ཕྱི་རྒྱལ་ཁག་གི་གཞུང་དང་མང་ཚོགས་ཀྱིས་བོད་མིར་དམིགས་བསལ་གཟིགས་སྐྱོང་ཐོབ་པ་དང་། ལྷག་པར་དུ་རྒྱལ་ཁབ་མང་པོ་ཞིག་གིས་བོད་མིའི་དཔྱ་ཁྲལ་ལག་དེབ་ངོས་ལེན་བྱས་ཏེ། ཐོབ་ཐང་འདྲ་མིན་རག་གིན་ཡོད་སྟབས། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད། བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་ཐད། རྙོག་གླེང་དང་དཀའ་ངལ་མི་ཉུང་བ་ཞིག་ཡོང་གིན་ཡོད་ལ། བོད་མི་རྣམས་དཔྱ་ཁྲལ་ལག་དེབ་ལ་རྩིས་འདང་སྔར་ལས་ཇེ་ཆེར་ཕྱིན་ཅིང་། ལག་དེབ་རྫུན་བཟོ་དང་ཚོང་སྒྱུར་བྱེད་ཀྱིན་ཡོད་ལ། མི་རིགས་གཞན་པ་ཚོས་ཀྱང་བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་ལག་དེབ་རག་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་འདུག
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཐབས་ཤེས་འདྲ་མིན་སྤྱད་དེ་དཔྱ་ཁྲལ་ལག་དེབ་རྫུན་མ་བཟོ་མཁན་དང་། ཧིན་སྒོར་འབུམ་ཡས་མས་སྤྲད་དེ་ཉོ་ཚོང་བྱེད་མཁན། གཞན། ལྟག་སྒོ་བརྒྱུད་དེ་ལག་དེབ་རག་རྒྱུར་འབད་བརྩོན་བྱེད་མཁན་ཡང་བྱུང་ཡོད་རབས་ཀྱི་གནས་ཚུལ་ཐོན་ཡོད། ལག་དེབ་རྫུན་མ་བཟོས་པ་དང་ཉོ་ཚོང་བྱེད་མཁན་འགའ་རེ་བོད་གཞུང་དཔལ་འབྱོར་ལས་ཁུངས་དང་བདེ་སྲུང་ལས་ཁུངས་མཉམ་འབྲེལ་ཐོག་འཇུ་བཟུང་བྱས་ཏེ། རྒྱ་གར་སྐོར་སྲུང་བར་རྩིས་སྤྲོད་བྱས་པའི་གནས་ཚུལ་ཡང་ཐོན་ཡོད། དཀའ་ངལ་དེའི་རྐྱེན་པས་བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་ལག་དེབ་གསར་བཟོ་དང་ནོར་བཅོས་ཐད། དམ་དྲག་སྟངས་འཛིན་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་སྟབས། སྤྱི་ཚོགས་ནང་ལག་དེབ་གསར་བཟོ་དང་། ལག་དེབ་ལ་ནོར་བཅོས་བྱེད་མཁན་དག་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་ཡོད་འདུག
སྤྱི་ལོ་ ༢༠༠༣ ཚུན་ལ་བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱིས་བོད་མིའི་དཔྱ་ཁྲལ་ལག་དེབ་ཆིག་འབུམ་སུམ་ཁྲི་ ༡༣༠༠༠༠ ཙམ་བཟོས་ཡོད་འདུག་ལ། སྤྱི་ལོ་ ༢༠༠༩ ལོར་དཔྱ་ཁྲལ་ལག་དེབ་བརྒྱུད་དེ་ཧིན་སྒོར་བྱེ་བ་བརྒྱད་དང་ས་ཡ་བདུན་ ༨༧༠༡༠༢༤༦།༢༧ ཙམ་དཔལ་འབྱོར་ལས་ཁུངས་སུ་འབྱོར་ཡོད་འདུག དཔྱ་ཁྲལ་ལག་དེབ་ཐད་ཀྱི་དཀའ་ངལ་དང་རྙོག་དྲའི་ཐད་ད་ལྟ་འཚོགས་བཞིན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་། སྤྱི་འཐུས་མང་དག་ཅིག་གིས་འབྲེལ་ཡོད་དཔལ་འབྱོར་བཀའ་བློན་མཆོག་ལ་དོགས་འདྲི་དང་རེ་འདུན། འབོད་སྐུལ་སོགས་ནན་གྱིས་ཞུས་སོང་ལ། ཕྱི་ཚེས་ ༡༥ ཉིན་དཔལ་འབྱོར་བཀའ་བློན་མཆོག་གིས་ཆུ་ཚོད་གཅིག་ལྷག་རིང་དཔྱ་ཁྲལ་ལག་དེབ་སྐོར་གྱི་དྲི་བར་ལན་འདེབས་དང་། སྤྱི་ཚོགས་ནང་གི་གླེང་རྙོག་རིགས་ལ་དོན་དངོས་ཀྱི་གསལ་བཤད་གནང་ཡོད།
སྐབས་དེར་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་གིས་གསུངས་དོན། ལག་དེབ་རྫུན་མ་བཟོ་བ་དང་ཚོང་སྒྱུར་བྱེད་ཀྱིན་ཡོད་པ་བདེན་པ་རེད། དེའི་སྐོར་ལ་ང་ཚོས་ཞིབ་འཇུག་བྱེད་མུས་ཡིན་ལ། བདེ་སྲུང་གི་ངོས་ནས་ཀྱང་ཐུགས་ཁུར་ཆེན་པོ་བཞེས་ཀྱིན་ཡོད། ལག་དེབ་ཆ་ཚང་རྫུན་མ་བཟོས་པ་འདྲ་མཐོང་མ་སོང་མོད། དཔལ་འབྱོར་ལས་ཁུངས་བརྒྱུད་དེ་ལག་དེབ་རྫུན་མ་འཇུས་པའི་ནང་དུ། ལག་དེབ་ནང་གི་ཤོག་བུ་བརྗེ་བོ་བརྒྱབས་པ་ཡོང་གིན་འདུག ཡང་འགའ་རེ་ཡིས་ལག་དེབ་རྙིང་བ་གཞན་ལ་བཙོང་ཡོད་པ་འདྲ། ཉེ་ཆར་དཔལ་འབྱོར་ལས་ཁུངས་ནས་མི་གཅིག་འཇུ་ཐུབ་པ་བྱུང་སྟེ། སྐད་ཆ་འདྲི་སྐབས་ལག་དེབ་བཙོང་བ་ངོས་ལེན་བྱས་ཡོད་སྟབས། ང་ཚོས་ས་གནས་སྐོར་སྲུང་བར་རྩིས་སྤྲད་པ་རེད། སྐབས་དེར་ངྷ་ས་ས་གནས་རང་བདེན་ཚོགས་ཆུང་གི་ལག་དེབ་བོར་བརླག་ཕྱིན་ཡོད། འོན་ཀྱང་། ས་གནས་སྐོར་སྲུང་བས་ཉིན་འགའི་རྗེས་ཁོ་གློད་གྲོལ་བཏང་འདུག སྐོར་སྲུང་བས་བརྗོད་པ་ལྟར་ན། མི་དེའི་ལག་ནས་ཐོན་པའི་དཔྱ་ཁྲལ་ལག་དེབ་དང་། ངྷ་ས་རང་བདེན་ཚོགས་ཆུང་ནས་བོར་བའི་ལག་དེབ་གཉིས་ཀྱི་ཨང་གྲངས་མཐུན་གྱི་མི་འདུག ལག་དེབ་དེའི་བདག་པོ་བལ་ཡུལ་ནས་རེད་ཟེར། དེ་བཞིན་ལྡི་ལི་ནས་ཀྱང་ལག་དེབ་རྫུན་མ་ཉར་མཁན་ཞིག་འཇུས་འདུག མི་དེ་བོད་པ་མ་རེད། བལ་ཡུལ་ནས་རེད། ཁོས་ཀྱང་དངུལ་སྤྲད་དེ་ཉོས་པ་ཡིན་སྐོར་བརྗོད་འདུག ཅེས་གསུངས་བྱུང་།
ཁོང་གིས་མུ་མཐུད་དུ་དཔྱ་ཁྲལ་ལག་དེབ་གསར་བཟོ་དང་ནོར་བཅོས་སྐོར་གྱི་ད་ལྟའི་གནས་སྟངས་ངོ་སྤྲོད་གནང་དོན། སྤྱི་ལོ་ ༢༠༠༧ ནས་ད་བར་ལག་དེབ་གསར་བཟོ་ཞུ་མཁན་ཁྲི་གཅིག་ ༡༠༠༠༠ ལྷག་འབྱོར་བ་ལས་བདུན་སྟོང་ ༧༠༠༠ བཟོས་ཏེ་དོ་བདག་ལ་ཕུལ་ཟིན། བཞི་སྟོང་ ༤༠༠༠ བཟོ་མུས་ཡིན། འོན་ཀྱང་འགེངས་ཤོག་ཕྱིར་སློག་བྱས་པ་ ༡༩༨༥ བྱུང་འདུག དེའི་ཁྲོད་འགེངས་ཤོག་འཐུས་ཚང་མིན་པ་ ༦༥༠ དང་། དཔང་རྟགས་ཡིག་ཆ་མེད་པ་ ༦༠༠ ། པར་ཚད་ལྡན་མིན་པ་ ༡༡༥ བཅས་འདུག ཡང་ལག་དེབ་གསར་བ་ཞུ་མཁན་ཚོར་ཞིབ་འཇུག་བྱས་སྐབས་ལག་དེབ་སྤྲོད་མ་ཐུབ་པ་ ༨༠ འདུག རྒྱབ་རྟེན་ཡིག་ཆ་དང་འགེངས་ཤོག་གཉིས་ཀྱི་ནང་དོན་མ་མཐུན་པར་ཕྱིར་སློག་པ་ ༦༠ བཅས་འདུག
གསལ་བོ་བྱས་ཏེ་གྲོས་ཚོགས་ལ་ཞུ་ཐུབ་པ་ཞིག་ལ། སྤྱི་ལོ་ ༡༩༨༥ ཚུན་ལ་ལག་དེབ་ཞུ་མཁན་ ༤༨༠ ཙམ་ལ་སྤྲོད་ཐུབ་པ་ཁྱོན་ནས་མི་འདུག་ཅེས་ཚིག་ཐག་ཆོད་པོས་ཞུ་རྒྱུ་ཡིན། དེ་དག་སྔར་ལག་དེབ་ཡོད་བཞིན་དུ་གསར་བ་ཞུ་མཁན་ ༤༤༠ དང་། བོད་པ་མིན་པའི་ལག་དེབ་ཞུ་མཁན་ ༤༠ བཅས་རེད། ནོར་བཅོས་མ་ཐུབ་པར་ད་ལྟ་ལྷག་བསྡད་པ་ ༥༤༠ ཙམ་འདུག དེ་དག་གང་རེད་ཟེར་ན། སྐྱེས་ཚེ་ལག་ཁྱེར་དང་སྐྱབས་བཅོལ་ལག་ཁྱེར་གང་ཡང་མེད་མཁན་ ༧༧ དང་། ས་གནས་ཀྱི་དག་མཆན་མེད་པ་ ༢༠ ། ལོ་རྒྱུས་དང་མི་མཐུན་པ་ ༡༣ བཅས་རེད། གཞན་ ༤༣༠ ཙམ་ལ་སྔར་བཀའ་ཤག་གི་ལམ་སྟོན་ཞིག་གི་དབང་གིས་འགག་ཡོད་ཀྱང་། སྔར་ལོའི་ཟླ་ ༡༡ ཚེས་ ༥ ཉིན་ལམ་སྟོན་དེ་ལ་འགྱུར་བ་བཏང་སྟབས་ལམ་ཁ་རག་ཡོད། ཅེས་གསུངས་བྱུང་།
མཇུག་མཐར་ཁོང་གིས་ལག་དེབ་གསར་བཟོ་དང་ནོར་བཅོས་བྱེད་ཕྱོགས་དང་འབྲེལ་དོགས་གནས་ཤིག་གསུངས་དོན། ལག་དེབ་ཞུ་མཁན་རིགས་ལ་གསལ་བོར་ཞུ་རྒྱུ་ཞིག་ལ། ལག་དེབ་གསར་བ་ཞུ་བྱེད་ཀྱི་འགེངས་ཤོག་དང་མཉམ་དུ་ཆ་རྐྱེན་གང་དགོས་པའི་ལམ་སྟོན་ཡིག་ཆ་མཉམ་སྦྱར་བྱས་ཡོད། དེ་ལ་ཐུགས་ཞིབ་གནང་རོགས། དེ་བཞིན། ནོར་བཅོས་ཞུ་མཁན་ཚོ་ལའང་ནོར་བཅོས་ཞུ་བྱེད་འགེངས་ཤོག་དང་མཉམ་དུ་ལམ་སྟོན་ཡོད་སྟབས། དེ་ལ་ཉམས་འཇོག་བྱ་དགོས། དཔལ་འབྱོར་ལས་ཁུངས་ནས་དཔྱ་ཁྲལ་ལག་དེབ་སྐོར་ལ་སྔ་ཕྱིའི་ལམ་སྟོན་ཁག་ཕྱོགས་སྒྲིག་གི་དཔེ་དེབ་ཅིག་དང་། ལག་དེབ་གསར་བཟོ་དང་ནོར་བཅོས་ཀྱི་ལམ་སྟོན་འགེངས་ཤོག་དང་མཉམ་སྦྱར་ཐོག སྐུ་ཚབ་དོན་གཅོད་ཁག་དང་ས་གནས་མགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་བཅས་སུ་བཀྲམས་ཡོད། ཅེས་དང་།
དེང་སྐབས་མཚམས་མ་ཆད་པར་ཟླ་བ་རེ་ལ་ཆ་སྙོམ་ལག་དེབ་གསར་བ་ཞུ་མཁན་ཆིག་སྟོང་ཉིས་བརྒྱ་ ༡༢༠༠ ཡས་མས་ཡོང་གིན་འདུག སྤྱི་ལོ་ ༢༠༠༣ ཚུན་ལ་ལག་དེབ་ཕུལ་ཟིན་པ་འབུམ་གཅིག་དང་ཁྲི་གསུམ་ ༡༣༠༠༠༠ ལ་སླེབས་འདུག འོན་ཀྱང་། ད་དུང་མཚམས་མ་ཆད་པར་ཡོང་གིན་འདུག་སྟབས། རང་བཞིན་གྱིས་དོགས་པ་ཞིག་ཡོང་གིན་འདུག མི་འགྱངས་པར་མི་འབོར་ཞིབ་བཤེར་གྱི་གྲངས་ཐོ་ཞིག་ཡོང་གི་རེད། སྐབས་དེར་དཔལ་འབྱོར་ལས་ཁུངས་དང་བཀའ་ཤག་མཉམ་འབྲེལ་ཐོག་ཞིབ་འཇུག་ཡག་པོ་ཞིག་གནང་དགོས་པ་ཞིག་ཆགས་འདུག ཅེས་གསུངས་བྱུང་།
ཕྱི་ཚེས་ ༡༧ ཉིན་འདི་གའི་གསར་འགོད་པ་དཔལ་འབྱོར་བཀའ་བློན་མཆོག་གི་དྲུང་དུ་བཅར་ཏེ། དཔྱ་དངུལ་ཁྲལ་ལག་དེབ་ཀྱི་དཀའ་རྙོག་སྐོར་ལ་བཅར་འདྲི་ཞུས་སྐབས། ཐོག་མར་ཁོང་གིས་གཞུང་སྒེར་གཉིས་ལ་དང་བླངས་དཔྱ་ཁྲལ་ལག་དེབ་གལ་ཆེན་ཡིན་སྐོར་གསུངས་དོན། བོད་མིའི་གཅེས་འཛིན་དཔྱ་ཁྲལ་ལག་དེབ་འདི་བཙན་བྱོལ་གཞུང་དང་། དོ་བདག་མི་སྒེར་གཉིས་ཀར་གལ་འགེངས་ཆེན་པོ་ཆགས་ཡོད། དཔྱ་ཁྲལ་ལག་དེབ་ཞུ་མཁན་སྔར་ལས་མང་དུ་ཕྱིན་འདུག་ལ། དེ་ཡང་ཛ་དྲག་ཐོག་ནས་ཞུ་བཞིན་འདུག དེ་ནི་ཕྱི་རྒྱལ་ཁག་གི་གཞུང་ཚབ་མང་པོ་ཞིག་གིས་བོད་མིའི་དཔྱ་ཁྲལ་ལག་དེབ་ངོས་ལེན་བྱེད་ཀྱིན་ཡོད། དཔེར་ན་ཨ་རི་ལྟ་བུར་མཚོན་ན། བོད་མི་ཞིག་གིས་ཨ་རིར་གཏན་སྡོད་ཆོག་མཆན་ཞུ་སྐབས། ཨ་རིའི་གཞུང་གིས་བོད་མི་ཡིན་པའི་དཔང་རྟགས་ཆེད། དཔྱ་ཁྲལ་ལག་དེབ་འཁྱེར་ཤོག་ཟེར་གྱིན་ཡོད་སྟབས་ལག་དེབ་ཐོག་ཚ་ཚ་འུར་འུར་བྱེད་ཀྱིན་ཡོད་པ་རེད། ཅེས་དང་།
བོད་མིའི་དཔྱ་ཁྲལ་ལག་དེབ་འདི་གཞུང་གི་འཛིན་སྐྱོང་གི་འགྲོ་གྲོན་ཐད་ཀྱི་ཡོང་འབབ་གལ་ཆེན་ཞིག་ཆགས་ཡོད། ལག་དེབ་སྤྲོད་ཕྱོགས་ཀྱི་ཁྲིམས་སྒྲིག་ནང་། བོད་མི་དངོས་བདེན་ཡིན་པ་ཞིག་ལ་མ་གཏོགས་སྤྲོད་ཐབས་ཡོད་པ་མ་རེད། འོན་ཀྱང་། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་རྒྱལ་ཁབ་མང་པོ་ཞིག་གིས་བོད་མིར་དམིགས་བསལ་གྱི་གཟིགས་སྐྱོང་གནང་གིན་ཡོད་སྟབས། བོད་རིགས་མ་ཡིན་པ་མང་པོ་ཞིག་གིས་ལག་དེབ་འདི་རག་རྒྱུར་ཐབས་ཤེས་བྱེད་ཀྱིན་ཡོད། དེར་བརྟེན། དཔལ་འབྱོར་ལས་ཁུངས་དང་བཀའ་ཤག་གི་ངོས་ནས་དཔྱ་དངུལ་ལག་དེབ་བཟོ་ཕྱོགས་ཐད་སྟངས་འཛིན་ཤུགས་ཆེ་རུ་གཏོང་དགོས་བྱུང་བ་རེད། ཅེས་གསུངས་བྱུང་།
ཁོང་གིས་མུ་མཐུད་དུ་ལག་དེབ་ཀྱི་རྙོག་དྲའི་འབྱུང་རྐྱེན་སྐོར་གསུངས་དོན། དེང་སྐབས་སྤྱི་ཚོགས་ནང་ལག་དེབ་ཐད་རྙོག་གླེང་ཡོང་བའི་རྒྱུ་རྐྱེན་ཆེ་ཤོས་ཤིག་ནི། ཕྱི་རྒྱལ་ཁག་ཏུ་གཉེན་སྒྲིག་ངོ་མ་མ་ཡིན་པའི་ཐོག་ནས་འགྲོ་མཁན་དང་། དངུལ་ཕོན་ཆེན་སྤྲོད་ལེན་ཐོག་ཕྱི་རྒྱལ་དུ་འཐེན་པ་སོགས་ཡོང་གིན་ཡོད། ཕྱི་རྒྱལ་གཞུང་ཚབ་ཁག་ནས་བོད་མི་ཡིན་པའི་དཔང་རྟགས་དཔྱ་ཁྲལ་ལག་དེབ་ལ་ལྟ་བཞིན་ཡོད་སྟབས། གང་ཟག་སོ་སོའི་ཁེ་ཕན་དང་འཕྲལ་སེལ་གྱི་དགོས་མཁོར་བལྟས་ཏེ། ལག་དེབ་ནང་གི་མིང་དང་སྐྱེས་ལོ་སྐྱེས་ཚེས་སོགས་ལ་འགྱུར་བ་གཏོང་དགོས་པ་ཆགས་ཀྱིན་ཡོད། འོན་ཀྱང་། གཞུང་གིས་དེ་ལ་རོགས་རམ་མཐུན་འགྱུར་ཞུ་ཐབས་ཡོད་པ་མ་རེད། ཅེས་དང་།
གོ་སྐབས་འདི་བརྒྱུད་དེ་མང་ཚོགས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ལག་དེབ་རྫུན་མ་དང་གཞན་གྱི་ལག་ནས་ཉོས་པའི་རིགས་ལ་ཕན་ཐོགས་གང་ཡང་ཡོད་པ་མ་རེད། ལག་དེབ་སྟེང་གི་མིང་དང་ཨང་གྲངས་སོགས་དཔལ་འབྱོར་ལས་ཁུངས་ཀྱི་གྲངས་མཛོད་ནང་ཉར་ཡོད། ལག་དེབ་དང་འབྲེལ་བ་ཡོད་པའི་ངོས་སྦྱོར་དང་མཐུན་འགྱུར་ཞུ་མཁན་རིགས་ལ། ཐོག་མར་མིང་དང་ཨང་གྲངས་ལ་ཞིབ་འཇུག་བྱེད་ཀྱིན་ཡོད། གཞན་གྱི་མགོ་སྐོར་འོག་མ་ཚུད་རོགས་ཞུ་རྒྱུ་ཡིན། ཡང་སྤྱི་ཚོགས་ནང་། དངུལ་སྤྲད་ན་དཔལ་འབྱོར་ལས་ཁུངས་ཀྱི་གྲངས་མཛོད་ལ་ལག་པ་འཆིང་རྒྱུ་ཡོད་པའི་སྐད་ཆ་ཞིག་ཡོང་གིན་ཡོད། དེ་ནི་ལག་དེབ་ཚོང་སྒྱུར་བྱེད་མཁན་དག་གིས་སོ་སོའི་ཚོང་བརྒྱུག་ཆེད་ཁོ་ན་རེད་མ་གཏོགས། དཔལ་འབྱོར་ལས་ཁུངས་ལ་དེ་འདྲའི་ལམ་ཁ་ཞིག་རྩ་བ་ནས་ཡོད་པ་མ་རེད། དེ་ང་རང་དཔལ་འབྱོར་བཀའ་བློན་གྱི་ངོས་ནས་ཡིད་ཆེས་ཆེན་པོ་དང་ཁ་གསལ་བོ་བྱས་ཏེ་ཞུ་ཐུབ་ཀྱིན་ཡོད། ཅེས་གསུངས་བྱུང་།
ཛ་དྲག་གི་ངོ་བོར་འགྱུར་བཞིན་པའི་བཙན་བྱོལ་བོད་མིའི་དཔྱ་ཁྲལ་ལག་དེབ་ཐད། དེ་རིང་ཕྱི་ཚེས་ ༡༨ ཉིན་སྤྱི་འཐུས་གྲོས་ཚོགས་ནང་། སྤྱི་ཚོགས་ནང་དཀའ་རྙོག་དང་དཀའ་ངལ་ཇི་སྙེད་ཅིག་འཕྲད་ཀྱིན་ཡོད་པ་དེའི་གནས་ཚུལ་ངོ་མ་ཅི་ཡིན་དང་སེལ་ཐབས་གང་ཡོད་ཐད། སྤྱི་འཐུས་གསུམ་དང་དཔལ་འབྱོལ་དྲུང་ཆེ་བཅས་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་པའི་གཞུང་འབྲེལ་གྲོས་ཆོད་བསྣམས་ཡོད།
ད་དུང་ནོར་བཅོས་བྱེད་མཁན་རྣམས་ཀྱིས་དག་ཆ་དང་ཡིག་གཟུགས་གཟབ་གཟབ་བྱེད་དགོས་པ་དེ་བས་གལ་ཆེ།
བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ལག་ཁྱེར་གསར་བཟོ་དང་ནོར་བཅོས་བྱེད་བཞིན་པ་ཧ་ཅང་གལ་འགང་ཆེ་མོད།འོན་ཀྱང་ནོར་བཅོས་བྱེད་སྐབས་མིང་གང་ཡིན་རང་འཇགས་ལས་བརྗེ་བོར་རྒྱག་མི་འདུག་པའི་དེ་དག་གི་་རྒྱུུ་་མཚན་རེ་གསལ་བཤད་བྱས་ན་མི་གང་མང་གི་རྣམ་རྟོག་སེལ་བར་ཕན་ཐོགས་ཆེ།འཀའ་ངལ་དེ་དག་མི་གང་མང་ལ་འཕྲད་བཞིན་པས་སོ།
གང་དུ་གསང་བ་རྣམས་དངོས་འབྲེལ་ཡིན་འགྲོ། བདེ་སྤང་རྒྱབ་གཉེར་སོགས་གང་དགོས་ཡོད་ཅང་སྤྱད་གཞི་མིག་ཙམ་མ་ལྟས་བར་ཕྱི་གཡུག་གནང་བ་ཧ་ཅང་སྤྱོ་བོ་རེད། མི་མིང་གི་བདེ་སྡུག་ལ་གཟིགས་རོག མི་ཅིག་གི་ལག་དེབ་རྫུན་མ་བཟོས་ཡོད་ཅང་མི་དམང་གི་ལག་དེབ་ཚང་མ་རྫུན་མའི་ལྟ་ཚུལ་མ་འཛིན་རོག་ཐུགས་རྗེས་གཟིགས།
ངས་ཡིག་གེ་ཡག་པོ་མི་ཤིས་ནོར་བ་རྣམས་དགོང་དག་ཞུ
བཙན་བྱོལ་བོད་མིའི་དཔྱ་ཁྲལ་ལག་དེབ་བཟོ་རྒྱུ་དམ་དུ་བཏངས་བ་དེ་ནི་དགོས་ངེས་ཤིག འོད་ཀྱང་སྔོན་ནས་བོད་ནས་འབྱོར་ཞིང་བཙན་བྱོལ་སློབ་ཁག་དང་གྲྭ་ས་ཁག་ཏུ་སློབ་སྦྱོང་བྱས་བྱེད་བཞིན་པ་ཁག་ཅིག་གི་ལག་དེབ་བོར་རླག་ཏུ་སོང་བ་དང་། རྐྱེན་དུ་མ་ཤིག་གིས་དེ་སྔོན་བཟོ་མ་ཐུབ་ཁག་ཅིག་བོད་མི་ཡིན་པ་ཤེས་བཞིན་དུ་ས་གནས་ཀྱི་ལས་ཁུངས་དང་བོད་གཞུང་དཔལ་འབྱོར་ལས་ཁུངས་བཅས་ནས་བཟོ་གྱི་མེད་པའི་གནས་ཚུལ་ཐོན་གྱིན་ཡོད་ལ། ལྷག་པར་དུ་རྒྱ་གར་སྐྱབས་བཅོལ་ལག་ཁྱེར་དང་མིང་དང་ཨང་གྲངས་མི་མཐུན་པ་དེ་དག་བརྗེ་རྒྱུར་དཀའ་ངལ་ཤིན་ཏུ་ཆེན་པོ་སྤྲད་བཞིན་ཡོད་པ་ནི་ཅུང་མི་འོས་པར་སྣང་ངོ།།
དཔྱ་དངུལ་ལག་དེབ་ཀྱི་གོང་ཚུལ་སྤར་པ་དང་ཆབས་ཅིག་སྤོས་ཚད་ཀྱང་ཏོག་ཙམ་ཡར་རྒྱས་གཏོང་ཐུབ་ན་ཡག་པོ་ཡོང་ས་རེད། རབ་བྱུང་ན་དོ་བདག་གི་ལོ་རྒྱུས་དང་པར་ཡོད་སའི་ཤོག་ངོས་ནི་དེངས་དུས་གསར་དུ་བཟོ་བཞིན་པའི་བོད་མིའི་ཕྱི་བསྐྱོད་ལག་འཁྱེར་ནང་བཞིན་གློག་ཀླད་ནང་འཚག་སེལ་(scan)བྱས་ཏེ་བཟོ་རྒྱུ་དང་དེ་ཡང་དབྱིན་བོད་ཤན་སྦྱར་ཐོག་ཡོད་ཚེ་དོ་བདག་རང་ཉིད་ཕྱི་རྒྱལ་ཁག་ས་གནས་གང་དུ་སོང་ཡང་བོད་མི་ངོ་མ་ཞིག་ཡིན་པའི་ངོས་ལེན་བྱེད་རྒྱུར་ཏན་ཏན་ཕན་ཐོག་ཡོད་རེད། མ་ཟད་བོད་མི་ལ་དགའ་ཞེན་ཡོད་པའི་ཕྱི་རྒྱལ་མི་རིགས་རྣམས་ཀྱིས་ཀྱང་རོགས་རམ་བྱེད་བདེ་རུ་འགྲོ་ངེས་རེད། གཞན་ལོ་འགའི་སྔོན་ནས་གསར་བཟོ་བྱས་པའི་དཔྱ་དངུལ་ལག་དེབ་དེ་ནི་ཐབ་སྐྱོ་བོ་ཞེ་པོ་ཞིག་བཟོས་འདུག དཔེར་ན་དོ་བདག་གི་ལོ་རྒྱུས་དེ་དབྱིན་བོད་ཤན་སྦྱར་མིན་པ་མ་ཟད་བོད་ཡིག་དེ་ཡང་སློབ་ཆུང་འཛིན་རིམ་དང་པོའི་སློབ་ཕྲུག་ཅིག་གིས་བྲིས་པ་ལས་སྐྱོ་བ་འདུག་པས་མི་གཞན་ལ་སྟོན་རྒྱུར་ཡང་ངོ་ཚ་དགོས་པ་ཞིག་འདུག། ང་ཡང་འདིར་མཐོ་སློབ་ཏུ་གསར་ཞུགས་བྱེད་སྐབས་ང་རང་བོད་མི་ཚད་ལྡན་ཡིན་པས་ངོ་སྦྱོར་
ཁྱེར་ཤོག་ཅེས་ང་ཚོའི་མཐོ་སློབ་ཡིག་ཚང་ནས་གསུང་པ་ལྟར་དཔྱ་དངུལ་ལག་དེབ་དེ་ཁྱེར་ནས་སོང་བ་ཡིན། དེ་དུས་ཡིག་ཚང་ནས་དཔྱ་དངུལ་ལག་དེབ་སྟེང་ཡི་གེ་ཅི་ཞིག་བྲིས་ཡོད་མི་ཤེས་པའི་སྟེང་བོད་ཡིག་གི་ཡིག་གཟུགས་འཁྱར་རེ་
འཁྱོར་རེ་དེ་མཐོང་དུས་ཁོང་ཚོར་རང་བཞིན་གྱིས་དོགས་པ་ཞིག་སྐྱེས་ཡོད་པ་འདྲ། ཡིག་ཚང་འགན་འཛིན་ནས་བོད་ཡིག་ཐོག་ཡོད་པའི་ནང་དོན་ཁག་དབྱིན་ཡིག་ཐོག་བསྒྱུར་ཏེ་དེའི་སྟེང་རྒྱ་གར་དོན་གཅོད་དང་བོད་པའི་དོན་གཅོད་གང་
རུང་གིས་དག་མཆན་བརྒྱབས་ནས་ཁྱེར་ཤོག་ཅེས་བཤད་སོང་ལ། དེ་དུས་ང་ལག་དེབ་སྟེང་(དོ་བདག་གི་ལོ་རྒྱུས)ཡི་གེ་འབྲི་མཁན་དེ་ལ་རྣམ་རྟོག་ཟ་སོང༌། ཁོང་ཚོས་བོད་ཡིག་མ་ཤེས་པ་སྟབས་ཡག་རེད་མ་གཏོགས་ཤེས་མཁན་ཞིག་ཡིན་ཚེ་དག་ཆ་ནོར་བ་ཡང་མང་ཐག་ཆོད་འདུག་པས་བོད་པའི་ཞབས་འདྲེན་ཆ་ཚང་ཞུས་ཚར་ཡོད། དེ་འདྲ་སོང་ཙང་རིན་གོང་སྤར་རྒྱུ་ཡིན་ཚེ་དེ་དང་མཐུན་པར་ལག་དེབ་དེ་ལ་རེ་བ་བཅོལ་མཁན་གྱི་དམངས་ཚོགས་ལ་ཕན་ཐོག་ཡོད་པ་ཞིག་བཟོ་རྒྱུའི་བསམ་བློ་གཏོང་རོགས་ཞེས་ཞུ་འདོད་བྱུང༌།རྒྱུ་མཚན་ནི་ང་ཚོའི་སྤྱི་ཚོགས་ནང་སྐུ་ངོ་མང་དག་ཅིག་ལ་ཨ་རི་གཙོས་སྟོབས་ཆེན་རྒྱལ་ཁབ་ཁག་གི་མི་སེར་ལག་འཁྱེར་ཡོད་སྟབས་ཁོང་ཚོ་ལ་འདིའི་ཐོག་མྱོང་ཚོར་གང་ཡང་ཡོད་མི་སྲིད་ལ་དེ་ཕྱིར་ཐེངས་གཉིས་པའི་དཔྱ་དངུལ་ལག་དེབ་དེའང་འདི་འདྲའི་ཐེབས་ཆགས་ཤིག་ལས་བཟོ་མ་ཐུབ་པ་རེད་བསམ་གྱི་ཡོད།
ཁམས་བཟང་། བཙན་པོའི་བུས་དགོངས་ཚུལ་ཡག་པོ་གསུངས་འདུག འོན་བཏང་བོད་གཞུང་ཟེར་ན་ཡང་། མི་ཚོང་རྒྱག་མཁན་གཅིག་རེད། ཅེས་བཙན་བྱོལ་བོད་གཞུང་འདི་ལ་མི་ཚོང་རྒྱག་མཁན་གྱི་མིང་ཚིག་ངན་པ་འདི་འདྲ་བེད་སྤྱོད་གཏན་ནས་བཏང་མི་རུང་བ་ཞིག་རེད།
གནད་དོན་གང་ཞིག་ཡིན་རུང་བོད་གཞུང་གིས་མ་འགྲིག་པ་ཞིག་མ་ཡིནཔར་ལས་ཐོག་གི་ལས་བྱེད་ཚོས་མ་འགྲིག་པ་ཞིག་ལ་ངོས་འཛིན་གནང་དགོས།
བོད་གཞུང་ཟེར་ན་ཡང་། མྱི་ཚོང་རྒྱག་མཁན་ཁག་གཅིག་རེད། ངས་ནམ་རྒྱུན་འདི་ལྟར་བསམ་བཞིན་ཡོད། རང་ཅག་འགྲོ་བ་ཡོངས་ཀྱི་གཙུག་རྒྱན་དམ་པ་༧གོང་ས་རིན་པོ་ཆེ་མཆོག་གིས་དུས་རྒྱུན་དུ་བོད་གཞུང་གི་ལས་བྱེད་པ་རྣམས་ལ་རེ་བ་ཆེན་པོ་ཞིག་བཅང་ཡོད་མོད། ཞིབ་ཏུ་བསམ་ན། བོད་གཞུང་གི་ལས་བྱེད་རེ་གཉིས་ཤིག་མ་གཏོགས་མང་ཆེ་བ་གཞུང་གི་རྐུབ་སྟེགས་ལས་རང་དོན་ཁོ་ན་སྒྲུབ་མཁན་ཤ་སྟག་རེད། དཔེ་མཚོན་ཙམ་བཤད་ན། བཙན་བྱོལ་བོད་གཞུང་ནི་སྐྱབས་བཅོལ་བའི་གཞུང་ཞིག་ཡིན་སྟབས། སྐྱབས་བཅོལ་བའི་གཞུང་ལ་ཡིད་ཆེས་དང་ཞབས་ཞུ་སྒྲུབ་མཁན་ཞིག་ཡིན་ཕྱིན་ནས། མ་མཐའ་ཡང་གཞུང་དེ་ལ་རྩི་འཇོག་དང་གཙུག་ཆེན་བྱེད་དགོས་ལ། དེ་བཞིན་གཞུང་དེའི་འོག་ཏུ་གནས་པའི་མང་ཚོགས་ལ་ཡང་བྱམས་ཤིང་བརྩེ་དགོས། འོན་ཀྱང་། གཞུང་ཞབས་པ་དང་། ལྷག་པར་དུ་སྐུ་ངོ་དག་གིས་སྤྱོད་བཞིན་པའི་མི་སེར་ལག་འཁྱེར་དག་ལ་ཞིབ་མདངས་ཤིག་རྒྱོབས་དང་། སྐུ་ངོ་མང་པོ་ཞིག་གིས། རྒྱ་གར་དང་། ཨ་རི། ཨོ་སི་ཏྲི་ལེ་ཡ། ཉི་ཧོང་། བལ་ཡུལ། ཁ་ན་ཌ་སོགས་རྒྱལ་ཁབ་མང་པོ་ཞིག་གི་མི་སེར་ལག་འཁྱེར་བླངས་འདུག་ལ། དེ་བཞིན་ཁོ་རང་ཚོའི་འབྲེལ་ཡོད་གཉེན་ཉེ་ཚང་མ་ཞར་ཞོར་དུ་འབྱོར་ལྡན་རྒྱལ་ཁབ་དག་ཏུ་བཏང་ཡོད།
འོན་ཀྱང་། ཁོང་ཚོས་མང་ཚོགས་དཀྱིལ་དུ་བོད་གཞུང་ལ་ལྷག་བསམ་ཡོད་ཁུལ་གྱིས་སྐད་ཆ་བཤད་ལ། ལྷག་པར་དུ་༧གོང་ས་མཆོག་གི་བཀའ་བཞིན་སྒྲུབ་ཀྱིན་ཡོད་ཚུལ་བཤད། དེ་བས་ཀྱང་། མི་སེར་ལ་མཁོ་བའི་སྐྱབས་བཅོལ་ལག་དེབ་དང་། ཕྱིར་སྐྱོད་ལག་དེབ་སེར་པོ། རང་བཙན་ལག་དེབ་སོགས་བཟོ་སྐབས་ཐབས་ལམ་འདྲ་མིན་ལ་བརྟེན་ནས་འགོག་གང་ཐུབ་བྱེད། འདི་རིགས་ནི་ལྷག་བསམ་མ་དག་པས་སྐྱོན་ཡིན། ད་དུང་ཁེ་བཟང་རེ་རེགས་པར་འདོད་ན། དེ་དག་གི་རིན་གོང་ཡང་ཆེ་རུ་གཏོང་། དེ་ནི་མང་ཚོགས་ལ་ཚོང་རྫས་ལྟ་བུ་ཞིག་གི་རིན་ཐང་ལས་མ་སྤྲད་པས་ཡིན། གང་ལྟར་བསམ་བློ་ཞིབ་མོ་རེ་བཏང་དུས། རང་དབང་མེད་པར་མིག་ཆུ་རེ་ཡང་འཐོར་ཡོང་འདུག བོད་མི་ས་ཡ་དྲུག་གི་སྐྱབས་མགོན་དམ་པ་༧གོང་ས་མཆོག་གིས་སྔ་གཞུག་ཏུ། བཙན་བྱོལ་བོད་གཞུང་ནི་བོད་མི་མང་གི་ཆེད་དུ་བཙུགས་པ་ཡིན་ཞེས་ཡང་ཡང་གསུང་བཞིན་ཡོད་ཀྱང་། ལས་མ་དག་པའི་གཞུང་ཞབས་ཕྱིན་ཅི་ལོག་པ་ཁག་གཅིག་གིས། ཐ་ན་༧གོང་ས་མཆོག་གི་ཡང་ཚོང་རྫས་བྱེད་ཀྱིན་འདུག མདོར་ན། དཔྱའ་ཁྲལ་ལག་དེབ་དེའི་རིན་གོང་ཆེ་རུ་འཕར་བ་འདིའི་དམིགས་ཡུལ་མཐར་ཐུག་པ་བཤད་མི་ཐུབ་ཀྱང་། བོད་གཞུང་གི་ལས་བྱེད་པ་རེ་གཉིས་ལས་མང་པོ་ཞིག་གིས་སྤྱོད་པ་ཁུར་སྟངས་དང་། ལས་ཀ་བྱེད་སྟངས་དག་མཐོང་ཚེ། བློ་ཕམ་དགོས་པ་མང་པོ་འདུག
བོད་གཞུང་ཟེར་ན་ཡང་། མྱི་ཚོང་རྒྱག་མཁན་ཁག་གཅིག་རེད། ངས་ནམ་རྒྱུན་འདི་ལྟར་བསམ་བཞིན་ཡོད། རང་ཅག་འགྲོ་བ་ཡོངས་ཀྱི་གཙུག་རྒྱན་དམ་པ་༧གོང་ས་རིན་པོ་ཆེ་མཆོག་གིས་དུས་རྒྱུན་དུ་བོད་གཞུང་གི་ལས་བྱེད་པ་རྣམས་ལ་རེ་བ་ཆེན་པོ་ཞིག་བཅང་ཡོད་མོད། ཞིབ་ཏུ་བསམ་ན། བོད་གཞུང་གི་ལས་བྱེད་རེ་གཉིས་ཤིག་མ་གཏོགས་མང་ཆེ་བ་གཞུང་གི་རྐུབ་སྟེགས་ལས་རང་དོན་ཁོ་ན་སྒྲུབ་མཁན་ཤ་སྟག་རེད། དཔེ་མཚོན་ཙམ་བཤད་ན། བཙན་བྱོལ་བོད་གཞུང་ནི་སྐྱབས་བཅོལ་བའི་གཞུང་ཞིག་ཡིན་སྟབས། སྐྱབས་བཅོལ་བའི་གཞུང་ལ་ཡིད་ཆེས་དང་ཞབས་ཞུ་སྒྲུབ་མཁན་ཞིག་ཡིན་ཕྱིན་ནས། མ་མཐའ་ཡང་གཞུང་དེ་ལ་རྩི་འཇོག་དང་གཙུག་ཆེན་བྱེད་དགོས་ལ། དེ་བཞིན་གཞུང་དེའི་འོག་ཏུ་གནས་པའི་མང་ཚོགས་ལ་ཡང་བྱམས་ཤིང་བརྩེ་དགོས། འོན་ཀྱང་། གཞུང་ཞབས་པ་དང་། ལྷག་པར་དུ་སྐུ་ངོ་དག་གིས་སྤྱོད་བཞིན་པའི་ལག་འཁྱེར་དག་ཞིབ་མདངས་ཤིག་རྒྱོབས་དང་། སྐུ་ངོ་མང་པོ་ཞིག་གིས། རྒྱ་གར་དང་། ཨ་རི། ཨོ་སི་ཏྲི་ལེ་ཡ། ཉི་ཧོང་། བལ་ཡུལ། ཁ་ན་ཌ་སོགས་རྒྱལ་མང་པོ་ཞིག་གི་མི་སེར་ལག་འཁྱེར་བླངས་འདུག་ལ། དེ་བཞིན་ཁོ་རང་ཚོའི་འབྲེལ་ཡོད་གཉེན་ཉེ་ཚང་མ་ཞར་ཞོར་དུ་འབྱོར་ལྡན་རྒྱལ་ཁབ་དག་ཏུ་བཏང་ཡོད།
འོན་ཀྱང་། ཁོང་ཚོས་མང་ཚོགས་དཀྱིལ་དུ་བོད་གཞུང་ལ་ལྷག་བསམ་ཡོད་ཁུལ་གྱི་སྐད་ཆ་བཤད་ལ། ལྷག་པར་དུ་༧གོང་ས་མཆོག་གི་བཀའ་བཞིན་སྒྲུབ་ཀྱིན་ཡོད་ཚུལ་བཤད། དེ་བས་ཀྱང་། མི་སེར་ལ་མཁོ་བའི་སྐྱབས་བཅོལ་ལག་དེབ་དང་། ཕྱིར་སྐྱོད་ལག་དེབ་སེར་པོ། རང་བཙན་ལག་དེབ་སོགས་བཟོ་སྐབས་ཐབས་ལམ་འདྲ་མིན་ལ་བརྟེན་ནས་འགོག་གང་ཐུབ་བྱེད། འདི་རིགས་ནི་ལྷག་བསམ་མ་དག་པས་སྐྱོན་ཡིན། ད་དུང་ཁེ་བཟང་རེ་རེགས་པར་འདོད་ན། དེ་དག་གི་རིན་གོང་ཡང་ཆེ་རུ་གཏོང་། དེ་ནི་མང་ཚོགས་ལ་ཚོང་རྫས་ལྟ་བུ་ཞིག་གི་རིན་ཐང་ལས་མ་སྤྲད་པས་ཡིན། གང་ལྟར་བསམ་བློ་ཞིབ་མོ་རེ་བཏང་དུས། རང་དབང་མེད་པར་མིག་རེ་ཡང་འཐོར་ཡོང་འདུག བོད་མི་ས་དྲུག་གི་སྐྱབས་མགོན་དམ་པ་༧གོང་ས་མཆོག་གིས་སྔ་གཞུག་ཏུ། བཙན་བྱོལ་བོད་གཞུང་ནི་བོད་མི་མང་གི་ཆེད་དུ་བཙུགས་པ་ཡིན་ཞེས་ཡང་ཡང་གསུང་བཞིན་ཡོད་ཀྱང་། ལས་མ་དག་པའི་གཞུང་ཞབས་ཕྱིན་ཅི་ལོག་པ་ཁག་གཅིག་གིས། ཐ་ན་༧གོང་ས་མཆོག་གི་ཡང་ཚོང་རྫས་བྱེད་ཀྱིན་འདུག མདོར་ན། དཔྱའ་ཁྲལ་ལག་དེབ་དེའི་རིན་གོང་ཆེ་རུ་འཕར་བ་འདིའི་དམིགས་ཡུལ་མཐར་ཐུག་པ་བཤད་མི་ཐུབ་ཀྱང་། བོད་གཞུང་གི་ལས་བྱེད་པ་རེ་གཉིས་ལས་མང་པོ་ཞིག་གིས་སྤྱོད་པ་ཁུར་སྟངས་དང་། ལས་ཀ་བྱེད་སྟངས་དག་མཐོང་ཚེ། བློ་ཕམ་དགོས་པ་མང་པོ་འདུག
ཨ་རི་སོགས་ཕྱི་རྒྱལ་གྱི་སྲིད་གཞུང་ཁག་གིས་ཀྱང་ངོས་ལེན་བྱེད་པའི་བོད་མའི་ངོ་སྤྲོད་ལག་ཁྱེར་ནུས་ལྡན་ཞིག་སྟོན་རྒྱུ་ཡོད་ན་དགའ་རྒྱུ་ལས་སྡུག་ཡོང་མི་སྲིད། ད་བར་ཁྲལ་བསྡུ་ཐབས་ཙམ་ལས་ཁྲལ་སྤྲོད་མཁན་གྱི་མི་མང་ལ་ལག་དེབ་དེས་ཕན་ཐོགས་ཡོང་ཐབས་ལ་བསམ་བློ་གང་ཡང་བཏང་མེད་མོད། བཀའ་ཁྲི་ཟམ་གདོང་གིས་ལག་དེབ་དེ་བོད་མི་སོ་སོའི་འོས་འགན་ཡིན་ཙམ་མ་ཡིན་པར་། ལག་དེབ་དེས་བོད་མི་སྒེར་སོ་སོར་ཐོབ་ཐང་ཕྲན་བུ་རེའང་ཁྱེར་ཡོང་རྒྱུ་ཡོད་པ་ཞིག་བཟོ་ཐབས་ལ་བསམ་ཞིབ་གནང་བ་ངོ་ནས་ཡག་པོ་རེད། དེ་མིན་འོས་འགན་ལས་ཐོབ་ཐང་མེད་པ་ཡིན་ན་སུས་ཀྱང་བརྩི་གི་མ་རེད།
ནོར་བཅོས། དཔྱ་ཁྲལ་ལག་དེབ་བཟོ་སྟངས་ཐད་ཆེས་དམ་དྲགས་བྱེད་བཞིན་པར་དགེ་མཚན་མཐོང་སོང་། མ་ཟད་དམ་དྲགས་ཆེན་པོ་བྱས་ནས་ཡོང་བའི་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་བེད་སྤྱོད་གཏོང་མཁན་ལ་དམ་དྲགས་ཆེན་པོ་བྱེད་དགོས་པ་རེད། དེ་མིན་སྐབས་རེ་དཔོན་པོ་རེ་རེའི་བྱས་ཉེས་དང་སྐོལ་ཟ་སོགས་ལ་བརྟེན་ནས་དངུལ་འབོར་ས་ཡ་མང་པོ་མཉམ་གཅིག་ཏུ་འཕྲོ་བརླག་ཏུ་འགྲོ་སྲིད་པ་རེད། ལྐོལ་ཟ་དང་དངུལ་ཟོས་པ་ཧ་གོ་བ་དང་འབྲེལ་ཡོད་ཀྱི་དཔོན་པོ་དེ་ལས་གནས་ནས་ཕུད་པ་ཙམ་གྱི་ཉེས་པ་གཏོང་ཁུལ་བྱེད་སྲོལ་ཡོད་པ་རེད། འོན་ཀྱང་དེ་དངུལ་འབོར་དེའི་ཚབ་བྱེད་ཐུབ་ཐབས་ཡོད་པ་མ་རེད། གང་ལྟར་མི་དམངས་ཀྱི་དངུལ་ལ་གཞུང་གི་དཔོན་པོ་ཚོས་ཤ་ཚ་བྱེད་རྒྱུ་གལ་ཆེན་པོ་རེད། བོད་གཞུང་གི་དཔལ་འབྱོར་གྱི་ཡོང་ཁུངས་མི་དམངས་བྱེད་ཆོག་པ་མ་ཟད། གཞུང་གི་སྒོར་མོའི་བདག་པོ་ཡང་མི་དམངས་ཡིན་འོས་པ་ལས་དཔོན་པོ་ཚོ་མ་རེད། དངུལ་རྐང་གཅིག་འཕྲོ་བརླག་ལ་གཏོང་ཆོག་གི་མེད་དྰ། འདི་བོད་མི་དམངས་ཀྱི་དངུལ་རེད། ང་ཚོས་ཕྱི་རྒྱལ་ནས་ཟ་ཁང་ནང་གཡོག་ལས་བྱས་པའི་དངུལ་ཡང་ཚུད་ཡོད་པ་རེད།
དཔྱ་ཁྲལ་ལག་དེབ་བཟོ་སྟངས་ཐད་ཆེས་དམ་དྲགས་བྱེད་བཞིན་པར་དགེ་མཚན་མཐོང་སོང་། མ་ཟད་དམ་དྲགས་ཆེན་པོ་བྱས་ནས་ཡོང་བའི་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་བེད་སྤྱོད་གཏོང་མཁན་ལ་དམ་དྲགས་ཆེན་པོ་བྱེད་དགོས་པ་རེད། དེ་མིན་སྐབས་རེ་དཔོན་པོ་རེ་རེའི་བྱས་ཉེས་དང་སྐོལ་ཟ་སོགས་ལ་བརྟེན་ནས་དངུལ་འབོར་ས་ཡ་མང་པོ་མཉམ་གཅིག་ཏུ་འཕྲོ་བརླག་ཏུ་འགྲོ་སྲིད་པ་རེད། ལྐོལ་ཟ་དང་དངུལ་ཟོས་བཏང་ཧ་གོ་བ་དང་མི་དང་ལས་གནས་ནས་ཕུད་པ་ཙམ་གྱི་ཉེས་པ་གཏོང་ཁུལ་བྱེད་སྲོལ་ཡོད་པ་རེད། འོན་ཀྱང་དེ་དངུལ་འབོར་དེའི་ཚབ་བྱེད་ཐུབ་ཐབས་ཡོད་པ་མ་རེད། གང་ལྟར་མི་དམངས་ཀྱི་དངུལ་ལ་གཞུང་གི་དཔོན་པོ་ཚོས་ཤ་ཚ་བྱེད་རྒྱུ་གལ་ཆེན་པོ་རེད། བོད་གཞུང་གི་དཔལ་འབྱོར་གྱི་ཡོང་ཁུངས་མི་དམངས་བྱེད་ཆོག་པ་མ་ཟད། གཞུང་གི་སྒོར་བདག་པོ་ཡང་མི་དམངས་ཡིན་འོས་པ་ལས་དཔོན་པོ་ཚོ་མ་རེད། དངུལ་རྐང་གཅིག་འཕྲོ་བརླག་ལ་གཏོང་ཆོག་གི་མེད་དྰ། འདི་བོད་མི་དམངས་ཀྱི་དངུལ་རེད། ང་ཚོས་ཕྱི་རྒྱལ་ནས་ཟ་ཁང་ནང་གཡོག་ལས་བྱས་པའི་དངུལ་ཡང་ཚུད་ཡོད་པ་རེད།
༠ གཅིག་བསྣན་ཟིན།
སྟོང་བཞི་ ༤༠༠ ?