ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་བསྒྲགས་པ་ལྟར་ན། ལོ་སྔོན་མའི་ཞི་རྒོལ་སྐབས་འཇུས་པའི་བོད་མི་ ༡༢༠༠ གློད་གྲོལ་བཏང་ཡོད་ཀྱང་། ཟླ་སྔོན་མའི་ཞིན་ཅང་གི་ཟིང་ཆའི་དོན་རྐྱེན་དང་འབྲེལ་བའི་མི་ ༧༠༠ མུ་མཐུད་ནས་བཀག་ཉར་བྱས་ཡོད་ཚུལ་བརྗོད་འདུག
རྒྱ་ནག་གཞུང་གིས་མི་རིགས་ཁྱད་གསོད་རྩ་མེད་དུ་བཟོ་བའི་ཚིག་ཐོ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉན་ཞིབ་བྱེད་ཀྱིན་པ་དེར་རྒྱ་གཞུང་གིས་ཡིག་ཐོག་ནས་ལན་འདེབས་བྱས་པའི་ནང་དུ་བཀོད་དོན། བོད་ནང་གི་དོན་རྐྱེན་སྐབས་དོགས་ཡོད་མི་ ༡༢༣༡ འཇུས་པ་རྣམས་ལ་བོད་ནང་གི་ཁྲིམས་ལུགས་དབང་འཛིན་གྱི་མི་སྣ་དག་གིས་ཉེས་ཆད་བཏང་བ་དང་། རང་སྐྱོན་ངོས་ལེན་དང་སློབ་གསོ་སྤྲད་པ་སོགས་བརྒྱུད་ད་སྐབས་ཁོང་ཚོ་ཚང་མ་གློད་གྲོལ་བཏང་ཟིན་པ་ཡིན་ཟེར།
དེ་དག་གི་ཁྲོད་ནས་མི་ ༧༧ ལ་རྡུང་འཕྲོག་བཅོམ་སྲེག་ལྟ་བུའི་ཚབས་ཆེའི་ཉེས་པ་འདུག་སྟབས་དེ་དོན་གྱི་ཁྲིམས་གཅོད་དང་། མི་ ༧ ལ་གསང་བ་ཕྱིར་སྒྲོག་གི་ཉེས་ཆད་བཅད་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉན་ཞིབ་ཀྱི་ཐོག་མི་སྣ་ཧྲག་བསྡུས་ ༣༠ ཁྲིད་དེ་ཞུགས་མཁན་ ཏོན་ཇི་ལོང་ གིས་བཤད་དོན། ལོ་འདིའི་ཞིན་ཅང་གི་ཟིང་ཆའི་སྐབས་ཉེན་རྟོག་པས་དོགས་ཡོད་མི་སྣ་ ༧༡༨ འཇུས་ཡོད་ཟེར་ལ། དེ་དག་གི་ཁྲོད་ནས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཁུངས་འཕེར་ཡོད་རིགས་དང་ཁྲིམས་འགལ་གྱི་ལས་དོན་ཆུང་བ་རེ་སྤེལ་མཁན་རྣམས་ལ་ཅུང་གུ་ཡངས་ཀྱི་ཁྲིམས་གཅོད་བྱས་ཏེ་གློད་གྲོལ་བཏང་ཡོད། མི་ ༨༣ ནི་མི་གསོད་དང་འཕྲོག་བཅོམ་སོགས་ཀྱི་ཚབས་ཆེའི་ཉེས་ཁྲིམས་བཅད་ཡོད་ཟེར།
ལོ་འདིའི་ཞིན་ཅང་གི་ངོ་རྒོལ་ལས་འགུལ་སྐབས་མི་ ༡༩༧ བསད་ཡོད་པར་བཤད་ལ། དེ་དག་གི་ཕལ་ཆེ་བ་རྒྱ་རིགས་ཡིན་པར་བརྗོད། ད་ཆ་ཏོན་ཇི་ལོང་གིས་བཤད་དོན། མི་དེ་དག་གི་ཕལ་ཆེ་བ་ནི་ཉེས་མེད་རྒྱ་རིགས་ཚོ་ཡིན་ལ། སྐབས་དེར་ཉེས་མེད་མི་སེར་ ༡༥༦ བསད་ཡོད་པ་དང་། དེ་དག་གི་ཁྲོད་ནས་ ༡༣༤ ནི་རྒྱ་རིགས་དང་། ཧོས་རིགས་ ༡༡། ཡུ་གུར་བ་ ༡༠། མན་ཇུ་བ་ ༡ བཅས་བསད་པར་བཤད།
མི་བསད་པའི་གྲངས་ཀ་དེའང་སྔོན་ཆད་གསར་ལམ་ཁག་ཏུ་བསྒྲགས་པ་ལས་མི་ ༤༡ གིས་ཉུང་དུ་ཕྱིན་ཡོད་པ་རེད།
རྒྱ་ནག་གིས་མཉམ་འབྲེལརྒྱལ་ཚོགས་ཀྱི་ཉན་ཞིབ་ཀྱི་ཉིན་དང་པོ་ནས་བཟུང་། ལོ་སྔོན་མའི་བོད་ནང་གི་ཞི་རྒོལ་དང་ལོ་འདིའི་ཞིན་ཅང་ནང་གི་ངོ་རྒོལ་ལས་འགུལ་གཉིས་ཀ་ཕྱི་ཕྱོགས་ཀྱི་ཁ་བྲལ་བ་དག་གིས་དཀྲུགས་ཤིང་བརྒྱབས་པ་རེད་ཟེར།
རེེེེེེེེེེེེེེེེེེེེེད་ལགས
བསེ་རུ་ལགས། ནོར་བ་གཉིས་བཅོས་ཡོད།
ངའི་མིག་གིས་མཐོང་བའི་ཡིག་ནོར་གཉིས།
ཁྲིམས་ལགས། ཁྲིམས་ལུགས།
གློལ་གྲོལ། གློད་གྲོལ།