མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོའི་སྐོར་གླེང་བ། རིག་འབྱུང་དོན་བཀྲ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།

ངེད་རང་རྡ་རམ་ས་ལར་མེད་རུང༌། རང་གི་གཞུང་དང་དེའི་འཛིན་སྐྱོང་གི་བྱེད་ལས་ཁག་ལ་དུས་ནས་དུས་སུ་གཟབ་ནན་སྒོས་རྣ་བ་གླེགས་ཀྱིན་ཡོད་ལ། ཁུ་སིམ་སིམ་ངང་མིག་ལྟ་དང་བསམ་གཞིགས་ཀྱང་བྱེད་བཞིན་ཡོད། ངེད་ཀྱིས་འདི་རུ། ཐེངས་འདིའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་འཁྱོངས་ཡོང་མེད་པའི་གནད་དོན་དང་གནད་དོན་དེའི་བྱུང་རིམ། གནད་དོན་དེའི་འཐུས་ཤོར་གྱི་ངོས། འཐུས་ཤོར་ཀྱི་འགོ་ཁུངས་འཚོལ་སྟངས།  འཐུས་ཤོར་ལ་ཕྱོགས་ངོས་མང་པོ་ནས་བལྟ་སྟངས། མ་འོངས་བར་འཐུས་ཤོར་འདི་འདྲའི་རིགས་མ་ཡོང་བའི་སླད་དུ་བོད་རིགས་མི་མང་གི་ཁུར་དུ་བབས་པའི་འོས་འགན་སོགས་ཀྱི་སྐོར་ནས་སྒེར་གྱི་རྨོངས་འཆར་འགའ་བོད་རིགས་ཀློག་པ་པོ་ཚོའི་མདུན་ལ་འཇོག་གི་ཡིན།

དང་པོ།

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་དུ། སྤྱི་འཐུས་སྒེར་གྱི་གནད་དོན་དང་འབྲེལ་བའི་གྲོས་འཆར་ཞིག་གི་ཐད། སྤྱི་འཐུས་ནང་ཁུལ་ལ་དགོངས་ཚུལ་མ་མཐུན་པ་བྱུང་བར་བརྟེན། མཐར་སྤྱི་འཐུས་བཅུ་གཉིས་གྲོས་ཚོགས་ཀྱི་ར་བ་ནས་ཕྱིར་ཐོན་འདུག ཚོགས་གཙོའོ་ངོས་ནས་ཐེངས་གསུམ་ལ་ཚོགས་འདུ་མཇུག་སྐྱོང་གི་ཐབས་ཤེས་གནང་ཡང༌། མཐར་སྤྱི་འཐུས་ ༢༧ལས་གྲོས་ཚོགས་སུ་ཕེབས་མེད་སྟབས། གྲོས་ཚོགས་ཚོགས་དུས་བརྒྱད་པའི་མཇུག་སྡོམ་གནང་མ་ཐུབ་པར་དུས་ཚོད་ངེས་མེད་བར་ ཚོགས་གསེང་གཏོང་དགོས་བྱུང་འདུག གང་གིས་ཞེ་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དགུའི་ནང་གསེས་དོན་ཚན་དང་པོར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་མ་གཏོགས་ལས་དོན་ཐག་གཅོད་བྱེད་པའི་དབང་ཆ་མེད་པར་གསུངས་ཡོད། ཐེངས་འདིའི་བསམ་ཚུལ་མི་མཐུན་པའི་ཐུག་ས་གཙོ་བོ་ནི༌། མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ཨོ་སི་ཌོ་ལི་ཡ་ནས་ཚོགས་དུས་བརྒྱད་པར་ཆེད་ཕེབས་ཀྱི་ལམ་གྲོན་དེ་སྤྱི་འཐུས་རྒྱུན་ལས་ནས་གནང་འདུག་པ་དང༌། དེ་ཡང་སྤྱི་འཐུས་རྒྱུན་ལས་ནས་བསོད་ནམས་སྟོབས་རྒྱལ་གྱི་ལམ་གྲོན་གཏོང་འཆར་གྱི་ཐག་གཅོད་དེ་ཕྱི་ཟླ་བདུན་པའི་ནང་ལ་གནང་འདུག་པ་མ་ཟད་ཐག་གཅོད་ཀྱི་ཚིག་ཐོ་དེ་ཡང་སྤྱི་འཐུས་ཚང་མར་བཏང་ཡོད་འདུག

འོན་ཀྱང༌། ད་རེས་ཀྱི་ཚོགས་དུས་སྐབས་སུ།  སྤྱི་འཐུས་རྒྱུན་ལས་ནས་ལམ་གྲོན་བཏང་བ་དེ། ལམ་སྲོལ་སྔར་བྱུང་མེད་ཚུལ་དང༌། རྒྱ་བལ་འབྲུག་གསུམ་ཕར་ཕུད་པའི་ཆེད་འཛུགས་ཕྱི་རྒྱལ་ཁག་གི་སྤྱི་འཐུས་མ་ཡིན་པ་དག་ལ༌། སྔར་ལམ་ལྟར་འགྲོ་སོང་དོ་བདག་རང་ངོས་ནས་འཁུར་དགོས་བའི་གྲོས་འཆར་ཞིག་གྲོས་ཚོགས་ར་བར་སླེབས་འདུག་ཅིང༌། གྲོས་འཆར་དེའི་ཐོག་ལ་སྤྱི་འཐུས་ནང་ཁུལ་དུ་བསམ་ཚུལ་མི་མཐུན་པ་བྱུང་མཐར། གནད་དོན་དེར་ངོ་རྒོལ་གྱི་བཟོ་འདྲ་བོའམ་དེར་ཁག་བཞག་ནས་སྤྱི་འཐུས་བཅུ་གཉིས་གྲོས་ཚོགས་ར་བ་ནས་ཕྱི་ལ་ཐོན་འདུག  གང་ལྟར༌། ཐེངས་འདིའི་རྩོད་གླེང་གི་འགོ་འཛུགས་ས་ནི་སྤྱི་འཐུས་སྒེར་བ་ཞིག་གི་འགྲུལ་བཞུད་ཀྱི་འགྲོ་གྲོན་གཏོང་ཕྱོགས་ཐད་ནས་རེད་འདུག

འདི་ལྟར། གྲོས་ཚོགས་ར་བའི་ནང་དུ། སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་གནང་མི་འདུག་ཟེར་མཁན་གྱི་རིགས་གཅིག་དང་ཛ་དྲག་གི་རྣམ་པའི་ཐོག་ནས་སྤྱི་འཐུས་ ༡༤ ཡིས་རྒྱབ་སྐྱོར་མཚན་རྟགས་བསྐྱོན་པ་དེ་ཚུལ་མཐུན་མིན་ལུགས་ཀྱི་བསམ་ཚུལ་འཛིན་མཁན་རིགས་གཅིག  ཁུ་སིམ་མེར་ལྟད་མོ་བལྟ་མཁན་གྱི་རིགས་གཅིག  ཚོགས་དུས་ཀྱི་སྐབས་སུ་དགོངས་ཞུའི་ངོ་བོར་ཡོད་པའི་རིགས་གཅིག་བཅས་གནས་སྟངས་ཇི་སྙེད་ཅིག་ཕྱོགས་གཅིག་ལ་འཁེལ་བའི་ཉེར་ལེན་ལ་བརྟེན། དེའི་བྱས་ཉེས་ལྟ་བུར་གྲོས་ཚོགས་ཚོགས་དུས་བརྒྱད་པ་རྒྱལ་ཁའི་ངང་མཇུག་སྡོམ་རྒྱག་མ་ཐུབ་པ་དེ་རེད། འདི་ནི་གནད་དོན་གྱི་བྱུང་རིམ་མདོར་བསྡུས་ཤིག་རེད། གྲོས་ཚོགས་ཚོགས་དུས་ཐེངས་བརྒྱད་པ་མཇུག་སྡོམ་གནང་མ་ཐུབ་པའི་ཉེར་ལེན་ལ་བརྟེན། གཞུང་འབྲེལ་ལས་རིམ་གང་ལྷག་པ་དེ་ཚོ་གྲོས་ཚོགས་ཚོགས་དུས་རྗེས་མར་འཁྱེར་དགོས་པའི་གནས་སྟངས་ཆགས་ཡོད་འདུག

གཉིས་པ།

གྲོས་ཚོགས་ལས་རིམ་དུས་ཐོག་ལ་མཇུག་སྡོམ་གནང་མ་ཐུབ་པའི་གནས་སྟངས་ཆགས་རྐྱེན་གྱི་འཐུས་ཤོར་གཏོང་མཁན་སུ་རེད་དམ་ཞེ་ན།  འཐུས་ཤོར་གཏོང་མཁན་གྱི་བྱེད་གཏེ་གཙོ་བོ་གཉིས་དང་བྱེད་འབྲིང་གཉིས་འདུག བྱེད་གཏེ་གཙོ་བོ་གཉིས་ནི་སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་ར་བ་ནས་ཕྱི་ལ་ཐོན་འགྲོ་མཁན་གྱི་སྤྱི་འཐུས་དེ་ཚོ་རེད། བྱེད་འབྲིང་གཉིས་ནི་ཚོགས་གཙོའི་ལས་རིམ་ཐག་གཅོད་བྱེད་སྟངས་དང་ཚོགས་དུས་ཀྱི་སྐབས་སུ་དགོངས་ཞུའི་ངོ་བོར་ཡོད་པའི་སྤྱི་འཐུས་ཚོ་རེད།

སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་ལམ་སྲོལ་སྔར་མེད་ལྟ་བུར་སྤྱི་འཐུས་སྒེར་གྱི་སྒྲིག་གཞི་དེ་ཚོ་འཐུས་ཚང་མེད་བཞིན་དུ་འཐུས་ཤོར་ཆེ་རུ་བཏང་བ་ནི་ནོར་འཁྲུལ་དང་པོ་རེད། ད་དུང་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་བཅའ་ཁྲིམས་དང་སྒྲིག་གཞི་བསྐྱར་ཞིབ་ཚོགས་ཆུང་ཞིག་བཙུགས་ཡོད་ཀྱང་དེས་སྒྲིག་གཞི་བསྐྱར་ཞིབ་བྱེད་རྒྱུ་ཕར་ཞོག་སྒྲིག་གཞི་སྔར་གང་ཡོད་པ་དེ་
ཚོ་ཡང་ཚགས་ཚུད་དུ་གཏོང་ཐུབ་ཀྱི་མེད་པ་ནི་རྒྱུན་ལས་ཡིན་པའི་འགན་ཁུར་ཐུབ་ཀྱི་མེད་པའི་རྟགས་མཚན་གསལ་ཤོས་དེ་རེད།

གྲོས་ཚོགས་ཀྱི་ར་བའི་ནང་དུ་བགྲོ་གླེང་དང་སྦྱངས་བཤད་མ་བྱས་པར་གྲོས་ཚོགས་ཀྱི་ར་བའི་ཕྱི་ལ་ཐོན་སོང་བ་ནི་ནོར་འཁྲུལ་གཉིས་པ་དེ་རེད། གྲོས་ཚོགས་ཀྱི་ར་བའི་ཕྱི་ལ་ཐོན་འགྲོ་མཁན་ཚོས་རང་གི་མི་མང་དང་རང་གི་གཞུང༌། རང་གི་དབུ་འཁྲིད་བཅས་ལ་བཟང་སྤྱོད་ཀྱི་ངོས་ནས་འགན་མ་འཁུར་བར་མ་ཟད་མང་གཙོའི་ཀུན་སྤྱོད་ཀྱི་ངོས་ནས་ཀྱང་རང་གི་འོས་འགན་མ་སྒྲུབ་པ་རེད། ད་དུང་བོད་མི་མང་གི་སྤྱི་བའི་འཐུས་མི་ཡིན་པའི་འོས་འགན་དེ་རྡོག་རུལ་དུ་བཏང་བ་རེད།  གནད་དོན་གཞན་ཞིག་ནི། ཐེངས་གསུམ་ལ་ཚོགས་འདུ་མཇུག་སྐྱོང་གི་ཐབས་ཤེས་གནང་ཡང༌། སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་མ་ཚང་བའི་ཉེར་ལེན་ལ་བརྟེན་དུས་ཚོད་ངེས་མེད་བར་ཚོགས་གསེང་བཏང་བ་དེ་ཐག་གཅོད་ཡང་དག་ཅིག་ཡིན་མིན་དེ་རེད།
ལམ་ཁ་དེ་ལས་གཞན་བསྟེན་རྒྱུ་མེད་དམ་ཞེ་ན། དེ་ཡང་མ་ཡིན། བཅའ་ཁྲིམས་དགོངས་དོན་བཞིན་༧གོང་ས་མཆོག་ལ་སྙན་སེང་ཞུས་ནས་ཚོགས་འདུ་ཕར་འགྱངས་ཞུ་ཐུབ་རྒྱུ་ལམ་ཁ་ཞིག་ཡོད་མོད། ལམ་ཁ་དེ་མ་བསྟེན་པ་དེ་ཡང་འཐུས་ཤོར་གྱི་ངོས་གཅིག་རེད།   གཞན། གྲོས་ཚོགས་ཀྱི་ཚོགས་དུས་སྐབས་སུ་དགོངས་ཞུའི་ངོ་བོར་ཡོད་པའི་སྤྱི་འཐུས་རྣམས་གནད་དོན་གྱི་རྐྱེན་རྩ་ལྟེ་བ་དེ་མིན་རུང་བརྒྱུད་ནས་འབྲེལ་བ་ཆགས་བསྡད་ཀྱི་ཡོད། གང་གིས་ཞེ་ན། སྤྱི་འཐུས་ཀྱི་རྩ་འབོར་གསུམ་ཆ་གཉིས་མ་ཚང་བའམ་ཉིན་མཐའ་མའི་གྲོས་ཚོགས་སུ་སྤྱི་འཐུས་༢༧ལས་སླེབས་མེད་ཙང་འཐུས་ཤོར་འདི་བྱུང་བ་རེད། གལ་སྲིད་སྤྱི་འཐུས་གྲངས་ ༢༨ཡོང་ཡོད་ན་དཀའ་ངལ་འདི་འཕྲད་དགོས་ཐུག་གི་ཡོད་མ་རེད་སྙམ། དེར་བརྟེན། སྤྱི་འཐུས་ངོ་གྲངས་གཅིག་ཡོང་མ་ཡོང་གིས་ཀྱང་གནད་དོན་ལ་ཁྱད་ཆེ་བཟོ་གི་ཡོད་པའི་ཉེར་ལེན་ལ་བརྟེན། དགོངས་ཞུའི་ངོ་བོར་གནས་བ་ཚོ་ཡང་བརྒྱུད་ནས་འབྲེལ་བ་ཆགས་བསྡད་ཀྱི་ཡོད་པ་རེད།

གནད་དོན་འདི་དང་འབྲེལ་ནས་ཅུང་ཙམ་གླེང༌། མཚམས་རེར་ང་ཚོའི་སྤྱི་འཐུས་གྲོས་ཚོགས་འདི་ལ་མཚོན་ན། སྤྱི་འཐུས་གཅིག་གི་གྲངས་ལོན་མ་ལོན་གྱིས་གནད་དོན་ལ་འཐུས་ཤོར་ཡོང་གི་ཡོད་པའི་སྣང་ཚུལ་ཡང་འདུག དཔེར་ན། སྐབས་བཅུ་བཞི་བའི་ཚོགས་གཙོ་འོས་འདེམས་ཀྱི་སྐབས་སུ་ཡང་གྲོས་ཚོགས་སུ་སྤྱི་འཐུས་གཅིག་བར་གནས་སུ་བསྡད་པ་ཡིན་ཙང༌།ཚོགས་གཙོ་གཉིས་ཡོང་དགོས་བའི་གནས་སྟངས་དེ་ཆགས་པ་རེད༌། ད་རེས་ཀྱང་སྤྱི་འཐུས་གཅིག་ཚང་མ་ཚང་གི་བར་མཚམས་ནས་གྲོས་ཚོགས་མཇུག་སྐྱོང་གནང་ཐུབ་མེད་པ་འདི་ཆགས་འདུག 

ཐེངས་འདིའི་གནད་དོན་གྱི་གླེང་གཞི་དང་འབྲེལ་ནས། བོད་པའི་སྤྱི་ཚོགས་ནང་ཁུལ་དང་དྲ་རྒྱའི་བརྒྱུད་ལམ་ཁག  རླུང་འཕྲིན་གྱི་བརྒྱུད་ལམ་ཁག་བཅས་སུ་བསམ་ཚུལ་མི་མཐུན་པ་མང་པོ་ཞིག་ཡོང་གི་ཡོད་པ་མ་ཟད་བསམ་ཚུལ་རེ་རེ་ལ་རྒྱབ་ལྗོངས་གནས་ལུགས་རེ་ཡང་ཏན་ཏན་ཡོད་ཀྱི་རེད་སྙམ།  ཐེངས་འདིའི་རྩོད་རྙོག་གི་ཡོང་རྐྱེན་ལྟེ་བ་ནི་སྤྱི་འཐུས་རྒྱུན་ལས་ནང་ཁུལ་དུ་ མང་མོས་ཐག་གཅོད་བྱེད་སྟངས་མ་འགྲིག་པ་རེད་ཟེར་བ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཚོ་ཆོལ་ཁའི་ཕྱོགས་སུ་ལངས་འདུག་ཟེར་བ། གྲོས་ཚོགས་ཀྱི་ནང་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེན་པོ་འདུག་ཟེར་བ།  རྒྱབ་ལོགས་ན་ཤུགས་རྐྱེན་ཡོད་རེད་ཟེར་བ་སོགས་བསམ་ཚུལ་ཇི་སྙེད་ཅིག་ཡོང་འདུག་པ་མ་ཟད། ད་དུང་གྲོས་ཚོགས་ནས་ཐོན་མཁན་དེ་ཚོ་ཡང་བསྐྱར་སྤྱི་འཐུས་ལ་ལངས་བའི་ལམ་ཁ་འགོག་དགོས་བའི་བསམ་ཚུལ་འཛིན་མཁན། ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ཀྱི་མི་འདུག་ཟེར་མཁན། སྤྱི་འཐུས་ཚོས་༧གོང་ས་མཆོག་ལ་ཕྱག་རོགས་གནང་རྒྱུ་ལས་ལྡོག་སྟེ། བོད་རིགས་མི་མང་ལ་བློ་ཕམ་ཡོང་གཞིའི་བྱ་སྤྱོད་སྤེལ་བཞིན་འདུག་པ་མ་ཟད་རྒྱ་ནག་སྲིད་གཞུང་གི་དགོས་མཁོ་སྒྲུབ་བཞིན་པ་གཅིག་མཚུངས་རེད་ཟེར་མཁན་སོགས་སྣ་ཚོགས་ཤིག་ཡོང་གི་ཡོད་རུང༌། བསམ་ཚུལ་འདི་དག་གི་གནད་དོན་གྱི་གདོང་ཐད་ཀྱི་བསམ་ཚུལ་རེད་འདུག་མ་གཏོགས་གནད་དོན་འདི་ཕུགས་རྒྱང་རིང་པོའི་སྒོ་ནས་སེལ་ཐུབ་པའི་བསམ་ཚུལ་མ་རེད་སྙམ། འདི་ལྟར། གནད་དོན་གྱི་བྱུང་རིམ་དང་འཐུས་ཤོར་གྱི་ངོས་གཉིས་ལ་བལྟས་བའི་རྗེས་སུ། ང་ཚོས་འཐུས་ཤོར་གྱི་འགོ་ཁུངས་འཚོལ་དགོས་བ་དེ་རེད།

འཐུས་ཤོར་གྱི་འགོ་ཁུངས་ནི་གོང་དུ་གླེང་བའི་གྲོས་ཚོགས་ཀྱི་ར་བའི་ནང་དུ་ཇི་བྱུང་དང་དེའི་གདོང་ཐད་ཀྱི་བྱུང་རྐྱེན་དེ་གཅིག་པོ་མ་ཡིན་པར། ནོར་འཁྲུལ་བཟོ་མཁན་དེའི་ཡོང་ཁུངས་ཀྱི་གནད་དོན་དེ་རེད།  གྲོས་ཚོགས་ཀྱི་ལས་དོན་འཐུས་ཤོར་གཏོང་མཁན་དེ་སྤྱི་འཐུས་རྣམས་ཡིན་ན།སྤྱི་བའི་འཐུས་མི་དེ་དག་སུས་བདམས་པ་རེད་དམ། དེ་ནི་གཞན་སུ་ཡང་མིན་པར་བོད་མི་མང་གིས་བདམས་པ་རེད། དེས་ན། སོ་སོས་བདམས་པའི་སྤྱི་བའི་འཐུས་མི་ཚོས་ནོར་འཁྲུལ་དང་བྱས་ཉེས་བསགས་པ་ཡིན་ན། དེ་ལ་ཁ་གཏོང་བ་དང་སྐྱོན་འཛུགས་བྱེད་པ་ནི་ཕྱོགས་ངོས་གཞན་ཞིག་ནས་བལྟས་ན། རང་ལ་སྐྱོན་བཙུགས་པ་དང་གཅིག་མཚུངས་རེད་འདུག རང་ལ་སྐྱོན་ཅི་ཞིག་བཙུགས་པ་རེད་དམ་ལབ་ན། སོ་སོའི་ངོས་ནས་རང་ཉིད་ལ་ཡོད་པའི་གདམ་བྱ་དང་འདེམས་བྱེད་ཀྱི་ཐོབ་ཐང་ངམ་མང་གཙོའི་ཁེ་དབང་ཚུལ་བཞིན་དུ་མ་བླངས་བའི་ཉེར་ལེན་ལ་བརྟེན་ནས། སྤྱི་བའི་ལས་དོན་ལ་འཐུས་ཤོར་དང་ནོར་འཁྲུལ་བཟོ་མཁན་གྱི་འཐུས་མི་འགའ་གྲོས་ཚོགས་ཀྱི་ར་བའི་ནང་ལ་སླེབས་པ་རེད། འདི་ལྟར་དཔྱད་ཀྱིན་དཔྱད་ཀྱིན།  བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ཁེ་དབང་ལོངས་སྤྱོད་ཐུབ་ཀྱི་ཡོད་མེད་དང་མང་གཙོའི་ཁེ་དབང་ལེན་ཐུབ་ཀྱི་ཡོད་མེད་དེ་གནད་འགག་གི་དྲི་བ་ཞིག་ཆགས་ཀྱི་འདུག  དྲི་བ་འདིའི་སྟེང་ནས་ནོར་འཁྲུལ་ཡོང་རྐྱེན་གྱི་ཕུགས་དང་ནོར་འཁྲུལ་འགོག་སའི་སྒོ་གཉིས་ཀ་འཚོལ་ཐུབ་ཀྱི་རེད། བོད་མི་ཚོས་ངེས་པར་དུ་སྐབས་བཅུ་བཞི་བའི་བོད་མི་མང་གི་སྤྱི་བའི་འཐུས་མི་ཚོའི་ཡོངས་ཁུངས་ལ་ངེས་པར་དུ་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག

སྤྱི་འཐུས་སྐབས་བཅུ་བཞི་བའི་འོས་བསྡུའི་སྐབས་སུ། བཙན་བྱོལ་སྤྱི་ཚོགས་སུ། རང་ལོ་བཅོ་བརྒྱད་མན་ཆད་ཕར་ཕུད་པའི་ལྷག་འཕྲོས་འོས་བསྡུའི་ཐོབ་ཐང་ཡོད་མཁན་བོད་མི་ཆིག་འབུམ་ཉིས་ཁྲི་ཡོད་པའི་ཁོངས་ནས། དེབ་སྐྱེལ་གནང་མཁན་ ༨༢༦༢༠ ཙམ་དང་དངོས་སུ་འོས་བླུགས་མཁན་ ༤༣༣༠༢ ཙམ་རེད། དེབ་སྐྱེལ་བྱེད་མཁན་ནས་འོས་བླུགས་མཁན་བརྒྱ་ཆ་ ༥༢ ཙམ་དང་འོས་བླུགས་མཁན་དེ་བཙན་བྱོལ་བོད་མིའི་མི་འབོར་སྤྱི་ཡོངས་ཀྱི་བརྒྱ་ཆ་ ༣༨ ཙམ་རེད་འདུག དེར་བརྟེན། བཙན་བྱོལ་བོད་མིའི་མི་འབོར་བརྒྱ་ཆ་ ༣༨ ཙམ་གྱིས་སྤྱི་དོན་ལ་འཐུས་ཤོར་གཏོང་མཁན་གྱི་ད་ཡོད་སྤྱི་འཐུས་འདི་དག་བདམས་འདུག འདི་ལྟར་བསམ་ན། འཐུས་ཤོར་དངོས་ཀྱི་འགོ་ཁུངས་ནི་བཙན་བྱོལ་བོད་མི་རང་ངོས་ནས་མང་གཙོའི་ཁེ་དབང་མ་བླངས་བའི་ཉེར་ལེན་ལ་བརྟེན་སྤྱི་བའི་འཐུས་མི་ཚད་ལྡན་འདེམས་མ་ཐུབ་པ་དེ་རེད། སྐད་ཆ་འདི་སྟབས་བདེ་བོའི་སྒང་ནས་བརྗོད་ན། དང་པོ་སོ་སོས་ཐོབ་ཐང་མ་བླངས། གཉིས་པ་འོས་མི་ཚད་ལྡན་མ་སླེབས། གསུམ་པ་འོས་མིས་སྤྱི་དོན་ལ་འཐུས་ཤོར་བཏང་བ་རེད། དེས་ན། འབྱུང་འགྱུར་གྱི་སྐབས་བཅོ་ལྔ་བའི་སྤྱི་འཐུས་རྣམས་ཀྱང་འདི་ལྟར་འདེམས་ཀྱི་ཡིན་ནམ། འདི་ནི་བོད་མི་མི་རེ་ངོ་རེའི་ངོས་ནས་སོ་སོར་དྲི་བ་གཏོང་དགོས་བའི་གནད་དོན་ ཞིག་རེད།
གསུམ།
དེ་ནས་གནད་དོན་གཞན་ཞིག་ནི། ཐེངས་འདིའི་གྲོས་ཚོགས་ཀྱི་གནད་དོན་ཐད། བོད་མི་མང་པོར་བློ་ཕམ་ཡོང་གི་ཡོད་མ་ཟད་བློ་ཕམ་དེ་ཡང་བཙན་བྱོལ་སྤྱི་ཚོགས་གཅིག་པོ་མ་ཡིན་པར་བོད་ནང་དུ་ཡང་དེའི་སྐོར་གྱི་གནས་ཚུལ་གོ་ནས་བློ་ཕམ་ཡོང་གི་ཡོད་ཚོད་འདུག ད་དུང་དྲ་ལམ་ཁག་ཏུ་བསམ་ཚུལ་སྤེལ་མཁན་ཚོས་མཐའ་གཅིག་ཏུ་ཐེངས་འདིའི་བྱས་ཉེས་ལ་དགག་པ་རྒྱག་གི་ཡོད་པ་མ་ཟད་སྤྱི་འཐུས་ནང་ཁུལ་ལ་ཆིག་སྒྲིལ་མི་འདུག་བསམ་པའི་ཚོར་བ་འདི་ཡང་བོད་མི་དཀྱུས་མ་མང་པོར་ཡོང་གི་ཡོད་ཚོད་འདུག བློ་ཕམ་ཡོང་བ་དང་ཆིག་སྒྲིལ་མི་འདུག་པར་ཚོར་བ། དགག་བཞག་བྱེད་མཁན་བཅས་ཀྱིས་ཀྱང་གནད་དོན་ཇི་བྱུང་གི་ངོ་གདོང་གཅིག་པོར་མ་གཏོགས་བལྟ་གིན་མེད་པ་དེ་རེད། འོན་ཀྱང༌། དེ་ནོར་བ་མ་རེད། བོད་མི་ཕལ་མོ་ཆེའི་སེམས་སུ།  གནད་དོན་གང་ཡིན་ཡང༌། རྩོད་གླེང་མེད་པར། རྙོག་དྲ་མེད་པར། དཀའ་ངལ་མེད་པར། ཁུ་སིམ་མེར་ཐག་ཆོད་ན། འགྲིག་འདུག་བསམ་པ་དང་ཚགས་ཚུད་པོ་འདུག་བསམ་པ་དེ་་ང་ཚོ་ཕལ་མོ་ཆེའི་སེམས་ཀྱི་ནང་ལ་ཤུགས་ཆེར་འདུག འདིའི་དཔེ་མཚོན་གཅིག་ནི། ལོ་སྔོན་མིའི་དམིགས་བསལ་ཚོགས་ཆེན་དེ་ཡིན། ལོ་སྔོན་མའི་དམིགས་བསལ་ཚོགས་ཆེན་དེར་གཞི་རིམ་མི་མང་གི་བསམ་ཚུལ་སླེབས་ཐུབ་མི་འདུག་ཞེས་ངེད་ཀྱིས་ཐག་ཆོད་པོའི་སྒོ་ནས་བརྗོད་ཐུབ་ཀྱི་ཡོད་པ་མ་ཟད་སྐབས་དེར་གནས་ཚུལ་དངོས་ལ་ཞིབ་འཇུག་དང་རྒྱུས་ལོན་བྱས་ནས་བསམ་ཚུལ་ཡང་སྤེལ་ཡོད། འོན་ཀྱང༌། མི་སྒེར་བ་ཞིག་གི་བསམ་ཚུལ་ནི་མི་སྒེར་བ་ཞིག་གི་བསམ་ཚུལ་རང་རེད། གང་ལྟར། དམིགས་བསལ་ཚོགས་ཆེན་གྱི་སྐབས་སུ།
གནད་དོན་ཆེ་ཆུང་གང་ལ་ཡང་རྩོད་གཞི་དང་བགྲོ་གླེང༌། བསམ་ཚུལ་སོགས་རྣོ་ངར་ཅན་དང་མི་མཐུན་པ་སོགས་ཤུགས་ཆེར་མ་བྱུང་བར་ཁུ་སིམ་མེར་ཐག་ཆོད་པ་རེད།

དེ་ཡང་སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྡོམ་གནང་མ་ཐུབ་པའི་གནད་དོན་འདིར་ཕྱོགས་ངོས་གཞན་ཞིག་ནས་བལྟས་ན། སྤྱི་འཐུས་སྒེར་བ་ཞིག་གི་འགྲོ་གྲོན་གཏོང་ཕྱོགས་ཀྱི་ཐག་གཅོད་ལས་འཕྲོས་ཏེ། གནད་དོན་དེ་ཐག་གཅོད་བྱེད་ཀྱི་སྒྲིག་གཞི་འཐུས་ཚང་མེད་པ། སྒྲིག་གཞི་གཏན་འབེབས་བྱེད་མཁན་གྱི་འཐུས་མིས་སྤྱི་དོན་ཚུད་བཞིན་བྱེད་ཐུབ་ཀྱི་མེད་པ་སོགས་གནད་དོན་ཇི་སྙེད་ཅིག་སྤྱི་ཚོགས་ཀྱི་སྒོ་ཁར་སླེབས་པ་རེད། གླེང་རྙོག་དེ་མི་མང་གི་མིག་སྒོར་སླེབས་པར་བརྟེན། མི་མང་གི་ངོས་ནས་རང་གི་གཞུང་དང་དེའི་འཛིན་སྐྱོང་གི་གནས་བབ། ད་དུང་གྲོས་ཚོགས་ཀྱི་ཕྱག་ལས་གནང་སྟངས་སོགས་ལ་དོ་སྣང་ཆེ་རུ་འགྲོ་རྒྱུ་ཡིན་པ་མ་ཟད་གྲོས་ཚོགས་ཀྱི་གནད་དོན་ལ་མི་མང་དཀྱུས་མའི་ཁོངས་སུ་ཡང་བགྲོ་གླེང་དང་སྦྱངས་བཤད་ཡོང་རྒྱུ་ཡིན་པ། མ་འོངས་བའི་སྤྱི་འཐུས་འོས་འདེམས་ཕྱོགས་ལ་ཡང་ད་ལྟ་ནས་་བསམ་བློ་འཁོར་རྒྱུ་ཡིན་པ་བཅས་ཀྱི་རེ་བ་ཡོད། གྲོས་ཚོགས་འཐུས་མིའི་ནང་ཁུལ་ལ་ཡང་བསམ་ཞིབ་ཀྱི་གོ་སྐབས་ཡོང་བ་མ་ཟད་སྒྲིག་གཞི་ཁག་ལ་དངོས་སུ་བསྐྱར་ཞིབ་དང་བཅོས་བསྒྱུར་གྱི་ལམ་ཁ་ཡང་བསྟེན་སྲིད་པ་ཞིག་རེད།

ད་དུང་སྐད་ཆ་བཤད་སྟངས་གཞན་ཞིག་གི་ངོ་བོར་བསྒྱུར་ནས་བརྗོད་ན། བོད་མི་ཚོས་ཐེངས་འདིའི་སྤྱི་འཐུས་ཚོའི་བྱེད་སྟངས་དེ། ཞབས་འདྲེན་རེད་དང་དེ་ལ་བློ་ཕམ་ཡོད་སོགས་ཇི་ལྟར་ལབ་ཡང༌། ཞབས་འདྲེན་ཞུ་མཁན་དེས་ཞབས་འདྲེན་བྱས་འདུག་ལ་བློ་ཕམ་ཡོང་མཁན་དེར་བློ་ཕམ་ཡང་བྱུང་འདུག དེས་ན། ༧གོང་ས་མཆོག་འཚོ་བཞུགས་ཀྱི་སྐབས་སུ། གྲོས་ཚོགས་འཐུས་མི་ཁ་ཤས་ཀྱི་བྱབ་ཆུང་བའི་ཕྱག་ལས་གནང་ན་ཡང་འདྲ། སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་སྒྲིག་གཞི་ཁག་ལ་འཐུས་ཤོར་གཏོང་ན་ཡང་འདྲ། གང་ལྟར། ལས་དོན་ཚང་མ་ལྐོག་ལྐོག་སུད་སུད་དང་ས་འོག་ལ་སྦས་འཇོག་པ་ལས་ས་ཁར་བཏོན་ན་ཡག་པོ་རེད། གང་གིས་ཞེ་ན། ༧གོང་ས་མཆོག་འཚོ་བཞུགས་པའི་སྐུ་རིང་ལ། བཙན་བྱོལ་སྤྱི་ཚོགས་སུ་ནོར་འཁྲུལ་གྱི་རིགས་ཆེ་ཆུང་ཇི་འདྲ་བྱུང་ཡང༌། བཀའ་སློབ་ལམ་སྟོན་གྱི་འོག་ནས་དཀའ་ངལ་རིགས་སེལ་ཐུབ་རྒྱུའི་ལམ་ཁ་ཞིག་ཡོད་པ་རེད།

ངེད་ཀྱི་གླེང་གཞི་མཐའ་མ་ནི། བཙན་བྱོལ་བོད་མི་ཚོའི་ངོས་ནས། མ་འོངས་པར་བོད་མིའི་རྩ་དོན་དང་འཐབ་རྩོད། གཞུང་གི་སྒྲིག་འཛུགས་དང་ལས་དོན་ཁག་བཅས་ལ་འཐུས་ཤོར་དང་བྱས་་ཉེས་མ་ཡོང་བའི་སླད་དུ། ད་ལྟ་ནས་སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་འདེམས་ཀྱི་ཕྱོགས་ལ་བསམ་བློ་གཏོང་དགོས་ཀྱི་འདུག གཞིས་ཆགས་ཁག་དང་དགོན་སྡེ་ཁག་སློབ་གྲ་ཁག  དྲ་རྒྱ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་བཅས་སུ་གནད་དོན་འདིའི་སྐོར་ལ་གླེང་སློང་དང་བགྲོ་གླེང༌། སྦྱངས་བཤད་བཅས་གནང་རྒྱུ་ནི་ཧ་ཅང་ནས་གལ་ཆེན་ཆགས་འདུག་པ་མ་ཟད། ཉུང་མཐར་ཡང་སྤྱི་བའི་འཐུས་མི་དེ་གྲོས་ཚོགས་ཀྱི་ར་བའི་ནང་དུ་བསྡད་ནས་བགྲོ་གླེང་གནང་ཐུབ་མཁན་དང་གནད་དོན་ཐག་གཅོད་ཐུབ་མཁན་ཞིག་ལ་བསམ་བློ་གཏོང་དགོས་བ་རེད་མ་གཏོགས་གྲོས་ཚོགས་ཀྱི་ར་བ་ནས་ཕྱི་ལ་ཐོན་འགྲོ་མཁན་ཞིག་འདེམས་མི་ཉན། ད་དུང་གྲོས་ཚོགས་ཀྱི་ལོ་རེའི་སྔོན་རྩིས་དང་ལས་བསྡོམས་ཁག་ལ་དོ་སྣང་སྤྲོད་དགོས་བ་མ་ཟད་བཅའ་ཁྲིམས་ཀྱི་དགོངས་དོན་ཁག་དང་སྒྲིག་གཞི་ཁག་ངོ་སྤྲོད་པའི་སྒོ་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པ་གནང་དགོས་ཀྱི་འདུག མི་མང་གི་ངོས་ནས་འོས་བསྡུའི་ཆ་ཤས་ལེན་མཁན་ཇི་ཙམ་མང་དུ་ཕྱིན་ན། དེ་ཙམ་གྱིས་སྤྱི་བའི་འཐུས་མི་ཚད་ལྡན་ཞིག་སླེབས་རྒྱུར་རེ་བ་ཡོད་པ་རེད། སྤྱི་བའི་འཐུས་མི་ཚད་ལྡན་ཞིག་སླེབས་པ་ཡིན་ན། བཅའ་ཁྲིམས་ལ་བསྐྱར་ཞིབ་དང་སྒྲིག་གཞི་ཁག་ཚགས་ཚུད་དུ་འགྲོ་གི་རེད། སྒྲིག་གཞི་ཁག་ཚགས་ཚུད་དུ་སོང་ན་སྤྱི་བའི་ལས་དོན་ལ་འཐུས་ཤོར་ཉུང་དུ་འགྲོ་གི་ རེད། རྒྱུ་མཚན་འདི་དག་ལ་བརྟེན། བོད་མི་རྣམས་ཀྱིས་བཀའ་བློན་ཁྲི་བ་དྲག་འདེམས་ལས་སྤྱི་འཐུས་དྲག་འདེམས་ལ་བསམ་བློ་མང་ཙམ་གཏོང་རོགས། ཀླད་པ་མང་ཙམ་དཀྲུགས་རོགས༌། བཀའ་བློན་ཁྲི་བ་དེ་༧གོང་ས་མཆོག་གི་དགོངས་གཞི་བཞིན་ལོ་གཞོན་ཞིག་དང་དེ་ཡང་རབ་བྱུང་ན་བུད་མེད་ཞིག་འདེམས་རྒྱུར་བསམ་བློ་ཐོངས། སྤྱི་འཐུས་དེ་ཁུངས་སོ་སོ་ནས་དྲག་ཤོས་དག་སླེབས་ཐུབ་རྒྱུར་ད་ལྟ་ནས་བསམ་བློ་ཐོངས། འདི་ནི་ངེད་ཀྱི་རྨོངས་འཆར་འདིའི་དགོས་དམིགས་ཡང་ཡིན།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༤ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༥ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 10

  1. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    མེ་སྒྱོགས་རྒྱ་མཚོ་ལགས་ཁྱེད་འདི་ཡང་དུས་བབ་ཟིན་བྲིས་ནང་གི་མ་འདས་སྤྲུལ་སྐུ་ཞིག་ཡིན་པ་ཚིག་སྦྱོར་དང་མཆན་འདེབས་སྟངས་ཀྱི་སྟེང་ནས་ཧ་གོ་སོང་། ངོ་མ་བསམ་བློ་དང་ཡིག་རྩལ་གང་ཐད་ནས་བཟང་གི་ལོ།

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། ཁྱེད་ཀྱིས་ལྟ་རིན་ཅན་གྱི་ཟིན་བྲིས་ཤིག་སྤེལ་བར་དགའ་ཡོད།

    ཞོར་དུ་བཤད་རྒྱུ་ཞིག་ལ་འདི་ནས་སྟག་སྨྱོན་མིང་ཅན་འདི་སྔོན་མ་དུས་བབ་དྲ་ཐོག་གི་ཟིན་བྲིས་པ་དེ་མིན་པ་འདྲ། ཁོང་གིས་ལུང་རིགས་རྒྱལ་དང་སྐུ་ཞབས་རབ་གསལ་གཉིས་ལ་རྩོད་བརྒྱབ་ནས་ཅི་བྱེད་གང་བྱེད་མེད་པ་ལྟ་བུ་ཞིག་བཟོས་སོང་། དེ་རིང་གི་འདི་ཡིག་ནོར་འབྲི་མཁན་ཞིག་རེད། གལ་སྲིད་ཡིན་མིན་གྱི་གསལ་བཤད་ཅིག་གནང་རོགས།

    Reply
  3. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    དྲ་གྲོགས་མང་པོ་ཞིག་གིས་གྲོས་ཚོགས་འཐུས་མིའི་ཡོང་ཁུངས་ལ་བཅོས་བསྒྱུར་ཆེན་པོ་ཞིག་གཏོང་དགོས་བའི་བསམ་ཚུལ་འདོན་གྱི་འདུག་མོད།
    དེ་ལྟར་ཡོང་རྒྱུ་ནི་ཧ་ཅང་དཀའ་མོ་རེད། ད་ཡོད་ཆོལ་ཁ་དང་ཆོས་ལུགས་ཀྱི་ཡོང་ཁུངས་དེ་འགོག་ཐུབ་རྒྱུ་ཁག་པོ་རེད༌། འོན་ཀྱང༌། སྤྱི་འཐུས་ཀྱི་གྲངས་འབོར་དང་བཅའ་ཁྲིམས་སུ་འཁོད་པའི་སྒྲིག་གཞི་ཁག་ལ་བཅོས་བསྒྱུར་ཆེན་པོ་གཏོང་ཐུབ་པ་ཞིག་རེད་ལ། དེ་ལྟར་ཡོང་བ་ལ་མི་མང་གི་ངོས་ནས་སྤྱི་འཐུས་ཚད་ལྡན་ཞིག་འདེམས་རྒྱུ་དེ་རེད།
    དེ་ནས། ང་ཚོས་དྲ་རྒྱ་ཁག་ལ་བསམ་ཚུལ་ཇི་ཙམ་སྤེལ་ན་ཡང༌། དེ་ཀློག་མཁན་ནི་བོད་པའི་སྤྱི་ཚོགས་ཀྱི་བརྒྱ་ཆ་༡༥ཡང་ལོངས་ཀྱི་མེད།
    དེར་བརྟེན། ང་ཚོའི་བསམ་ཚུལ་དག་གཞིས་ཆགས་ཁག་གི་མི་མང་དཀྱུས་མ་དང་དགོན་སྡེ་ཁག། སློབ་གྲ་ཁག་བཅས་ལ་སླེབས་རྒྱུར་ཐབས་ཤེས་གནང་དགོས་ཀྱི་འདུག
    གཞན༌། ད་རེས་གྲོས་ཚོགས་འཐུས་མི་ཚོའི་བྱ་སྤྱོད་དང་འབྲེལ་ནས་བོད་རིགས་རྩོམ་འབྲི་བ་ཚོས་བོད་ཡིག་གི་དྲ་རྒྱ་ཁག་ལ་བསམ་ཚུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་དང་མཆན་བུའི་འཚང་ཁ་རྒྱག་བཞིན་པ་ནི་དགའ་འོས་བ་ཞིག་རེད། བཙན་བྱོལ་གྱི་དབྱིན་ཡིག་རྩོམ་འབྲི་བ་ཚོར་མཚོན་ན༌། ཐེངས་འདིར་ཁུ་སིམ་མེར་བསྡད་འདུག་པ་མ་ཟད་གོ་མེད་གྲགས་མེད་རེད་འདུག འདི་ཡང༌། བོད་རིགས་རྩོམ་འབྲི་བ་ཞིག་གི་ངོས་ནས་འགན་ལེན་གྱི་མེད་པའི་ངོས་གཅིག་རེད་ལབ་ན་ཡང་མི་འགྲིག་པ་ཅི་ལ་ཡོད།

    Reply
  4. མེ་སྒྱོགས་རྒྱ་མཚོ། says:
    ལོ་ 17 སྔོན།

    དྲ་གྲོགས་རིག་འབྱུང་བཀྲིས་ལགས། ཁྱེད་རང་གིས་ཞིབ་འཇུག་བྱ་རྒྱུ་ཡིན་ཟེར་བ་དུས་ཡུན་ཏོག་ཙམ་འགོག་གི་རེད་སྙམ་བྱུང་། ངས་སྤྱི་འཐུས་༤༣་པོ་དེ་དག་མི་རེ་ངོ་རེ་ནས་ཐོག་མ་སྤྱི་འཐུས་སུ་གང་འདྲ་བྱས་ནས་སླེབས་ཡོད་མེད་ཀྱི་སྐོར་ལ་འཚོལ་ཞིབ་བྱ་དགོས་བསམས་ཀྱང་ད་བར་ལམ་ཁ་ཞིག་བརྙེད་མ་སོང་། ད་ལྟའི་སྤྱི་འཐུས་འདི་དག་གི་སྤུས་ཚད་དེའི་ཡོང་ཁུངས་མཐའ་འདེད་བྱེད་ཐུབ་ན་སྤུས་ཚད་ཞན་པོ་འདི་དག་མི་ཡོང་བའི་འགོག་སྒོ་འཛུགས་རྒྱུའི་འཆར་གཞི་ལ་བསམ་བློ་གཏོང་ཆོག་པ་བསམས།
    ཡང་དོགས་འདྲི་ཁ་ཤས་ཤིག་འདི་ལ་གཡུག་གོ
    ཆོལ་ཁ་སོ་སོའི་དབུས་རྒྱུན་ལས་དང་ཆོལ་ཁའི་སྤྱི་འཐུས་བར་ལ་འབྲེལ་བའི་ངོ་བོ་ཇི་འདྲ་འདུག
    ཆོལ་ཁ་སོ་སོའི་དབུས་རྒྱུན་ལས་ཀྱི་དམིགས་ཡུལ་དང་དེའི་ལས་ཀ་གང་རེད་དམ།

    ཆོལ་ཁ་སོ་སོའི་ནང་དུ་མི་རྒྱུད་བྱེ་བྲག་པ་དེ་དག་དང་ཆོལ་ཁའི་སྤྱི་འཐུས་ཡོང་ཁུངས་བར་ལ་འབྲེལ་བའི་ངོ་བོ་ཇི་འདྲ་འདུག
    མི་རྒྱུད་དང་མི་རྒྱུད་བར་གྱི་མི་མཐུན་པའི་ཟློས་གར་དེ་ཆོལ་ཁའི་སྡིངས་ཆའི་སྟེང་དུ་འཁྲབ་ཀྱིན་འདུག་གམ།

    ཆོལ་ཁ་སོ་སོའི་བླ་ཆེན་བྱེ་བྲག་པ་དེ་དག་དང་ཆོལ་ཁའི་སྤྱི་འཐུས་ཡོང་ཁུངས་བར་ལ་འབྲེལ་བའི་ངོ་བོ་ཇི་འདྲ་འདུག

    ཆོལ་ཁའི་སྤྱི་འཐུས་ནང་དུའང་ལྭ་བ་དམར་པོ་གྱོན་མཁན་འདི་དག་སླེབས་ཡོང་གི་ཡོད་པ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ནང་དུ་མི་སྐྱ་སླེབས་ཡོང་གི་ཡོད་ན་ཆོས་བརྒྱུད་ཀྱི་སྤྱི་འཐུས་བྱེ་བྲག་པ་མཚོན་བྱེད་ཅིག་དགོས་དོན་ཨེ་འདུག

    གལ་སྲིད་འོས་གཞི་ཡོང་ཁུངས་དེ་ཆོལ་ཁ་དང་ཆོས་བརྒྱུད་མི་དགོས་པ་བཟོས་ཏེ་ཆབ་སྲིད་ཚོགས་པའི་སྟེང་ནས་ཡོང་ཐུབ་པའི་གདེང་དཔག་ཨེ་འདུག ཡོད་ན་འདེམས་ཐོན་བྱུང་བའི་སྤྱི་འཐུས་དེ་དག་གིས་གཞིས་བྱེས་མི་མང་གི་བསམ་པ་མཚོན་ཐུབ་པའི་བཙན་བྱོལ་མི་མང་གིས་མོས་མཐུན་བྱེད་མདོག་ཁ་བོ་ཨེ་འདུག
    བསམ་བློ་འདི་འདྲ་མང་པོ་ཞིག་བཏང་ན་ད་དུང་སྤྱི་འཐུས་ཚོས་བེད་སྤྱད་གཏང་རྒྱུའི་སྲོག་རླུང་ཤེལ་དམ་མང་པོ་ཞིག་བཟོ་དགོས་ཐུག་ས་རེད།
    དྲི་རྟགས་འདི་དག་ལ་ལན་གསལ་བོ་ཞིག་རག་ཁག་པོ་རེད། གཙོ་ཆེ་ཤོས་དྲི་རྟགས་འདི་ལ་བསམ་གཞིགས་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱིན་ཡོད།

    ཁྱེད་རང་གིས་བཤད་པ་ལྟར་མ་འོངས་པའི་བོད་མི་མང་གི་བྱ་ཕྱོགས་ལ་བརྟེན་ནས་ད་ལྟའི་གནད་དོན་འདི་འདྲ་མི་འབྱུང་བའི་ལམ་ཁ་ཕྱེ་བ་དེར་འོས་ཤོག་འཕེན་མཁན་གྱི་བོད་མི་ཚང་མས་བསམ་ནོམ་གཏང་རྒྱུ་གལ་ཆེན་པོ་རེད། གནད་ལ་འཁེལ་ཐུབ་པ་དང་ལག་ལེན་དུ་ཡོང་འཐུབ་པ་ལ་ངེད་ཚོའི་རེ་བ་དང་དོན་དངོས་སྤྱི་ཚོགས་ཀྱི་སེམས་ཁམས་གཉིས་སྦྱར་ནས་བསམ་ཐུབ་ན་དོན་འབྲས་ཆེ་བར་སྣང་། དབྱིན་ཡིག་གི་སྐད་ཆ་བཤད་སྟངས་ལ་ ideally ཟེར་བ་དང་མཉམ་དུ་དེ་ལས་ལྡོག་སྟེ་ཟེར་བ་ལྟ་བུའི་ practically ་ཟེར་བའི་ཚིག་འདི་དག་ངེད་ཚོའི་འཆར་གཞི་བཟོ་དུས་བསམ་བློ་བཏང་ནས་ངེད་ཚོའི་བསམ་འདོད་དང་ལག་ལེན་དུ་འཁེལ་ཐུབ་མིན་བར་ལ་དཔྱད་ཞིབ་དགོས་པ་སྙམ། ཉེ་བེ་ཉོབ་བེ་མང་པོ་ཞིག་བཤད་ཤོར་ཐལ།
    མདོར་བསྡུས་ན་ངེད་ཚོའི་རེ་བ་ལ་སྤྱི་འཐུས་ཟེར་བ་ནི་ཁྲིམས་བཟོའི་ལྷན་ཁང་ཞིག་ཡིན་པས་དེའི་ཚོགས་མི་ལ་ཤེས་འཇོན་ལྷག་བསམ་ལྡན་པ་ཞིག་འདེམས་ཐོན་ཡོང་དགོས་བསམས་ཀྱང་། གལ་སྲིད་ལོ་ངོ་ལྔ་བཅུའི་བཙན་བྱོལ་ལོ་རྒྱུས་གིས་ངེད་ཚོ་ལ་ལམ་སྟོན་ཞིག་བྱས་ཚེ་འདི་འདྲ་ཞིག་ཡོང་དཀའ་བའི་བཟོ་ལྟ་འདུག་པས་ཡིད་བསུན་སྐྱེས།

    Reply
  5. དགྲ་འདུལ། says:
    ལོ་ 17 སྔོན།

    ཁང་ཤིའི་ལག་ནས་ཐེངས་པོར་ཕམ་པ་རེད། བོོད་ས་གཏོར་གནམ་གཏོར་བྱས་པ་རེད། དེའི་རྗེས་ནས་མའོ་ཙེ་ཏུང་གི་ལག་ནས་ཕམ་སྟེ་ལངས་རྒྱུ་མེད་པ་བཟོས་པ་རེད། བོད་ས་ག་ས་གང་དུ་ས་བཅད་རྡོ་བཅད་བྱས་ཤིང་། དུམ་བུར་གཏོང་བ་དང་དབྱེ་བཅད་བྱས་པ་རེད། རྒྱ་ནག་གིས་རྒྱ་རིགས་ཚོ་དང་མི་རིགས་གཞན་པ་རྣམས། རྒྱལ་སྤྱིའི་མང་ཚོགས་ལ་བོད་གཅིག་གྱུར་ཅེས་པ་ཞིག་དང་བོད་རང་བཙན་ཞེས་པ་ཞིག་མེད་པའི་ལབ་བརྡོལ་མང་དུ་བྱས་པར་བརྟེན། འཛམ་གླིང་རེ་ཞིག་མགོ་འཐོམ་པ་དང་ཁག་ཅིག་ཁེ་ཕན་གྱི་ཕྱོགས་སུ་ལངས་པ། འགའ་ཞིག་ཞེད་སྣང་གི་འོག་ཏུ་ཚུད་དེ་བོད་འདི་རྒྱ་ནག་གིས་ཅི་བཤད་ན་དེ་བདེན། ཅི་བྱེད་ན་དེ་རེད་ཅེས་རྒྱ་ལག་ལ་བཞག་པ་རེད།

    ཡིན་ཡང་། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་གཞིས་ལུས་བོད་རིགས་མི་དམངས་ཀྱི་དམ་ཚིག་ལ་བརྟེན་ནས་སླར་ཡང་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས། ཐ་ན་རྒྱ་མི་རིགས་སོགས་ཀྱིས་བོད་ཆོལ་ཁ་གསུམ་གཅིག་གྱུར་དང་། བོད་མི་རིགས་ལ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་ལྷག་དོན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་སྐོར་ཞུ་གིན་ཡོད། བོད་འདི་གཅིག་གྱུར་ཡིན་པ་ཚང་མས་ཁས་ལེན་བཞིན་ཡོད། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ། ང་ཚོའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་གུང་ཁྲན་གྱི་སྐད་ཆར་ཁུངས་སྐྱེལ་བྱས་ཏེ། བོད་འདི་གཅིག་གྱུར་མིན་པ། ཆོལ་ཁོངས་སོ་སོར་འཐོར་དགོས་རུང་མི་སྐྱོན་ཚུལ་སྐད་ཅོར་བརྒྱབས་འདུག

    ༧གོང་ས་མཆོག་གིས་ད་བར་དུ་ཐུགས་བརྩོན་གནང་བའི་གྲུབ་འབྲས་དག་ཆུ་ལ་བསྐྱུར་བ་རེད།

    ཚན་རིག་པས་བཤད་ན། སེམས་སྐྱིད་པོ་བྱུང་ན་ཚེ་རིང་པོ་འདུག་ཐུབ་པའི་ཁུངས་སྐྱེལ་ཡང་དང་རིམ་པས་བྱས་པ་རེད། དེས་ན་སེམས་མ་སྐྱིད་ན་ཚེ་ཇེ་ཐུང་ལ་འགྲོ་བ་ནི་རང་བཞིན་ཡིན་པས། ད་ཐེངས་བོད་མི་མང་སྤྱི་འཐུས་འདི་དག་གིས་༧གོང་ས་མཆོག་གི་ཐུགས་མི་སྐྱིད་པ་བཟོས་པ་འདི་ནི། དོན་དུ་ཁོང་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ལ་བར་ཆད་བཏང་བ་རེད།

    འདི་དག་གིས་ད་སྐབས་ཀྱང་རང་རང་ས་ན་རྒྱག་གཏམ་བཤད་ནས་བསྡད་ཡོད་པ་རེད། འདི་རེད་དང་གན་མ་རེད་ཟེར་ས་མེད་པར། རང་རང་ས་ན་མུ་མཐུད་དུ་གྲབ་བཤོམ་རྒྱུའི་ངན་ཇུས་ཀྱི་སྐོར་སྒྲིག་གི་ཡོད། དེ་བས་བོད་རིགས་ཀླད་པ་དྭངས་གསལ་ཡིན་མཁན་ཚོས་འུར་མི་རྒྱག་པར་བསམ་བློ་ནན་ཏན་ཞིག་གཏོང་དགོས་པའི་ཚད་རེད།

    Reply
  6. སྟག་སྨྱོན། says:
    ལོ་ 17 སྔོན།

    ཆོལ་ཁ་གསུམ་ནི་སྐད་ཡིག་གཅིག་པ། ལོ་རྒྱུས་གཅིག་པ། རིག་གཞུང་གཅིག་པ། སྐྱིད་སྡུག་གཅིག་པ། ཁྲག་རྒྱུད་གཅིག་པ་རེད། རྩོད་པ་ཆེན་པོ་ཡོང་དོན་མེད། འོན་ཀྱང་དཀྲུགས་འདྲེ་ཚོ་གྲོས་ཚོགས་ནང་ཡོད་པ་རེད། ཁོ་ཚོས་མཐུ་གཏོང་གི་ཡོད་པ་འདྲ།

    Reply
  7. སྟག་སྨྱོན། says:
    ལོ་ 17 སྔོན།

    ཆོལ་ཁ་གསུམ་ནི་སྐད་ཡིག་གཅིག་པ། ལོ་རྒྱུས་གཅིག་པ། ཆོས་ལུགས་གཅིག་པ། དམིགས་ཡུག་གཅིག་པ། རྗེས་ལུས་གཅིག་པ། སྐྱིད་སྡུག་གཅིག་པ་ཡིན་པས་ཆིག་སྒྲིལ་མི་ཡོང་བའི་རྒྱུ་མཚན་ཡོད་པ་མ་རེད། འོན་ཀྱང་ཆོལ་ཁ་སོ་སོའི་ཆབ་སྲིད་པ་ཡིན་ཁུལ་གྱི་དཀྲུགས་འདྲེ་ཉུང་ཤས་ཞིག་གིས་གནོད་པ་གཏོང་གི་ཡོད་པ་རེད།
    འདི་སྐོར་ཁ་གསལ་ཞིག་འབྲི་འདོད་ཡོད་པས་ལག་ལེན་ཁེལ་སོང་ན་གུས་པའི་ཟིན་བྲིས་ནང་འགོད་ཆོ

    Reply
  8. སྟག་སྨྱོན། says:
    ལོ་ 17 སྔོན།

    ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོའི་སྤུས་ཚད་ཡར་རྒྱུས་འགྲོ་རྒྱུ་ཁག་པོ་རེད། ཆོལ་ཁའི་སྤྱི་འཐུས་ཚོ་རིམ་བཞིན་དེང་རབས་ཀྱི་ཀླད་པ་ཡོད་མཁན་མང་དུ་སླེབས་རྒྱུའི་རེ་བ་ཡོད་པ་རེད། འོན་ཀྱང་ཆོས་རྒྱུད་སྤྱི་འཐུས་ག་དུས་ཡིན་ན་ཆོས་མེད་སྲིད་མེད་ཀྱི་ཀླད་སྟོང་རྩོད་པ་ཚ་བོ་དང་ངོ་ཚ་མི་ཤེས་མཁན་རྐྱང་ལས་ཡོང་རེ་མི་འདུག

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་ཟེར་ན་གཅིག་ལས་གཉིས་མེད་པར་བསམ་འཕོད་པ་ནས་བཤད་འཕོད་པ། སྒྲུབ་འཕོད་པ་དག བོད་ཀྱི་སྤྱི་འཐུས་ཤིག་མ་ཆགས་བར་དུ་ངོ་ཚ་མེད་པ་དང་༧གོང་ས་མཆོག་ལ་ངོ་མི་གནོངས་པ། བོད་ནང་གི་བོད་མི་དག་ལ་ངོ་ཚ་བསམ་ནས་འབད་བརྩོན་མི་བྱེད་པ། རང་སྒེར་ལས་སྤྱི་དོན་ཆུང་སར་འདེད་པ་འདི་དག་མུ་མཐུད་དུ་བྱུང་སྲིད་པ་ཡིན།

    Reply
  10. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    །ཨ་རོགས་་་་ད་ཡིད་སྐྱོ་ནི་ཞིག་རེད་ཡ། ཕུག་དེད་ན་དེ་ལས་ཀྱང་ཁྱད་མཚར་ཞིག་རེད། ཡིན་ནའང་ང་ཚོར་ཉམས་མྱོང་ཐེངས་གཅིག་རེག་སོང་བ་རེད། རེད་རེད་་ཞབས་འདྲེན་ཚོས་དངོས་གནས་ཞབས་འདྲེན་ཞུས་སོང་། སྒེར་གྱི་ལྟ་ཚུལ་ཁུར་ནས་ཕྱོགས་རེས་བྱས་ན་འདི་ལས་ཡོང་རྒྱུ་མེད་པ་ལོས་ཤེས། ད་ཚར་སོང་ནི་རེད། རྗེས་མར་འདི་འདྲ་རེ་མི་ཡོང་བའི་སྨོན་ལམ། དགྲ་ཕྱོགས་ལ་ལྟ་དགོས་ན་ངོ་ཚ་ནི་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese