བོད་མི་དམངས་ལ་སྤྱི་འཐུས་ཅི་ལྟ་བུ་ཞིག་དགོས་པ་གསལ་སྟོན་བྱེད་པའི་དུས་ལ་བབས་ཡོད།
གླེན་པ་ལུག
ཉིན་འགའི་ཡར་སྔོན་དུ་རྡ་ས་གངས་སྐྱིད་དུ་བོད་མི་དམངས་སྤྱི་འཐུས་ཚོས་བོད་ཀྱི་འདས་མ་ད་གསུམ་གྱི་གནད་དོན་ལས་བརྩམས་པའི་གྲོས་གླེང་མང་པོ་ཞིག་བྱས་ཡོད་པ་དང་། ཆེས་མང་པོ་ཞིག་ནི་འདས་པའི་དུས་རིམ་ནང་བཀའ་ཤག་གི་འཛིན་སྐྱོང་ཕྱོགས་ལ་བཏོན་པའི་བསམ་འཆར་དང་དྲི་བ་དྲིས་ལན་རེད། སྔ་ཕྱིར་བཏོན་པའི་བསམ་འཆར་དང་། གྲོས་གཞི་མང་ཆེ་བ་ནི་ཆེས་སྤྱིར་བཏང་གི་བཤད་རྒྱུན་དང་སྤྱི་ཚོགས་ཀྱི་སྣང་ཚུལ་སྐོར་ཞིག་ཡིན་སྟབས། ད་ལྟའི་བོད་མི་རིགས་ཀྱི་གནས་བབ་དང་རྒྱ་གཞུང་གི་སྟོབས་ཤུགས་ལ་དཔག་ན་ང་ཚོའི་སྤྱི་འཐུས་ཚོའི་མཁྱེན་དཔྱོད་དང་། མི་རིགས་ཀྱི་ལས་དབང་ལ་བཟུང་པའི་ལྟ་ཚུལ་ལ་དོགས་པ་མི་ཟ་ཀ་མེད་ཆགས་ཀྱི་འདུག སྤྱིར་བཏང་དམངས་གཙོའི་འགྲོ་སྲོལ་གཞིར་བཟུང་བའི་སྤྱི་ཚོགས་ཀྱི་ལམ་ལུགས་ལྟར་ན། མི་དམངས་ཀྱི་འཐུས་མི་ནི་དུས་རྒྱུན་ཆབ་སྲིད་དང་ཤེས་རིག་དཔལ་འབྱོར་སོགས་སྤྱི་ཚོགས་ཀྱི་སྐབས་སོ་སོའི་དགོས་མཁོ་དང་། འཐུས་མི་ཚོའི་འཇོན་ནུས་ལ་བལྟས་ནས་ཐད་ཀར་མི་དམངས་ཀྱིས་འདེམས་ཐོན་འབྱུང་བཞིན་ཡོད་ན་ཡང་། རང་རེའི་འཐུས་མི་ཕལ་མོ་ཆེ་ཞིག་ནི་དགོད་བྲོ་བའི་སྣང་ཚུལ་ཞིག་གཞི་ལ་བཟུང་ནས་འདེམས་ཐོན་འབྱུང་བཞིན་ཡོད། དཔེར་ན། དོན་སྟོང་ཁེ་མེད་ཀྱི་ཐོབ་ཤོར་ཆེད་བདམས་པའི་སྤྱི་འཐུས་དང་། སྤྱི་འཐུས་ཀྱི་རྐུབ་སྟེགས་ཁོ་ནའི་སྟེང་དུ་ན་རྒས་རྫི་རྡིབ་བྱུང་བའི་སྤྱི་འཐུས་ཚོ་ལས་ཤེས་ཐུབ་པ་ཞིག་རེད། གནས་སྟངས་འདི་འདྲ་ཞིག་རྒྱུན་མཐུད་པའི་དབང་གིས་བོད་ལ་ཉམ་ང་ཆེས་ཆེར་བྱུང་སྐབས་གོ་ཚོར་མེད་པའི་རོ་དང་འདྲ་ལ། ནང་ཁུལ་ལ་ཕྱོགས་པའི་འཐེན་འཁྱེར་གྱི་གཞི་ཙམ་རྙེད་པ་ན་ངོ་གདོང་དམར་ནག་དང་། ལུས་ལ་འདར་ཡོམ། ངག་ལ་འཛེར་སྐད་ལྷང་སེ་ཡོང་བའི་འཐུས་མི་འདི་འདྲ་ཡང་བྱུང་བ་རེད། ད་ལྟ་ང་ཚོས་ཤེས་དགོས་པ་ནི་ཐེངས་འདིའི་རྙོག་ཟིང་འདིར་རང་ཉིད་ཀྱི་ལྟ་ཚུལ་ཅི་ཞིག་འཛིན་རྒྱུ་ཡིན་མིན་དེ་ཡིན། སྤྱི་འཐུས་ཚོས་བཞག་པའི་བག་ཆགས་སམ་ཡང་ན་སྤྱི་འཐུས་ཚོས་མི་དམངས་ལ་སྤྲད་པའི་རྣམ་འགྱུར་ལ་བལྟས་ན་མུ་མཐུད་གཅིག་རྒྱབ་གཉིས་ལང་གིས་མི་རིགས་ནང་ཁུལ་གཏོར་བའི་ཡོ་ལང་ཞིག་འབྱུང་དགོས་པ་འདྲ་མོད། ལོ་ཕྱི་ནང་འདི་དག་གི་རིང་བྱུང་བའི་གཞིས་ལུས་མི་དམངས་ཀྱི་འོས་ལངས་དང་། ད་ལྟའི་རང་རེའི་འཇིག་ཉེན་ལ་བསམས་ན་མི་དམངས་ཀྱི་གདམས་ཀ་ནི་སྤྱི་འཐུས་མིང་འཛིན་པ་ཁོ་ཚོའི་བྱ་སྤྱོད་ཀྱི་ལྡོག་ཕྱོགས་སུ་འགྲེངས་ཏེ། ངེས་པ་དོན་གྱི་སྟེང་ཕ་གཞིས་རང་ལག་ཏུ་སོན་པའི་བྱེད་ཐབས་ཤིག་རྩོམ་དགོས་པ་དེ་ཡིན། དེ་ཡང་ཐོག་མར་ངེས་པར་དུ་རང་ཉིད་ཀྱི་བསམ་བློའི་ཁྲོད་བཅངས་པའི་མི་རིགས་ཀྱི་བརྩེ་དུངས་ལ་ཞུ་དག་བྱེད་དགོས་ཏེ། སྒེར་གྱི་ཁེ་ཕན་དུ་ཕྱོགས་ཁ་རྒྱབ་རྩར་འཁུར་བའི་དམིགས་འདུན་ངོ་ཤེས་པ་དང་། བོད་མི་རིགས་ཉམས་ཉེས་ཀྱི་འགག་རྩ་མིའི་བྱ་སྤྱོད་ལ་ཐུག་པའི་གནད་དོན་དེར་ངེས་པར་དུ་གོ་རྟོགས་གསར་པ་ཞིག་རྙེད་ཐབས་བྱེད་དགོས། ང་ཚོས་ཤེས་ཐུབ་པ་ཞིག་ནི་སྐབས་འདིའི་སྤྱི་འཐུས་ཐོག་མར་མགོ་བཙུགས་ཙམ་ནས་ལྟས་བཟང་པོ་ཞིག་མ་བྱུང་སྟེ། ལོ་ལྔའི་རིང་གི་ཚོགས་གཙོ་དུམ་བུར་གཏོང་དགོས་བྱུང་བ་འདིས་ཀྱང་ཐེངས་འདིའི་གནད་དོན་ལ་སྔོན་བསུ་བྱས་ཡོད། འདི་ལྟར་ཐོག་མ་ཉིད་ནས་གོ་རིམ་བསྒྲིགས་ཏེ་ནང་ཟིང་སློང་བའི་བྱེད་པོ་དག་ལ། མི་དམངས་ཀྱིས་ཞུ་དག་བྱེད་པའི་དུས་ལ་བབས་སོང་བས། ད་ནི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་པ་དང་མི་རིགས་ཀྱི་འགོ་ཁྲིད་ལ་སྟོབས་ཤུགས་སྩོལ་བའི་སླད་མ་བསྐུལ་དང་བླངས་ཀྱིས་ཐེངས་འདིའི་གནད་དོན་ལ་ཞིབ་བཤེར་བྱེད་པའི་འགན་འཁྲི་མི་དམངས་ཀྱིས་འཁུར་དགོས་པ་དང་། བོད་མི་དམངས་ལ་སྤྱི་འཐུས་ཅི་ལྟ་བུ་ཞིག་དགོས་པ་གསལ་སྟོན་བྱེད་པའི་དུས་ལ་བབས་ཡོད། མདོར་ན་སྔ་ལོ་ནས་བཟུང་གཞིས་ལུས་མི་དམངས་ལ་རྒྱ་གཞུང་གིས་སྤེལ་བའི་དྲག་སྤྱོད་ཐད་ང་ཚོའི་སྤྱི་འཐུས་ཚོས་ཅི་ཞིག་བྱས་པ་དང་ཡང་ན་གང་ཞིག་བཤད་ཡོད་དམ། དེ་ལས་ལྡོག་སྟེ་སྐབས་༡༤ བའི་སྤྱི་འཐུས་མགོ་ཚུགས་ཙམ་ནས་བཀྲ་མ་ཤིས་པའི་ནང་རྙོག་མུ་མཐུད་བསླངས་པ་མ་ཟད། བོད་མི་དམངས་སྤྱི་འཐུས་ཀྱི་ཚབ་མཚོན་མིང་བཏགས་འཁུར་བཞིན་དུ་རང་འཁྲིའི་ལས་འགན་ཆང་རག་ཏུ་བརྗེས་པའི་སྣང་ཚུལ་ཀྱང་བྱུང་མྱོང་བ་མ་རེད་དམ། དེས་ན་ད་ལྟ་མི་དམངས་ཀྱི་ལས་འགན་ནི་དོན་གནད་འདི་དག་ལ་གཏིང་མཐར་ཕྱིན་པའི་རྩིས་ཞིབ་བྱེད་པ་དང་། ཕྱིན་ཆད་སྤྱི་འཐུས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བར་གྲ་སྒྲིག་མ་ནོར་བ་ཞིག་དགོས་པར་མཐོང་།
ཨ་དགེ་ཤི་མི་འདུག་རྡུལ་ཚུབ་ཚུབ་སེ་རའི་གླིང་སྐོར་ན་རྔུལ་ནག་འབྱིད་ཞོར་རྒྱུག་བཞིན་འདུག
ད་ངས་ད་བར་བསམ་བློ་མང་པོ་ཞིག་བཏང་མཐར།
གཏམ་དཔེ་ཞིག་རྙེད་བྱུང་། མི་ཁོག་མིས་མི་ལོན།།ཁྱི་ཁོག་རྒྱག་པས་མི་ལོན།།
ཞེས་པ་ལྟར། ང་ཚོ་མི་མང་ཚོས་སྤྱི་འཐུས་འདེམས་སྐབས་ཀྱང་། མི་ཁོག་མིས་མི་ལོན་སྟབས།།
འདི་བར་གེགས་ཆེ་ཤོས་ཤིག་རེད།།
གླེན་པ་ལུག་གིས་འབའ་སྐད་ཐོས་སོང་། ད་ནི་མ་འོངས་པའི་སྤྱི་འཐུས་བསྐོར་ལ་བསམ་བློ་གཏོང་བ་དང་གྲྭ་སྒྲིག་ལེགས་པོ་ཞིག་བྱེད་རན་རེད། ལྷག་པར་དུ་བོད་ཟེར་ན་གཅིག་ལས་གཉིས་མེད་པར་ལྟ་བ་ནས་དེ་ལྟར་སྒྲུབ་མཁན་གྱི་བོད་མི་དག་སྤྱི་འཐུས་སུ་འདེམས་རྒྱུ་དེ་ནི་མེད་དུ་མི་རང་བའི་ཆ་རྐྱེན་དང་བོ་རེད་ཟེར་ཆོག་པར་འདོད་ལགས། སྤུན་ཟླ་ཚོ་ཁྱེད་ཅག་གིས་གཟིགས་ཚུལ་འདི་ནས་ཞིབ་དུ་གསུང་རོགས་ཞུ། དེ་ནས་ཞིབ་དུ་སྙན་ཐོ་ལྟ་བུ་ཞིག་གང་སར་བཀྲམ་པ་ཡིན་ན་ཡག་པོ་ཡོད་པ་རེད་སྙམ་གྱི་འདུག་ལགས།
ཨ་ཡ་མཚན། ཡུན་རིང་གོ་མེད་ཚོར་མེད་དུ་གྱུར་བའི་གླེན་ལུག་ཅིག་གིས་འདི་ན་འབའ་སྐད་ཅིག་སྒྲོག་གིན་འདུག ཕར་ཉན་ཚོད་ལ་འབའ་སྐད་དེའི་ཁྲོད་ནས་ཁོང་གི་སེམས་སྟེང་གི་སྡུག་སྣང་ཞིག་མཚོན་གྱི་མེད་དམ་སྙམ་ཡོང་། གང་ལྟར་ཡང་། ཡུན་རིང་མ་མཇལ་བའི་ངའི་གཡང་ལུག ཁྱེད་བདེའམ།
དེ་བཞིན་གོང་དུ་དྲ་གྲོགས་བསེ་རུ་ལགས་ཀྱིས་ཨ་དགེའི་སྐོར་ཞིབ་ཏུ་མཁྱེན་འདོད་ན་གནམ་ལྕགས་ཀྱི་ཟིན་བྲིས་སུ་གཟིགས་རོགས་ཟེར་ལ། ངས་དེ་བས་ཀྱང་ཞིབ་ཏུ་མཁྱེན་འདོད་ན། ཨ་དགེ་རང་གི་ཟིན་བྲིས་སུ་གཟིགས་རོགས་ཞུ་འདོད་བྱུང་ངོ་། །
ད་དུང་ཞིབ་པར་མཁྱེན་འདོད་ན་གནམ་ལྕགས་ལགས་ཀྱི་ཟིན་བྲིས་སུ་གཟིགས་རོགས།།
དགེ་བཤེས་ཡོན་བྷེ་ལགས།
ཨ་དགེ་ཚེ་ལས་འདས་སོང་ཟེར་མཁན་སྐུ་ཞབས་བསེ་རུ་རེད་མ་གཏོགས་གནས་ཚང་མ་རེད། དེ་བས། དགེ་བཤེས་ལགས་ཀྱིས་དེང་གི་བར་རིགས་ལམ་སྦྱངས་བ་དེ་རིག་པ་དྭངས་མོ་ཞིག་ཡོང་ཕྱིར་མ་ཡིན་ནམ།
གནས་ཚང་ལགས། ཨ་རིག་དགེ་མཐོང་ངོས་གནས་ཚེ་ལས་འདས་སོང་བ་རེད་དམ། ལན་གསལ་བོ་ཞིག་འཇོག་རོགས། གལ་སྲིད་མིན་ན་འདི་འདྲའི་གནས་ཚུལ་ངན་མ་བས྄ྒྲགས་རོགས།
གཅིག ཨ་རིག་དགེ་མཐོང་ལགས་ཚེ་ལས་འདས་སོང་ཟེར་བ་དེ་དངོས་གནས་བདེན་པ་ཡིན་ན། བཀྲ་མི་ཤིས་པའི་གཏམ་ཞིག་རེད། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
གཉིས། སྤྱི་འཐུས་ཅི་ལྟ་བུ་ཞིག་དགོས་སམ་ཞེ་ན། སྟོན་པ་ཤཀྱཱ་ཐུབ་པ་ལྟ་བུའི་སྐབས་དེའི་ལམ་ལུགས་དང་ཆོས་ལུགས་ལ་ངོ་ལོག་གིས་རང་ལུགས་གསར་བཏོད་ཀྱིས་ལམ་སྣེ་ཁྲིད་ཐུབ་མཁན་ཞིག་དགོས་ཀྱི་ཡོད་པར་འདོད།
དྲ་གྲོགས་ཚོར་ཞུ་རྒྱུར།
བཀྲ་མི་ཤིས་པ་གཏམ་ངན་གཅིག་གོ་བ་ལྟར་ན།
དུས་བབ་ཟིན་བྲིས་པ་ཨ་རིག་དགེ་མཐོང་ལགས་ཚེ་ལས་འདས་སོང་ཟེར།
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ་ཧཱུཾ།
ཨོཾ་མ་ཎི་པདྨེ་ཧཱུཾ།
ངས་བལྟས་ན་བཙན་བྱོལ་སྤྱི་ཚོགས་ཀྱི་གཞི་རིམ་མི་མང་ཚུན་ནས་སྤུས་ཚད་མཐོར་འདེགས་གཏོང་དགོས་པ་མཐོང་གི་འདུག ད་ལྟའི་སྤྱི་འཐུས་འདི་ཚོ་ང་ཚོ་མི་མང་གིས་ཡར་བསྐྱལ་བ་ཞིག་ལས་ཁོང་ཚོས་རང་དབང་ངང་འདུག་ཐབས་མེད་ལ། འདུག་པའི་རང་དབང་ཡང་མེད།
འབྱུང་འགྱུར་ང་ཚོས་སྤྱི་འཐུས་འདེམས་སྟངས་ཀྱི་ཐད་དགོངས་ཚུལ་གང་ཙམ་གླེང་དགོས་འདུག
དྲ་གྲོགས་ཚོས། ད་བར་འགྲིག་དང་མི་འགྲིག་པའི་གནས་ཚུལ་མང་པོ་གླེང་ཟིན་པ་རེད།
ད་ལྟ་ངས་བསམ་བློ་གཏོང་སྐབས། ང་ཚོ་རང་རང་གིས་འགྲིག་པའི་ལས་ཀ་ཞིག་གནང་དགོས་པ་མཐོང་གི་འདུག ཁ་ནས་རྫིག་པོ་བཤད་ཚད་དོན་ལ་བསམ་ན། ཁ་བཤད་ཆུ་ཡི་ལྦུ་བ།། ལག་ལེན་གསེར་གྱི་ཐིགས་པ།།ཞེས་པའི་དཔེ་ཟླའི་རྗེས་སུ་འགྲོ་མཁན་མང་། ང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན། ཁྱེད་རྣམས་ཀྱང་བློ་རྣལ་དུ་ཕབ་སྟེ་དགོངས་པ་བཞེས་དང་། ང་ཚོར་རང་ཉིད་བློས་གཏོང་མཁན་གྱི་བོད་མི་ཚད་དང་ལྡན་པ་ཞིག་ག་ཚོད་ཡོད་དམ།།