱི་རང་གི་ཟིན་བྲིས་ལས་དྲངས། ངའང་རང་གི་སློབ་ཕྲུག་ཚོའི་སེམས་ནང་གི་དགྲ་རུ་འགྱུར་དགོས་པ་ཡིན་ནམ།
ཡང་ན། ངས་རང་གིས་བདམས་ཟིན་པའི་ལམ་ཁ་འདི་གཡུགས་ནས་ལམ་ཁ་གཞན་ཞིག་ལ་འཇུག་རྒྱུ་ཡིན་ནམ། ངས་ཁོང་ཚོའི་ཁྲོད་ནས་རང་གི་ཕུགས་བསམ་གྱི་རྒྱལ་ཁབ་ཅིག་བསླང་ཐུབ་བམ།
འདི་ལྟར་བསྡད་ཀྱིན་བསྡད་ཀྱིན་ངའི་བྲང་ཁོག་ལྟ་བུའི་བར་མཚམས་འདི་དྲི་རྟགས་ཀྱིས་ཁེངས་སོང༌། རང་གིས་རང་ལ་བཏབས་པའི་དྲི་བས་མནན་སོང་ལ། དྲི་རྟགས་འདི་དག་གི་ཁྲོད་ནས་ངས་རང་ཉིད་མགོ་ཉོག་ཅིག་ལྟར་ཚོར་ལ། བར་མཚམས་འདིའང་མགོ་ཉོག་ཅིག་ལྟར་སྣང་བས། ངས་རང་གི་མདུན་ལམ་ལ་འོད་སྣང་དཀྲི་ཐུབ་པའི་དྲིས་ལན་ཞིག་ཇི་ལྟར་འདེབས་དགོས་སམ། བདག་གིས་ཅི་ཡང་མི་མཐོང༌། ངའི་མགོ་ཐོག་གི་སྨག་རིམ་ཇེ་ནག་ནས་ཇེ་ནག་རེད། བར་མཚམས་འདིའི་མུན་ནག་གི་ཁྲོད་དུ་ངའང་མིག་ཞ་ར་ཞིག་དང་རྣ་འོན་པ་ཞིག་དང་ཅི་ཁྱད། མིག་ལོང་བ་ཞིག་དང་རྣ་འོན་པ་ཞིག་འདི་ལྟར་མུ་མཐུད་ནས་མདུན་བསྐྱོད་བྱས་ཚེ། གཏིང་མི་དཔོག་པའི་གཡང་ལ་ལྷུང་སྲིད་ཀྱང་ཁོ་བོས་ཅི་ཡང་མི་མཐོང་ཐབས་བྲལ། དེས་ན། བར་མཚམས་འདི་ན་ངས་རང་ཉིད་ལ་མགོ་སྐོར་གཏོང་བཞིན་ཡོད་དམ། འཇིག་རྟེན་གྱི་མིག་ཀྱེ།།
སློབ་གསོ་འཐུས་ཤོར་ཏུ་སོང་བ་བདེན་མོད་དེའི་ངན་ཁག་དགེ་རྒན་དང་གཞུང་འཛིན་པ་དག་ལས་ཕ་མ་རྣམས་ལ་མེད་ཅེས་བཤད་ན་ང་རང་འཐད་པ་མ་ཡིན། སློབ་གསོ་ནི་ཕ་མ་དང་དགེ་རྒན། གཞུང་འཛིན་པ་ཚང་མར་འགན་ཡོད་པའི་ལས་གཞི་ཞིག་ཡིན་པས་དེ་འཐུར་དུ་མི་འགྲོ་བར་ཚང་མའི་ངོས་ཧུར་ཐག་བྱེད་དགོས། གལ་སྲིད་ཕྱོགས་གཅིག་ནས་ལྷུང་བ་ཡིན་ན་ལྷུང་བ་ཡིན་པས་ཕ་མའི་ཕྱོགས། དགེ་རྒན་ཕྱོག་ས། གཞུང་འཛིན་པའི་ཕྱོགས་དེ་དག་ཐམས་ཅད་ནས་མ་ལྷུང་བ་དགོས། དེ་རིང་ང་ཚོ་བཙན་བྱོལ་ཚང་སློབ་གསོའི་འཐུས་ཤཽར་ནི་ཕྱོགས་གང་ནས་ལྷུང་སོང་བ་རེད་ཟེར་ན། དེ་ནི་ཕྱོགས་གཅིག་ཁོ་ན་ནས་ལྷུང་བ་མ་ཡིན་པར་ཕྱོགས་གསུམ་ཆར་ལྷུང་སོང་བ་རེད། ཕ་མས་རང་གི་བུ་ཕྲུག་ལ་བཟང་ཕྱོགས་ཀྱི་བག་ཆགས་འཇོག་མ་ཐུབ་པ་དང། དགེ་རྒན་གྱིས་རང་གི་སློབ་མར་བདག་སྐྱོང་གཏན་པོ་མ་ནུས་པ། གཞུང་འཛིན་པ་ཚོས་རང་རྐང་ཚུགས་པའི་དགེ་རྒན་བདག་ཉར་དང་གཅེས་སྲིང་བྱ་མ་ཐུབ་བཅས་ཀྱིས་དེ་རིང་བཙན་བྱོལ་ཚང་གི་སློབ་གསོའི་གནས་ཚད་འདི་ལྟ་བུའི་གནས་སུ་གྱར་བ་རེད། དེས་ན་ཕྱོགས་གསུམ་ཆར་ནས་ཧུར་ཐག་བ་རྒྱུ་གལ་ཆེ་བར་མཐོང་།
རང་ཉིད་གང་ཡིན་མི་ཤེས་པའི་མཚམས་སུ་སླེབས་དུས་རང་ཉིད་ཀྱི་རྒྱབ་ལྗོངས་བསྔོག་བཤེར་ཐེངས་གཅིག་བྱས་ན་གཞི་ནས་རང་ཉིད་ཀྱི་ཚད་གཞི་འཇལ་ཐུབ། མ་གཞི་དགེ་རྒན་ཟེར་དུས་བཀུར་འོས་པ་ཞིག་ཡིན་མོད། ང་ཚོ་བཙན་བྱོལ་ཁྲོད་ཀྱི་དགེ་རྒན་ཟེར་དུས་དེ་འདྲའི་བཀུར་འོས་པ་ཞིག་མ་རེད། གང་ཡིན་ཟེར་ན། བཙན་བྱོལ་ཁྲོད་ཀྱི་གཞོན་སྐྱེས་ཚོར་ལྟོས་དང་དགེ་རྒན་གྱིས་སློབ་སྤྱོང་དང་ལམ་སྟོན་ཇི་འདྲ་ཞིག་གནང་འདུག ད་ལྟའི་འཛིན་རིམ་བཅུ་གཉིས་པའི་སློབ་ཕྲུག་ཚོས་བོད་ཡིག་གི་ཚད་གཞི་ལ་ལྟོས་དང་དེས་འཇལ་ཐུབ། ཡོད་ཚད་དགེ་རྒན་གྱིས་བྱས་པ་རེད་ཅེས་བཤད་ན་ཕར་ཆེར་ཚོད་དུ་འདུག
དགེ་རྒན་ཡིན་མིན་གྱི་ས་མཚམས་འཇོག་ན་ཁྱེད་རང་ལ་དགོས་མཁོ་ཅན་གྱི་ཁྱད་ཆོས་ཤིག་ཚང་དགོས་པ་གང་ཞིག ཁྱེད་ལ་དེ་ཚང་མི་ཚང་དོགས་པའི་གནས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན་རྟགས་གསལ་རྗེས་སུ་གཏོང་ཆོག།
མི་ལོ་སུམ་བཅུའི་བཙན་བྱོལ་གྱི་ཤེས་ཡོན་འཐུས་ཤོར་བཤད་དུས་དགེ་རྒན་ཚོ་མ་བཤད་ཐབས་མེད་ཡིན་པ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རེད། རྒྱལ་ཁབ་ཀྱི་འཐུས་ཤོར་ནི་ཤེས་ཡོན་སློབ་གསོ་ལ་རག་ལས་པ་དང༌། ཤེས་ཡོན་སློབ་གསོའི་འཐུས་ཤོར་འདི་ཕར་གཏུགས་ན་གཞུང་གི་འཛིན་སྐྱོང་དང་ནང་གི་ཕ་མ། སློབ་གྲའི་དགེ་རྒན་བཅས་ལ་འགན་འཁྲི་བར་འདོད། འདི་ལྟར་བསམ་བློ་བཏང་ན། ང་རང་གི་ངོས་ནས་བཙན་བྱོལ་ནང་གི་ཕ་མ་ཚོར་ནག་ཉེས་ཅི་ཡང་འགེལ་རྒྱུ་མེད་པར། གཙོ་བོ་དགེ་རྒན་དང་དེ་ནས་གཞུང་གི་སྟངས་འཛིན་དང་སྟངས་འཛིན་མཁན་པོ་དག་གི་བྱ་སྤྱོད་དང་མི་རིགས་ཀྱི་ལར་ཞེན་ལ་གཟས་པར་འདོད། སློབ་གྲ་ཁག་ན་དགེ་རྒན་ཚད་ལྡན་ཆེས་ཤིན་ཏུ་ཉུང་བ་ནི་ཁ་སང་དེ་རིང་ཡོངས་གྲགས་ཡིན་ལ། དགེ་རྒན་ཤ་ཚ་ཅན་མེད་པ་ཡང་ཡོངས་གྲགས་ཡིན། ཤེས་ཡོན་དང་ལྷག་བསམ་གང་ཡང་མེད་མཁན་ཞིག་གིས་ཤེས་ཡོན་དང་ལྷག་བསམ་དག་པ་ཅན་གྱི་སློབ་ཕྲུག་ཞིག་ཅི་ལྟར་བསྐྱེད་སྲིང་བྱེད། འདི་ནི་ཤེས་ཡོན་འཐུས་ཤོར་གྱི་མགོ་ཐུག་ས་རེད་ལ། འདིའི་རྗེས་ནས་གཞུང་གི་སྒྲིག་འཛིན་མཁན་དག་རེད། ཁོང་ཚོས་མར་སྤྱི་ཚོགས་ནང་ཡོང་དུས་སྐད་གསེང་མཐོན་པོས་བོད་ཀྱི་སྐད་ཡིག་དང་རིག་གཞུང༌། རྒྱལ་ཁབ་ཅེས་ཡིན་མདོག་ཁ་བོའི་གཏམ་བཤད་ལྷུག་པོ་གནང་ན་ཡང༌། དོན་དངོས་ཐོག་ཁོང་ཚོ་རང་གི་བུ་དང་བུ་མོ་ཚོ་སྔ་མོ་ནས་ཕྱི་རྒྱལ་ཁག་གི་མཐོ་སློབ་ཁག་ཅིག་ལ་བསྐྱལ་བཞག་ཡོད་པ་ལས་བོད་ཡིག་གི་ར་བར་གཏན་ནས་བཞག་མེད། འདི་ནི་དངོས་གནས་ཆུ་རྐ་མགོ་ནས་རྙོག་ན་རྐ་རྔ་ནས་མི་དྭངས་ཟེར་བ་དང་གཅིག་མཚུངས་རེད། སྐད་ཆ་དྲང་བོར་བཤད་ན། བཙན་བྱོལ་བོད་གཞུང་ལ་བཀའ་བློན་དང་དྲུང་ཆེ། ཟུང་དྲུང་སོགས་ལས་སྣེ་མཐོ་རིགས་ཀྱི་མི་གྲངས་བརྒྱ་སྐོར་ཞིག་ཡོད་ལ། ཁོང་ཚོ་རང་རང་གི་བུ་ཕྲུག་རྣམས་ཕྱི་ཡིག་སློབ་བཞིན་པ་ལས་བོད་སྐད་ཡིག་ལ་འཐམ་ནས་ཡོད་མཁན་གང་ན་ཡོད། ཅི་ཙམ་ཡོད། འདི་ཡང་དྲི་བ་ཆེན་པོ་ཞིག་རེད། འདི་ལྟར་སྐད་ཆ་དྲང་བོར་བཤད་ན་མི་སུ་ཡང་དགའ་རྒྱུ་མ་རེད། འདི་ཙམ་ཞུ།
དགེ་རྒན་ཟེར་བ་ནི་ཕྱོགས་སྟོན་འཁོར་ལོ་ལྟ་བུ་ཞིག་ཆགས་ཡོད་ལ། ཕྱོགས་དེར་འགྲོ་མིན་ནི་དགེ་ཕྲུག་དག་ལ་འགན་ཡོད་པ་རེད་ལ། དགེ་ཕྲུག་དེ་དག་གི་རྣ་བའི་བཅུད་དུ་བོད་ཡིག་ཟེར་ན་བོད་པས་མ་སྤྱང་ཀ་མེད་་ཅིག་ཡིན་པའི་བསླབ་བྱ་རྒྱག་རྒྱུ་དེ་ནི་དགེ་རྒན་ལ་འཁྲི་བའི་འགན་འཁུར་རེད་ཅེས་བཤད་ན་འགྲིག་པ་རེད། མི་ལོ་སུམ་བཅུའི་ཤེས་ཡོན་འཐུས་ཤོར་ནི་བོད་དགེ་དང་བོད་ཡིག་ལ་མཐོང་ཆེན་མ་བྱས་པའི་རེད་ཅེས་བཤད་ན་འགྲིག ད་ནི་བོད་ཡིག་ལ་བོད་མི་རང་གིས་མཐོང་ཆེན་བྱེད་རྒྱུ་དེ་ནི་དངོས་ནས་གལ་ཆེན་ཆགས་ཡོད་ལ། དེ་གལ་ཆེན་ཆགས་ཉིན་བོད་དགེ་དག་ཡང་རླབས་ཆེན་གྱི་སྣེ་ཁྲིད་ཁོ་ན་ཆགས་ངེས་ཡིན་པར་ང་རང་གིས་ཡིད་ཆེས་བྱེད་ན་འདོད།
བཙན་བྱོལ་གྱི་ལོ་ངོ་སུམ་བཅུའི་ཤེས་ཡོན་འཐུས་ཤོར་དེ་དགེ་རྒན་གཅིག་པོ་ལན་པ་མ་རེད་ལ། སློབ་ཕྲུག་གཅིག་པོ་ལན་པ་དེ་བས་ཀྱང་མ་རེད། ངའི་བསམ་པར། གཙོ་བོ་སློབ་གསོས་མ་འདང་བ་རེད་བསམ་ཡོད། གནད་དོན་ཞིག་བགྲོ་གླེང་ཞིག་གི་བརྗོད་གཞི་དང་མི་ཚོགས་ཞིག་གི་བཤད་ཡམས་སུ་གྱུར་སོང་ན་གནད་དོན་དེ་ཡིན་དགོས་པའི་ངོས་པ་གཏན་ནས་མེད་པས་རིམ་གྱིས་ཞིབ་འཇུག་གནང་རོགས་ཞེས་བརྗོད་འདོད་བྱུང༌། འདིའི་སྐོར་ནས་ད་དུང་ཅུང་ཙམ་བཤད་རྒྱུ་ཡོད་ཀྱང་དུས་ཚོད་ཀྱི་དབང་གིས་འདིར་མཚམས་འཇོག་དགོས་བྱུང་སོང༌།
དགེ་རྒན་ནི་རྟག་ཏུ་དགེ་རྒན་རང་ཡིན་པས་དུས་ནམ་ཡང་བར་མཚམས་སུ་འཇོག་མི་རུང་།
ཉི་འོད་ནི་གཏན་དུ་ཉི་འོད་ལས་གཞན་དུ་འགྱུར་མི་སྲིད། དེའི་ཕྱིར་མི་ཞིག་ཏུ་སྐྱེས་པ་དེ་གཟི་བརྗིད་རེད་ལ། དགེ་རྒན་ཞིག་ཏུ་འཚོ་བ་དེ་རླབས་ཆེན་ཡིན་ལ། མཐར་འཆི་བ་དེ་ཡང་གྲུབ་འབྲས་ཤིག་ཡིན།
དེར་བརྟེན་ང་ཚོས་དུས་རྟག་ཏུ་གཟི་བརྗིད་དང་། རླབས་ཆེན། གྲུབ་འབྲས་གསུམ་ལ་ཕྱོགས་བསྡོམས་ཤིག་བརྒྱབ་ནས་འཇིག་རྟེན་འདིར་ཆགས་གནས་འཇིག་གསུམ་གྱི་འཁྲོད་དུ་དགེ་རྒན་ལས་གཞན་སུ་ཞིག་གིས་ང་ཚོ་གཏན་དུ་སྐྱོབ་སྲིད་དམ།