སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དངོས་སུ་ཚོགས་མགོ་བརྩམས་ཡོད་ལ། ཐེངས་འདིའི་ཚོགས་འདུའི་སྟེང་སྤྱི་ལོ་ ༢༠༠༨ ནས་ ༢༠༠༩ བར་གྱི་བོད་གཞུང་ལྷན་ཁང་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཡོངས་ལ་ཞིབ་འཇུག་དང་། གནད་དོན་གཞན་བཅས་ཀྱི་ཐད་དུ་གྲོས་བསྡུར་བྱ་རྒྱུ་ཡིན་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་ནང་ཚོགས་མགོ་བརྩམས་ཡོད་ལ། ཐེངས་འདིའི་གྲོས་ཚོགས་ཕྱི་ཚེས་ ༧ ནས་ ༡༩ བར་གྱི་ཉིན་གྲངས་ ༡༣ རིང་འཚོགས་འཆར་ཡོད་པ་དང་། ཚོགས་འདུའི་ནང་དོན་གཙོ་བོ་སྤྱི་ལོ་ ༢༠༠༨ ནས་ ༢༠༠༩ བར་གྱི་བོད་གཞུང་ལྷན་ཁང་མ་ལག་དང་བཅས་པའི་ལས་ཁུངས་ཁག་གི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་། དེ་ལ་བགྲོ་གླེང་གོ་བསྡུར་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག གྲོས་ཚོགས་མགོ་འཛུགས་སྐབས་བཀའ་བློན་ཁྲི་པ་གཙོས་པའི་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་གྲོས་ཚོགས་འཐུས་མི་རྣམ་པ། དེ་བཞིན། ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ་དང་ཟུར་ཉན་པ་བཅས་ལྷན་བཞུགས་ཐོག བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་སྐྱོར་འདོན་དང་སྦྲགས། ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨམྲ་ཝ་ཏིའི་དུས་འཁོར་དབང་ཆེན་སྐབས། མཐུན་འགྱུར་རོགས་རམ་གནང་མཁན་དང་། དུས་རྒྱུན་བོད་དོན་ལ་རྒྱབ་སྐྱོར་དང་༧གོང་ས་མཆོག་ལ་གུས་བརྩི་ལྷོད་མེད་གནང་མཁན་རྒྱ་གར་ཨན་ངྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སན་ཌེན་ཊེ་རཱ་རྗ་སཀ་ཧ་རྭ་རེ་ཌེ་ Yeduguri Sandinti Rajasekhara Reddy མཆོག་ཟླ་འདིའི་ཚེས་ ༢ ཉིན་གློ་བར་དུ་སྐུ་ཚེ་འཕེན་པ་རྫོགས་པ་དང་། ༧གོང་ས་མཆོག་ལ་ཐུགས་འདྲིས་ཟབ་ཅིང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཐད་ཐུགས་སྣང་མཛད་མཁན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེ་ཌི་ཝར་ཌི་ཁེན་ནེ་ཌེ་ M. Kennedy མཆོག་ཟླ་སྔོན་མའི་ཚེས་ ༢༥ ཉིན་སྐུ་གཤེགས་པ་རྣམ་གཉིས་ལ་གཞུང་འབྲེལ་གྱིས་མྱ་ངན་གུས་འདུད་དང་ནང་མིར་ཐུགས་གསོའི་འཚམས་འདྲི་ཞུས་ཡོད།
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། སྤྱི་ནོར་༧གོང་ས་མཆོག་གིས་སྤྱིར་འཛམ་གླིང་ཞི་བདེ་དང་། སྒོས་བོད་གཞིས་བྱེས་གཉིས་ཀྱི་བདེ་སྡུག་ཐད། སྐུ་ངལ་ཁྱད་བསད་ཀྱིས་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་མུས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ཉེ་ཆར་ཐའེ་ཝན་ལ་རང་བྱུང་རྐྱེན་ངན་གོད་ཆག་བྱུང་བར་དུས་ཚོད་ཐུང་ཐུང་ནང་མཛད་འཕྲིན་རླབས་ཆེན་བསྐྱངས་པ་དང་། ད་ལྟ་མུ་མཐུད་དུ་ཡུ་རོབ་ཁུལ་དུ་ཆིབས་སྒྱུར་གྱིས་ཉིན་ཚན་ལྟོས་མེད་ལ་ཕྱག་ལས་གནང་གིན་ཡོད་པར་ཐེངས་འདིའི་གྲོས་ཚོགས་བརྒྱུད་དེ་བཀའ་དྲིན་བླ་མེད་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་གནས་སྟངས་ད་དུང་མུ་མཐུད་ཛ་དྲག་གི་གནས་སྟངས་འོག་བསྡད་ཡོད་ལ། བོད་ཀྱི་བདེན་མཐའ་དུས་ཚོད་ཐུང་ཐུང་ནང་སེལ་སྲིད་ལ། དུས་ཚོད་རིང་པོ་འགོར་ཡང་སྲིད་སྟབས། འདས་པའི་མི་ལོ་ལྔ་བཅུའི་རིང་བོད་མི་ཚོས་ཆོད་སེམས་བརྟན་པོ་དང་སྙིང་སྟོབས་ཞིམ་མེད་ཐོག་ཕྱག་ལས་གནང་བར་བཀའ་དྲིན་རྗེས་དྲན་དང་། འབྱུང་འགྱུར་མུ་མཐུད་ཧུར་སྐྱེད་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་གཞུང་གིས་ཉེ་བའི་ཆར་ཕྱིའི་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་བོད་ནང་གཟིགས་སྐོར་དུ་འཁྲིད་ཀྱིན་ཡོད་པ་དེ་ནི། བོད་ནང་གི་གནས་སྟངས་དངོས་མཁྱེན་རྟོགས་ཆེད་མ་ཡིན་པར། དེང་སྐབས་རྒྱལ་སྤྱིའི་ནང་བོད་དོན་ཁྱབ་བསྒྲགས་ཤུགས་ཆེན་འགྲོ་བཞིན་ཡོད་པར་ཁ་གཏད་དང་། རྒྱལ་སྤྱིའི་ནང་གི་བོད་དོན་ལ་འཁྱོག་བཤད་བྱ་ཆེད་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། གཞིས་བཞུགས་སྤུན་ཟླ་ཚོའི་ཞིམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ཏེ། རྒྱལ་ཁབ་ཁག་གི་གཞུང་དང་གྲོས་ཚོགས་འཐུས་མི། མི་མང་བཅས་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིོན་ཡོད་པ་མངོན་གསལ་ཡིན། ཞེས་གསུངས།
ཐེངས་འདིའི་གྲོས་ཚོགས་ནང་ལས་རིམ་གཙོ་བོ་ཁག་ཅིག་ཡོད་པ་ལས་ད་ལོའི་སྤྱི་ཟླ་ ༤ ནས་ ༨ བར་སྤྱི་འཐུས་རྣམ་པ་ས་གནས་ཁག་ཏུ་ཕྱོགས་སྐྱོད་གནང་སྟེ། ས་གནས་ཀྱི་གནས་སྟངས་དང་མི་དམངས་ཀྱི་བདེ་སྡུག་ལ་རྟོག་ཞིབ་ཡག་པོ་བྱས་ཏེ། ས་གནས་སོ་སོའི་ལས་བསྡོམས་རྒྱས་པ་རེ་བཟོས་ཡོད། དེ་ནི་མང་ཚོགས་ཀྱིས་འོས་འདེམ་བྱས་པའི་འཐུས་མི་དང་། འོས་འདེམ་བྱེད་མཁན་མི་དམངས་བར་འབྲེལ་བ་དམ་ཟབ་དང་། དམངས་གཙོའི་འཕེལ་རིམ་ལ་ཡར་རྒྱས་ཀྱི་རྣམ་ཡིན་པ་མ་ཟད། མ་འོངས་པར་མུ་མཐུད་དུ་མི་དམངས་ལ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུ་དང་། དམངས་གཙོའི་འཕེལ་རིམ་ཐོག་སློབ་གསོ། གཞིས་ཆགས་སྲ་བརྟན། ཉམ་ཐག་ལ་གོ་སྐབས་བསྐྲུན་རྒྱུ། གཞི་རིམ་ཤེས་ཡོན་ཡར་རྒྱས་བཅས་ཀྱི་ལས་དོན་མང་དག་ཅིག་བརྩམས་ཐུབ་ཡོད། ལས་དོན་འདི་དག་ལ་དབུས་ཀྱི་གོ་སྒྲིག་ལྟར། སྤྱི་འཐུས་རྣམ་པས་ལས་དོན་ཚགས་ཚུད་བྱུང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། སྤྱི་འཐུས་ཚོ་ས་གནས་ཁག་ཏུ་སྐོར་སྐྱོད་བྱས་པའི་གོ་རིམ་ཁྲོད། མི་མང་གི་བསམ་ཚུལ་དང་དྲི་བ་ ༤༥༢ ཙམ་སླེབས་ཡོད། དེ་ལ་བཀའ་ཤག་གིས་དུས་ཚོད་ཐུང་ཐུང་ནང་ཐུགས་ཁུར་ཆེ་བཞེས་ཀྱིས་ལན་འདེབས་གསལ་བོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན། ཐེངས་འདིར་སྤྱི་ལོ་༢༠༠༨ ནས་ ༢༠༠༩ བར་གྱི་ལྷན་ཁང་མ་ལག་དང་བཅས་པའི་ལས་བསྡོམས་ཤོག་ཕྲེང་ ༡༤༦༩ ཙམ་ཡོད་པ་སྤྱི་འཐུས་རྒྱུན་ལས་ཀྱི་སྡེ་ཚན་སོ་སོར་ཆ་བགོས་ཀྱིས་ཞིབ་འཇུག་བྱས་མཐར། སྤྱི་འཐུས་རྒྱུན་ལས་ནས་ཞིབ་འཇུག་འབྲི་སྣོན་གང་དགོས་ཞིབ་ཚགས་བྱས་ཏེ་ཐེངས་འདིའི་གྲོས་ཚོགས་ནང་བསྣམས་ཡོད། ཅེས་གསུངས་རྗེས་ལྷན་ཁང་ཁག་གི་བཀའ་བློན་ཚོས་ལས་བསྡོམས་གྲོས་ཚོགས་ལ་སྙན་སྒྲོན་ཞུ་མགོ་བརྩམས་སོང་།
འོ་ད་ཡིན་ན་མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་ཟེར་བ་དེ་ཚོ་མང་པོ་ཞིག་ག་ས་གང་དུ་འཁྱམས་ཏེ་དེ་རིང་ཕྱི་དྲོ་སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་མ་ལོན་ཏེ་ཆུ་ཚོད་ ༤།༠༠ པ་ནས་གྲོས་ཚོགས་གྲོལ་དགོས་ཆགས་སོང་བ་མཐོང་ཐལ། སྤྱིར་བཏང་སྤྱི་འཐུས་ཁ་ཤས་ལོ་གཅིག་གི་ནང་དུ་གྲོས་ཚོགས་གཅིག་ལ་བཅར་བ་དང་གཅིག་ལ་མ་བཅར་བ་བྱེད་མཁན་ཡོད་རེད་ལ་རྒྱ་ཆེའི་མི་མང་གིས་འོས་མང་ཤོས་བླུག་བཞག་པའི་དབུས་གཙང་སྤྱི་འཐུས་ཚེ་བརྟན་ནོར་བུ་གར་སོང་མི་འདུག་ཟེར། མདོ་སྨད་སྤྱི་འཐུས་བསྟན་འཛིན་མཁས་གྲུབ་ཟེར་བའི་སྐད་གྲགས་ཅན་དེས་ན་ནིང་སྟོང་བའི་དུས་ཚོད་ཅིག་བླངས། ལོ་གཅིག་གི་རྗེས་ཏེ་ད་ལོ་ཡང་སྟོང་བའི་དུས་ཚོད་ཅིག་བླངས་ཏེ་སྟོང་བའི་སྤྱི་འཐུས་ཆགས་འདུག་ཟེར། ད་ང་ཚོས་ག་རེ་བྱ་དགོས་རེད།
སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཚོགས་པར་བསྔགས་བརྗོད་ཡི་རང་དང་། ཚོགས་དུས་འདིར་ཚིག་ཙམ་ལ་མགོ་མ་འཁོར་བར་དོན་གྱི་བརྗོད་གཞིའི་ཐོག་བགྲོ་གླིང་གནད་སྨིན་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།
མི་འཁྱམ་ལགས།
ང་ལ་ལམ་སྟོན་དང་རྒྱབ་ལྗོངས་གླེང་གནང་བར་བཀའ་དྲིན་ཆེ། རྒྱུ་མཚན་ཡོད་མེད་དེ་རིམ་པར་རྟོགས་ངེས།
ཡིན་ན་ཡང་། ལུང་རིགས་ལགས་ལྷར་བརྩི་བ་དང་གཞན་རྣམས་འདྲེར་ལྟ་བའི་དགོངས་ཚུལ་དེ་ཅུང་ཐལ་དྲགས་འདུག་སྙམ། རྗེས་སུ་དགོངས་ཚུལ་རེ་སྤེལ་སྐབས། འཇམ་པོས་འཇམ་པོ་འདུལ་བྱེད་ཅིང་། །འཇམ་པོས་རྩུབ་པོའང་འདུལ་བྱེད་ལ། །ཞེས་པའི་བསླབ་བྱའི་ནང་དོན་དེ་ཡིད་ལ་ངེས་པའི་ཐོག་དགོངས་ཚུལ་གནང་ན། རང་གཞན་གཉིས་ཀར་དགེ་མཚན་ཆེ་བ་ཡོད་པར་མཐོང་བཞིན་ཡོད། རབ་བྱུང་ན། མི་གཞི་ལ་དམའ་འབེབ་དང་ཟུར་ཟ་མེད་པའི་ཐོག་ཞི་འཇམ་ངང་ང་ཚོའི་དཀའ་ངལ་ཆུང་ཚགས་འདི་རིགས་ནས་རིམ་པར་གླེང་ཐུབ་ན་མ་འགྲིག་པ་ཅི་ཡོད་དམ།།
བོད་མི་མང་གི་འཐུས་མི་ལྷན་ཚོགས་འཚོགས་བཞིན་པའི་སྐབས་འདིར། ཟུར་ཉན་ལ་འགྲོ་ཁོམ་མ་བྱུང་ཡང་ཐེངས་འདིའི་སྤྱི་འཐུས་ལྷན་ཚོགས་དགོས་པའི་དམིགས་ཡུལ་དང་བརྗོད་གཞི་སོགས་གསར་ལམ་ཁག་ནས་མཐོང་བྱུང་མོད། ང་རང་བོད་མི་མང་གི་ཁོངས་སུ་གཏོགས་པའི་མི་སེར་དཀྱུས་མ་ཞིག་ཡིན་ཡང་། ང་རང་གི་བསམ་འདུན་དང་སྨྲ་བརྗོད་རང་དབང་ཡོད་པ་སྟེ། བེད་སྤྱོད་བཏང་ནས་བསམ་ཚུལ་ཆེས་ཐུང་ཐུང་ཞིག་ཞུ་འདོད་བྱུང་། གང་ཡིན་ཞེ་ན། མ་འོངས་པའི་སྐྱབས་བཅོལ་བོད་མིའི་གནས་སྟངས་དེ་གཞིས་ཆགས་བརྟན་བྱས་པ་ཙམ་གྱིས་ཐག་ཆོད་བྱེད་ཐུབ་ཀྱི་ཡོད་དམ། དེ་མིན་རིགས་གཅིག་རྐང་འཛིན་སྐྱེད་སྲིང་བྱེད་སྤྱད་ཀྱི་མཐུན་རྐྱེན་ཇི་ལྟར་འཚོལ་སྒྲུབ་བྱེད་རྒྱུ་ཡིན་མིན་དང་། གཞན་ཡང་ཡིག་བསྒྲུར་གྱི་སྡེ་ཚན་དམིགས་བསལ་བ་ཞིག་གཞུང་གིས་འཛིན་སྐྱོང་བྱེད་དགོས་མིན་དང་མཐུན་རྐྱེན། སྒྲིག་གཞི་དང་ཕྱོགས་བསྡུས་བྱེད་ཕྱོགས་སྐོར། ད་དུང་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་ལམ་སྟོན་ང་ཚོས་བདག་གིར་འཛིན་དགོས་དང་མི་དགོས། དགོས་ན་ཇི་ལྟར་བྱ་རྒྱུ་ཡིན་མིན། བོད་གཞུང་གི་དྲ་རྒྱ་ཁག་ཡར་རྒྱས་གཏོང་དགོས་མི་དགོས། བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཚན་བསྒྱུར་བྱ་དགོས་མིན་དང་ཤེས་ཡོན་སྲིད་བྱུས་ཇི་ལྟར་ལག་ལེན་བསྟར་དགོས་མིན་སྐོར། ཤེས་ཡོན་གྱི་མི་སྣར་ཆེ་མཐོང་དང་གསོ་སྐྱོང་གང་འདྲ་བྱ་དགོས་མིན་སྐོར། རྒྱ་གཞུང་གི་ཆབ་སྲིད་འཕོ་འགྱུར་ལ་ཉམས་ཞིབ་པ་སྐྱེད་སྲིང་ཇི་ལྟར་བྱ་མིན་སྐོར། བོད་ནང་གི་རྒྱ་ཆེའི་མི་མང་གི་བསམ་འདུན་དང་ལངས་ཕྱོགས་གང་འདྲ་བྱེད་དགོས་མིན་སོགས་བརྗོད་གཞི་གཙོ་བོར་བསླངས་ན་ད་ལྟ་དང་། ལྷག་པར་དུ། མ་འོངས་པའི་མདུན་ལྗོངས་ཕན་ནུས་དོན་སྙིང་ལྡན་པ་ཞིག་ཐོན་པ་སྔོན་དཔག་ཐུབ་པ་ཞིག་རེད་སྙམ།
བསེ་རུ་ལགས།
དུས་བབ་ཀྱི་ཡིག་ནོར་གཙང་མ་བཟོ་བསམ་གྱི་ཡོད་འགྲོ དེ་ནི་ལས་སླ་པོ་ཡོད་པ་མ་རེད། ཡིད་མི་ཆེས་ན། ལུང་རིགས་ལགས་ལ་འདྲི་རོགས། གསར་འགོད་པ་ཚོས་བྲིས་སླེབས་པའི་ཟིན་བྲིས་དང་པོ་དག་ནི། ལུང་རིགས་ཁོ་ནས་ཚད་འདིར་བསྐྱལ་གྱི་ཡོད་པ་རེད། ལུང་རིགས་མེད་དུས། ཡིག་ནོར་ཇེ་མང༌། ཚིག་ཉོག་ཇེ་མང་ཡིན་ཡ། ད་དུང་གཅིག་བཤད། དུས་བབ་ཀྱི་ཚད་གཞི་འདི་ལུང་རིགས་ཡོད་མེད་ལ་རག་ལུས་བསྡད་ཡོད། ལུང་རིགས་ཡོད་ན། ལུང་རིགས་ལ་ཁོམ་པ་ཆ་ཚང་བྱུང་ན། དུས་བབ་ལ་ཡིག་ནོར་མ་སླེབས་ཆོག་པ་ཡོད། འོན་ཀྱང༌། བར་གསེང་དག་ནས་གསར་འགོད་པ་ཚོའི་འདྲེ་ལག་འདི་ལྟར་མཐོང་ཡོང་གི་ཡོད། ལྷ་ལག་གཅིག་གིས་འདྲེ་ལག་ཚང་མ་ལ་སྟངས་འཛིན་ཞིག་ཡོང་གི་མེད་ཚོད་རེད། དུས་བབ་ཀྱི་ཡིག་ནོར་འགོག་དགོས་ན། འདྲེ་ལག་གཅོད་དགོས། ཡང་ན། འདྲེ་ལག་དག་ལྷ་ལག་ཏུ་བསྒྱུར་དགོས། དེ་མིན་ཐབས་ཤེས་དྲག་ག་ཞིག་ཧ་ལམ་མེད།
སྙིང་སྟོབས་ཞིམ་མེད།
ཞིམ་མེད་ཀྱི་སྙིང་སྟོབས་ལ།
ཚིག་འདི་གཉིས་ནི་གོང་གི་གསར་འགྱུར་གྱི་ཁྲོད་ནས་ཐད་ཀར་འདིར་བསྐྱར་དུ་དྲངས་པ་ཡིན།
ངས་སྔར་ནས་བཤད་པ་བཞིན། བོད་ཀྱི་ཡུལ་ལུང་བྱེ་བྲག་པའི་སྐད་ཀྱི་སྒྲ་གདངས་དབང་གིས། དབྱངས་ཨི་དང་ཨུ་གཉིས་ཕན་ཚུན་འཁྲུགས་ཀྱི་འདུག་ཅེས་བཤད་ཡོད།
གོང་གི་སྙིང་སྟོབས་ཞིམ་མེད་ཅེས་པ་སྙིང་སྟོབས་ཞུམ་མེད་ཅེས་ཡིན་ལ།
ཞིམ་མེད་ཀྱི་སྙིང་སྟོབས་ཞེས་པ་ཞུམ་མེད་སྙིང་སྟོབས་མ་ཡིན་ནམ།
དེར་བརྟེན་ང་ཚོས་འདི་རིགས་ལ་ལྷག་པར་དོ་སྣང་དགོས་གལ་ཆེ།
གསར་འགོད་པས་དོན་ཤེས་ཀྱང་དབྱངས་ཨི་དང་ཨུ་གཉིས་འཁྲུགས་པ་དེ་དགོད་བྲོ་བོའི་གནས་ཤིག་མ་རེད་ཅེས་སུས་ཀྱང་སྨྲ་བར་མི་སྤོབས་སོ།།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པར་བཅར་བའི་བཀུར་འོས་སྤྱི་འཐུས་རྣམ་པ་དང་། ཟུར་ཉན་པ་སོགས་ཚང་མར་འཚམས་འདྲི་ཞུ་དང་གུས་བཀུར་ཞུ།
ཨོ་སྤྱི་འཐུས་ལྷན་ཚོགས་ཀྱིས་འཚོགས་འདུ་ཚོགས་ཀྱི་ཡོད་པར་ཐོས་པས་དགའ་བོ་བྱུང་། འཚོགས་འདུ་ལམ་ལྷུང་ཡོང་པའི་སྨོན་ལམ་ཡོད།