མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁམས་སྐད་བརྙན་འཕྲིན།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

 

དེ་རིང་ཞོགས་པ་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་བཀོད་པའི་གནས་ཚུལ་ལྟར་ན། ད་ལྟ་ལས་གཞི་འགྲོ་བཞིན་པའི་སི་ཁྲོན་བོད་སྐད་བརྙན་འཕྲིན་དེ། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ཕྱིར་གཏོང་བྱ་རྒྱ་ཡིན་པ་དང་། ད་ལོ་གསར་འཛུགས་བྱས་པའི་སི་ཁྲོན་བོད་སྐད་བརྙན་འཕྲིན་དེ་ཁམས་སྐད་ཐོག་གཏོང་རྒྱུ་ཡིན་འདུག འོན་ཀྱང་། ད་སྔ་ཉིན་རེའི་ལས་རིམ་དང་ཆུ་ཚོད་ག་ཚོད་ལ་གཏོང་རྒྱུ་ཡིན་མིན་བཅས་ཀྱི་གནས་ཚུལ་ཁ་གསལ་གང་ཡང་མི་འདུག

 

ཉེ་ཆར་རྒྱ་ནག་དབུས་རླུང་འཕྲིན་དང་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་སི་ཁྲོན་ནས་ཁམས་སྐད་ཐོག བོད་སྐད་བརྙན་འཕྲིན་ཨང་གསུམ་པ་དེ་འཛུགས་རྒྱུར་ཆོག་མཆན་བཀོད་པ་ལྟར། ད་ལོའི་ཟླ་ ༥ བ་ཡས་མས་ནས་ལས་གཞི་འདི་མགོ་འཛུགས་བྱས་ཡོད་པ་དང་། ད་ལྟ་ལས་གཞི་ཡོངས་སུ་འགྲུབ་ལ་ཉེ་སྟབས། ཟླ་འདིའི་ཚེས་ ༢༨ ཉིན་དངོས་སུ་ཚོད་ལྟའི་ཚུལ་གྱིས་ཕྱིར་གཏོང་བྱ་རྒྱ་ཡིན་འདུག་ལ། ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་རྗེས་རྒྱ་ཁྱབ་གཏན་འཇགས་རང་བཞིན་གྱིས་ཐད་གཏོང་བྱ་རྒྱུ་ཡིན་འདུག

 

རྒྱ་ནག་གཞུང་གིས་ལོ་འདི་འགར་ཆབ་སྲིད་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་སྔར་ལོ་ནས་བཟུང་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཐོག་ནས་རྒྱལ་ཁབ་ཕྱི་ནང་ཀུན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་གཏོགས་ཤུགས་ཆེ་རུ་བཏང་ཡོད། སྔོན་མ་ནས་ལྷ་ས་དབུས་སྐད་བརྙན་འཕྲིན་ཁང་དང་མཚོ་སྔོན་ཨམ་སྐད་བརྙན་འཕྲིན་ཁང་ཡོད་པ་ལྟར། ཐེངས་འདིར་སི་ཁྲོན་ཁམས་སྐད་བརྙན་འཕྲིན་ཁང་གསར་འཛུགས་བྱས་ཏེ། བོད་སྐད་ཀྱི་བརྙན་འཕྲིན་ཁང་ཨང་གསུམ་པ་དེ་གཞུང་འབྲེལ་གྱིས་བསྒྲུབས་ཡོད།

 

ད་ལོའི་ལོ་མགོ་ནས་བཟུང་བོད་ནང་གི་དྲ་ཚིགས་དག་ཏུ་ཐེངས་འདིའི་ཁམས་སྐད་བརྙན་འཕྲིན་གསར་འཛུགས་ཐད། ལེགས་ཉེས་ཀྱི་གླེང་སློང་ཤུགས་ཆེན་བྱུང་ཡོད་ལ། འགའ་རེ་ཡིས་སི་ཁྲོན་ནང་ཁམས་སྐད་བརྙན་འཕྲིན་བསྒྲུབས་པ་དེས་མི་རིགས་རིག་གནས་འཕེལ་རྒྱས་དང་སློབ་གསོ་དར་སྤེལ་ལ་ཕན་རླབས་ཆེ་བ་མ་ཟད། སོ་སོའི་ལུང་སྐད་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་ལྟ་ཉན་བྱ་ཐུབ་པའི་དགེ་མཚན་ཆེ་སྐོར་གསུངས་ཡོད་ལ། ཡང་ཁག་ཅིག་གིས་རྒྱལ་ཁབ་ཀྱིས་ཐོག་མ་ནས་ལྷ་སར་དབུས་སྐད་དང་། མཚོ་སྔོན་དུ་ཨམ་སྐད་ཐོག་བརྙན་འཕྲིན་བཙུགས་པ་དེས་བོད་སྐད་གཅིག་གྱུར་ལ་བཀག་རྒྱ་བཟོས་ཡོད་པ་མ་ཟད། གནད་དོན་འདི་བརྒྱུད་དེ་མི་རིགས་ནང་ཁུལ་མཐུན་སྒྲིལ་གྱི་སྟོབས་ཤུགས་ཉམ་དམས་སུ་བཏང་ཡོད། ལྷག་པར་དུ་ཐེངས་འདིར་སི་ཁྲོན་ནང་ཁམས་སྐད་ཐོག་བརྙན་འཕྲིན་བཙུགས་པ་དེར་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཡོད་པ་མ་ཟད། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་ཤེས་ལྡན་མི་སྣ་དག་གིས་ད་བར་རེ་ལྟོས་བྱེད་བཞིན་པའི་བོད་ཀྱི་སྤྱི་སྐད་ཟེར་བ་དེ་ལའང་ཡང་རེ་བ་ཇེ་ཕྲར་ཕྱིན་ཡོད། ཅེས་དགོངས་ཚུལ་སྣ་ཚོགས་བྱུང་ཡོད།

 

བོད་ལྗོངས་ཆ་འཕྲིན་ལྟ་གནས་སུ་བཀོད་པའི་གསར་འགྱུར་གཤམ་གསལ། བོད་ལྗོངས་དང་མཚོ་སྔོན་གཉིས་ནས་བོད་སྐད་ཀྱི་སྲུང་སྐར་བརྙན་འཕྲིན་གཉིས་སྔ་རྗེས་སུ་ཤར་གཏོང་བྱས་རྗེས། རྒྱལ་ཡོངས་ཀྱི་བོད་སྐད་སྲུང་སྐར་བརྙན་འཕྲིན་གསུམ་པ་སྟེ་སི་ཁྲོན་ཁམས་སྐད་སྲུང་སྐར་བརྙན་འཕྲིན་དེ་ཟླ་བ་བཞིའི་རིང་བྲེལ་ལོང་ངང་གྲ་སྒྲིག་བྱས་པ་བརྒྱུད། ད་ལོའི་ཟླ་༡༠ཚེས་༢༨ཉིན་ཚོད་ལྟའི་ཚུལ་གྱིས་གཏོང་རྒྱུ་ཡིན་ལ། དུས་ཐུང་ཙམ་རིང་ཚོད་ལྟ་བྱས་རྗེས། ལོ་འདིའི་ནང་དངོས་སུ་གཏོང་འགོ་རྩོམ་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ༢༠༠༧ལོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁྲང་ཁྲུན་གྱིས་མི་དམངས་འཐུས་ཚོགས་སྐབས་བཅུ་བའི་ཚོགས་འདུ་ཐེངས་ལྔ་པའི་སྟེང་། རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་སྒྱུར་སྐྲུན་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། ངེས་པར་དུ་བོད་རིགས་སྤུན་ཟླས་རླུང་འཕྲིན་ལ་ཉན་ཐུབ་ཅིང་བརྙན་འཕྲིན་ལ་ལྟ་ཐུབ་པ་བྱ་དགོས་ཞེས་པའི་ལྟ་བ་བཏོན་རྗེས། བོད་ལྗོངས་དང་མཚོ་སྔོན་གཉིས་ཀྱིས་སྔ་རྗེས་སུ་བོད་ལྗོངས་བོད་སྐད་སྲུང་སྐར་བརྙན་འཕྲིན་དང་། མཚོ་སྔོན་བོད་སྐད་སྲུང་སྐར་བརྙན་འཕྲིན་གཉིས་འཛུགས་སྐྲུན་བྱས་པ་དང་། ཡང་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་སི་ཁྲོན་ནས་རྒྱལ་ཡོངས་ཀྱི་བོད་སྐད་སྲུང་སྐར་བརྙན་འཕྲིན་ཨང་གསུམ་པ་སྟེ་སི་ཁྲོན་ཁམས་སྐད་སྲུང་སྐར་བརྙན་འཕྲིན་འཛུགས་པའི་ཆོག་མཆན་བཀོད་པ་རེད།

སི་ཁྲོན་ནི་ཀྲུང་གོའི་བོད་ཁུལ་ཨང་གཉིས་པ་ཡིན་ཞིང་། སི་ཁྲོན་གྱི་ས་ཁོངས་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཉིས་ཡོད་པ་དང་། སི་ཁྲོན་བོད་ཁུལ་ལ་འོད་སྟོང་འཕྲོ་བའི་སྲོལ་རྒྱུན་རིག་གནས་དང་ཡིད་དབང་འཕྲོག་པའི་རང་བྱུང་བཀོད་པ་ལྡན་ཡོད་པ་སྟེ། འཛམ་གླིང་རིམ་པའི་ཤུལ་བཞག་རང་བྱུང་མཛེས་ལྗོངས་གཟི་ཚ་སྡེ་དགུ་དང་། ཤར་དུང་རི། རི་བོ་སྐུ་བླ། འདབ་པ་དང་ཉིན་སྟེང་སོགས་ཀྱི་རང་བྱུང་བཀོད་པ་ལྟ་བས་ཆོག་མི་ཤེས་པ་དང་། འཛམ་གླིང་གི་ཡུལ་གྲུ་སོ་སོའི་ཡུལ་སྐོར་བ་དབང་མེད་དུ་དེར་འགུགས་བཞིན་ཡོད་པ་རེད། འབའ་གཞས་དང་། དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་ངག་གླིང་སྒྲུང་སོགས་གཟུགས་མེད་ཤུལ་བཞག་རིག་གནས་སོགས་ལ་ཡང་བོད་ཀྱི་རིག་གནས་ལ་དགའ་བའི་མི་ཀུན་གྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད

 

 

 

འབྲེལ་ཡོད་གསར་འགྱུར།

སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༢ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༢༢ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༢༣ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡

མཆན། 8

  1. གསེར་རྟ་ཆོས་དབྱིངས། says:
    ལོ་ 16 སྔོན།

    སྒྲོལ་མ་ལགས་ཀྱིས་གཡུ་མཚོ་ལགས་ཀྱི་རྩོམ་ཡིག་བཀོད་པ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དངོས་གནས་དཔྱད་པ་ཡག་པོ་གནང་འདུག བོད་ལ་སྤྱི་སྐད་ཅིག་ཡོད་རྒྱུ་དཀའ་ལས་མེད་པ་ཞིག་མིན་ན་ཡང་གལ་ཏེ་བོད་པ་ཡོངས་རྫོགས་སྐད་ཡིག་གཅིག་གི་ཐོག་ལ་བསྐྱོད་ཐུབ་ན་ཕན་ཐོགས་ཆེན་པོ་རེད། ངའི་ལྟ་ཚུལ་ལ་ང་ཚོས་མུ་མཐུད་དེ་ཐབས་ཤེས་བྱས་ན་བོད་པའི་སྐད་ཡིག་འདི་གཅིག་གྱུར་ཡོང་གི་རེད་བསམ་ཡོད།

    Reply
  2. སྒྲོལ་མ། says:
    ལོ་ 16 སྔོན།

    བོད་ལ་སྤྱི་སྐད་ཅིག་ཡོང་བ་དཀའ་མོ་རེད།

    བོད་ལ་སྤྱི་སྐད་ཅིག་ཡོང་བ་དཀའ་མོ་རེད་ཟེར་བའི་ཁ་བྱང་འདི་མཐོང་དུས་ཁྱེད་དང་ཁྱེད་ཚོའི་མི་དགའ་བའི་རྣམ་འགྱུར་རེ་སྟོན་ན་ཡང་ཐང་ལ་ལྟས་ངན་སྲིན་བྱའི་སྐད་ཅིག་འདི་ན་ཡང་གྲགས་ཀྱིན་འདུག་ཟེར་ནས་སྡིགས་མོ་རེ་བྱེད་ཀྱང་སྲིད། ཡིན་ཡང་ངས་ནི་དོན་དངོས་ལ་གཞིགས་ནས་སྙིང་གཏམ་རེ་བཤད་པ་ཡིན་པས་དགོངས་འགལ་མེད་པ་ཞུ་ཟེར་བ་ལས་ཐབས་གཞན་ཅི། དེ་ཡང་དེང་སང་བོད་མི་ལ་རྒྱ་ཅན་དང་ཤེས་ཡོན་ཅན་སོགས་གང་མང་ཞིག་གིས་བོད་ལ་སྤྱི་སྐད་ཡོང་བའི་ཐབས་ལམ་སོགས་ཀྱི་དཔྱད་རྩོམ་གྲངས་ལས་འདས་པ་ཞིག་འབྲི་དང་འབྲི་བཞིན་འདུག་ལ། དེའི་སྐོར་གྱི་འཚོགས་འདུ་ཡང་མི་ཉུང་བ་ཞིག་འཚོགས་སོང་། རེད་དེང་སང་བོད་ལ་སྤྱི་སྐད་དགོས་པའི་གཞུང་ལུགས་ཧ་ཅང་མང་པོ་ཞིག་འདུག ཡིན་ཡང་དོན་དངོས་ཀྱི་གནས་ཚུལ་ལ་ང་ཚོས་འདང་ཞིག་རྒྱག་མྱོང་ཡོད་དམ། རང་ཉིད་ནས་མགོ་བརྩམས་ཏེ་སྤྱི་སྐད་ལ་ཕན་པའི་བྱ་བ་ཆུང་ཆུང་རེ་ཡང་བསྒྲུབ་མྱོང་ཡོད་དམ།

    བོད་ལ་སྤྱི་སྐད་ཡོང་བ་དཀའ་མོ་རེད། དབུས་སྐད་གཙོ་བྱས་པའི་བོད་ལྗོངས་བརྙན་འཕྲིན་མགོ་བཙུགས་དུས་བོད་ཀྱི་སྤྱི་སྐད་དེ་དབུས་སྐད་གཙོ་བོ་བྱས་ན་ཆ་རྐྱེན་ཡག་པོ་འདུག་སྙམ་པའི་བསམ་ཚུལ་བྱུང་། ཡིན་ཡང་ཨ་མདོ་ནས་མཚོ་སྔོན་མི་ཡིས་དབུས་སྐད་གོ་གྱིན་མི་འདུག དེས་ན་འདི་རུ་ཡང་ཨ་མདོ་སྐད་གཙོ་བྱས་པའི་བོད་སྐད་བརྙན་འཕྲིན་ཞིག་དགོས་ཞེས་ཡར་ཞུ་བྱེད། བོད་པའི་བོད་སྐད་མི་གོ་བ་ཡ་མཚན་རེད་ཡ་མཆོག་མཆན་ཐོབ་པ་ཡིན་ཞེས་བརྗོད། ལོ་ངོ་ཁ་ཤས་ཀྱི་རྗེས་སུ་ཡང་ཁམས་པའི་ང་ཚོས་དབུས་སྐད་དང་ཨ་མདོའི་སྐད་གོ་གིན་མི་འདུག་ང་ཚོས་ཀྱང་ཁམས་པའི་བརྙན་འཕྲིན་ཞིག་བཙུགས་དགོས་ཟེར་དུས། དྲིན་ཅན་གྱི་སྲིད་གཞུང་འདིས་སྔ་འདང་ཕྱི་འདང་རྒྱག་ཤེས་པས། སྒོར་མོ་གྲངས་འདས་ཤིག་སྤྲོད་ནས་ཁམས་སྐད་ཁྱད་ཆོས་ལྡན་པའི་ཁམས་སྐད་བརྙན་འཕྲིན་ཞིག་བཙུགས་ཆོག་ཆོག་ཡིན་ཟེར་ནས་བཀའ་ཕབ། མདོ་དབུས་ཁམས་གསུམ་གྱི་བརྙན་འཕྲིན་འདི་ལྟར་གཅིག་རྗེས་གཉིས་མཐུད་དུ་དབུ་བརྙེས་དུས་བོད་ཀྱི་སྤྱི་སྐད་ཀྱང་ང་ཚོ་དང་རྒྱང་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་ང་དང་ཁྱེད་ཚོས་ཤེས་ཀྱིན་མི་འདུག་གམ། དབུས་སྐད་ཀྱི་ཁྱད་ཆོས་ལྡན་པའི་བོད་ལྗོངས་བརྙན་འཕྲིན། ཨམ་སྐད་ཀྱི་ཁྱད་ཆོས་ལྡན་པའི་མཚོ་སྔོན་བརྙན་འཕྲིན ། ཁམས་སྐད་ཀྱི་ཁྱད་ཆོས་ལྡན་པའི་ཁམས་པའི་བརྙན་འཕྲིན། ཁྱེད་ཚོས་བརྗེད་དུ་མི་ཉན་པ་ནི་ཁྱེད་ཚོའི་རྩ་བ་གཅིག་ཡིན། ཁྱེད་ཚོ་ལ་ཁྱད་ཆོས་གཅིག་དགོས་པ་ནི་ཡིག་སྐད་ཡིན། དེ་ཁོ་ན་ཡིན། ཁྱེད་ཚོས་ཞིབ་འདང་ཞིག་རྒྱོབ་དང་ནང་ཁུལ་གྱི་བརྙན་འཕྲིན་གང་ཞིག་ཏུ་ལུང་སྐད་དང་ཡུལ་སྐད་བཤད་ནས་འདུག ཁྱེད་ལ་ལུང་སྐད་དང་ཡུལ་སྐད་བཤད་དུ་བཅུག་པ་ནི་དམིགས་བསལ་ཀྱི་སྲིད་ཇུས་ཤིག

    བོད་ལ་སྤྱི་སྐད་ཡོང་བ་དཀའ་མོ་རེད། དེ་ཡང་དེང་སང་སྐད་བརྡ་རིག་པ་མཁས་ཅན་དག་གིས་གཅིག་རྗེས་གཉིས་མཐུད་དུ་ལྷ་སའི་ཁ་སྐད་དང་ཨ་མདོའི་ཁ་སྐད་ཁམས་པའི་ཁ་སྐད་ཀྱི་དེབ་གྲངས་མང་ཞིག་བྲིས་ནས་རང་ཉིད་མཁས་པ་ཡིན་པའི་ཉམས་ཤིག་སྟོན་གྱིན་འདུགཡིན་ཡང་ངས་ནི་དུས་ནམ་ཡང་དེབ་འདི་ལྟ་བུའི་ལ་དགག་པ་རྩད་ནས་རྒྱག་བཞིན་ཡོད་ལ། ཁྱེད་ཉིན་མཁས་པ་ཡིན་ཡང་སྲིད། ཡིན་ཡང་ངས་བཤད་འདོད་པ་ནི་ཁྱེད་ནི་སྔ་འདང་ཕྱི་འདང་གང་ཡང་རྒྱག་མི་ཤེས་པའི་མཁས་པ་ཞིག་རེད ། ཁྱེད་ནི་བོད་སྤྱི་སྐད་ལ་དགག་པ་རྒྱག་མཁན་གྱི་མཁས་པ་ཞིག་རེད། ཁྱེད་ནི་ཡིག་སྐད་དོར་ནས་ལུང་སྐད་དང་ཕལ་སྐད་སྲོག་ཏུ་འཛིན་པའི་ཕྱོགས་རིས་ཅན་ཞིག་རེད། གལ་ཏེ་འདི་ལྟར་བྱས་ནས་སོང་ན། ཞེ་གི་སྲ་གི༼ཨ་མདོའི་སྐད༽ཡག་མོ་ཀྲ་མོ་འགུ༼ཁམས་སྐད༽ཡག་པོ་ཞེ་དྲག་འདུག༼དབུས་སྐད༽འདི་འདྲའི་ཁྲོད་ནས་ཡིག་སྐད་དེ་རིམ་བཞིན་སྙམ་ངེས་ལ། བོད་ལ་སྤྱི་སྐད་ཞིག་ཡོང་བ་ཡང་ཤིན་ཏུ་ནས་དཀའ་བས། འདི་ཕྱོགས་ཀྱི་མཁས་པ་དག་གིས་བོད་ལ་སྤྱི་སྐད་ཅིག་ཡོང་བ་ལ་ཅི་ནས་ཀྱང་འབད་རོགས། འདི་འདྲའི་དེབ་རེ་ཡང་མ་རྩོམ་རོགས་ཞེས་ནས་རེ་བ་ཞིག་ཞུ་བ་ཡིན།

    བོད་ལ་སྤྱི་སྐད་ཡོང་བ་དཀའ་མོ་རེད། སྤྱི་དེང་སང་བོད་ལ་སྤྱི་སྐད་ཅིག་དགོས་ཟེར་ནས་སྐད་རྒྱག་མཁན་གྲངས་ལས་འདས་པ་ཞིག་འདུག ཡིན་ཡང་ཁྱེད་ཀྱིས་རང་ཉིད་ནས་མགོ་བརྩམས་དེ་བྱ་བ་རེ་བསྒྲུབ་ཀྱིན་ཡོད་དམ། ཁྱེད་ཕ་ཡུལ་མི་གཅིག་པའི་བོད་པ་ཞིག་ཐུག་དུས། ཁྱེད་ཀྱི་ཁ་ནས་ཡོང་བ་ནི་རྒྱ་སྐད་རེད་དམ་བོད་སྐད་རེད། ཆེས་ཕངས་པ་ཞིག་ལ་དེང་སང་མདོ་དབུས་ཁམས་གསུམ་གྱི་མི་རྣམས་ཕན་ཚུན་ཁ་བརྡ་བྱེད་དུས་བརྒྱ་ཆ་དགུ་བཅུའི་མི་ཚོས་གསལ་ལ་མ་གསལ་བའི་རྒྱ་སྐད་བེད་སྤྱོད་ཀྱིན་འདུག་ལ། ཐ་ན་ཕ་ཡུལ་གཅིག་པའི་མི་དང་ཁ་བརྡ་བྱེད་དུས་ཀྱང་མི་རིགས་གཞན་པའི་སྐད་བེད་སྤྱོད་བཞིན་འདུག འདི་ནི་བོད་ལ་སྤྱི་སྐད་ཡོང་བའི་སྔ་ལྟས་ཤིག་རེད་དམ། འདིས་དབྱངས་གསལ་སོ་བཞིའི་མ་འོངས་པ་ཞིག་སྟོན་གྱིན་འདུག་གམ། ཁམས་སྐད་ཡག་མོ་ཀྲ་མོ་ཡོད་པ་ངས་མ་ཤེས། ཨམ་སྐད་ཞེ་གི་སྲ་གི་ངས་ཟེར་མི་ཕོད། དབུས་སྐད་ཡག་པོ་ཞེ་དྲག་འདུག་ཀྱང་སུས་ཟེར་ཤེས། ངས་བཤད་ཕོད་པ་ནི་དབྱངས་གསལ་སོ་བཞིའི་རྨང་གཞི་བྱས་པའི་ཡིག་སྐད་དེ་ནི་སྙན་ཤོས་དང་ལེགས་ཤོས་བཟང་ཤོས་ཡིན་པས། ང་ཚོས་མདོ་དབུས་ཁམས་གསུམ་གྱི་སྐད་ལས་ལེགས་ཆ་དག་བསྡུས་ནས་ཡིག་སྐད་རེ་བཤད་དང་། དུས་ནམ་ཞིག་ན་བོད་ཀྱི་སྤྱི་སྐད་ཟེར་བ་ཞིག་ཆགས་ཡོང་ན་ཡང་ཐང་།

    མདོར་ན་བོད་ལ་སྤྱི་སྐད་ཡོང་བ་དཀའ་མོ་རེད། སྤྱི་སྐད་ཅིག་གཏན་འབེལ་དགོས་ན་དབང་ཆ་དགོས། དེ་ཁྱེད་རྣམས་པ་ལ་ཨེ་ཡོད། སྤྱི་སྐད་ཅིག་གཏན་འཁེལ་དགོས་ན་ས་ཁུལ་སོ་སོའི་བརྙན་འཕྲིན་ཁག་ནས་སྤྱི་སྐད་དེ་བཤད་དགོས། ཁྱེད་ཚོས་དེ་ལྟར་བྱེད་ཀྱིན་ཡོད་དམ། སྤྱི་སྐད་ཅིག་དགོས་ན་བོད་སྐད་ཡང་དག་ཅིག་བཤད་པ་ནས་མགོ་འཛུགས་དགོས། ཁྱེད་ཀྱིས་བོད་སྐད་དག་མ་ཞིག་བཤད་ཀྱིན་ཡོད་དམ།

    Reply
  3. སྒྲོལ་མ། says:
    ལོ་ 16 སྔོན།

    དྲ་དཔོན་ཟེར་བའི་མི་འདི་སུ་ཡིན་པ་དང་། དྲ་ཚིགས་གང་ཞིག་གི་དཔོན་པོ་ཡིན་པ་ང་ལ་མཚོན་ན་རྒྱུས་མེད་ཡིན་མོད། ཆབ་སྲིད་ཀྱི་གནད་འགག་ཡོད་པའི་གནས་ཚུལ་འདིའི་ཐད། ཁོས་ཕྱོགས་ཞེན་གྱིས་རང་སར་བརྐྱངས་པའི་སྐད་ཆ་ཞིག་བཤད་འདུག བོད་ཡུལ་ཆོལ་ཁ་གསུམ་གྱི་མཁས་དབང་རྣམས་ཀྱིས་གནད་དོན་འདིའི་ཐད་ལ། ད་བར་ཐེངས་ལྔ་ལ་ཚོགས་འདུ་བསྡུས་ཏེ་གྲོས་བསྡུར་བྱས་མྱོང་ཞིང་། ཚོགས་ཐེངས་རེ་རེར་རླུང་འཕྲིན་དང་བརྙན་འཕྲིན། བོད་སྐད་དུ་བསྒྱུར་སྐྲུན་བྱས་དང་བྱེད་བཞིན་པའི་གློག་བརྙན་དག་ནི། བོད་ཀྱི་སྤྱི་སྐད་ལ་འཕྲད་བཞིན་པའི་བཀག་རྡོ་ཆེ་ཤོས་སུ་ཐུན་མོང་གིས་ངོས་འཛིན་བྱུང་ཡོད་ལ། གལ་ཏེ་དྲ་དཔོན་ལགས་ལ་མཐོང་ཡོད་ན། གནད་དོན་དེའི་ཐད་བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་དུས་དེབ་དང་ཚགས་པར་སོགས་སུ་དཔྱད་རྩོམ་གང་མང་ཞིག་ཐོན་ཡོད། དེ་དག་རེ་རེ་བཞིན་ངས་ཁྱེད་ཅག་གི་མིག་མདུན་ལ་བསྟར་བའི་གོ་སྐབས་ཕྲ་ན་ཡང་། དེང་སྐབས་བོད་ནང་གི་ན་གཞོན་བུད་མེད་རྩོམ་པ་པོ་དག་གི་ཁྲོད་ན་གཟེངས་སུ་མཐོ་བ། ཕ་ཡུལ་དཀར་མཛེས་ནས་ཡིན་པའི་ཀྲུང་དབྱིང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་གཡུ་མཚོ་ལགས་ཀྱིས་ཉེ་ཆར་སྤྱི་ཟླ་དགུ་བའི་ནང་། དྲ་ཐོག་ལ་སྤེལ་བའི་དཔྱད་རྩོམ་ ( བོད་ལ་སྤྱི་སྐད་ཅིག་ཡོང་དཀའ་མོ་རེད། ) ཅེས་པའི་རྩོམ་ཡིག་དེ་གཤམ་དུ་བཀོད་ཆོག་པར་བགྱིས།

    Reply
  4. དྲ་དཔོན་ says:
    ལོ་ 16 སྔོན།

    དགོངས་དག་དབུས་གཙང་གི་མི་དམངས་དང་དྲང་བདེན་ཡིན་པའི་དབུས་གཙང་སྤྱི་མཐུས་རྣམས་ལ་ཟེར་གྱི་མེད་

    Reply
  5. དྲ་དཔོན་ says:
    ལོ་ 16 སྔོན།

    ཁམས་སྐད་ཀྱི་བརྙན་འཕྲིན་གསར་ཏུ་ཐོན་པར་དགའ་བསུ་ཞུ་་་་་་་མ་གཞི་བོད་རིགས་ཡོངས་གཅིག་གྱུར་དང་བོད་སྐད་གཅིག་གྱུར་འདོད་པའི་མཁས་དབང་དང་་མཁྱིན་རྒྱ་ཡངས་པའི་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་གི་དགོངས་ཚུལ་ལ་ཁམས་སྐད་བརྙན་འཕྲིན་གསར་མཛུག་གྱི་ལས་གཞི་འདི་སྐྱོན་དུ་མཐོང་མིན་གང་ལྟར་རྒྱ་ནག་སྲིད་གཞུང་གི་རྒྱབ་འདུན་མི་འདྲ་བའི་སྲིད་ཇུས་འོག་བྱུང་བར་འོས་འཚམ་མ་ཡིན་པ་མཐོང་སྲིད་་་་་ཡིན་ཡང་བོད་མི་རང་ཉིད་བཙན་བྱོལ་བ་ཞིག་པའི་ཆ་ནས་གནས་སྟངས་འདིར་འགྲེལ་བཤད་གཅིག་ཞུ་འདོད་བྱུང་ད་བར་ང་འཚོའི་སྤྱི་ཚོགས་ནང་གཅིག་སྒྲིག་གྱི་བསམ་བློ་ལྡན་པའི་གཏམ་བཤད་བྱེད་མཁན་རེ་ཀྱང་མཐོང་ཐོས་དཀོན་ལ་་་་་་ད་དུང་དངོས་མིན་གྱི་སྤྲུལ་པ་མང་པོ་ལྟོན་ཏེ་ཕྱོགས་ཞེན་གྱི་ལམ་དུ་འགྲོ་བཞིན་པའི་དབུས་སྤྱི་མཐུས་གྲོས་ཚོགས་ནས་དུས་བབ་རྩོམ་སྒྲིག་པའི་བར་བོད་རིགས་ནང་ཁོང་ཁ་བྲལ་ལ་དགའ་བ་རྣམས་ཀྱི་སེམས་ལ་བདེ་སྡུག་མི་ཤེས་པའི་འཚོ་སྣང་ཁྲོད་མདོ་བསྡུས་ནས་བཤད་ན་ཁམས་སྐད་བརྙན་འཕྲིན་གསར་ཏུ་མཛུག་པ་དེ་ངོས་རང་གི་ལྟ་ཚུལ་གཅིག་ལ་དགའ་བའི་དུས་ལ་བབ་འདུག་སྙམ་་་ད་དུང་་་་་ཡོན་ནིན་ས་ཁུལ་དུ་ཁམས་སྐད་བརྙན་འཕྲིན་གཅིག་བྱུང་ན་་་་་་་་་་བོད་རང་སྐྱོང་ལྗོངས་སུ་ཡང་ཁམས་པ་ཇི་ཡོད་རྣམས་ཀྱི་ཐབས་སྟངས་ལྟརཁམས་སྐད་བརྙན་འཕྲིན་གཅིག་རག་ཐབས་དགོས་་་་་དངོས་གནས་ཡིན་ལྷ་རབ་བྱུང་ན་གནས་ཚུལ་འདི་མི་དགོས་པ་ཞིག་དང་བོད་མི་རིགས་ཀྱི་ཕམ་ཁ་ཞིག་རེད་ཏེ་ཁུང་ལུང་གང་མེད་པར་དཔུང་སྒྲིག་གྱི་རྣམས་པ་གསལ་པོ་ཡོད་པའི་ཐོག་དོན་དག་ཆུང་ཆུང་ཞིག་ལ་སྤྱི་མཐུས་མི་གྲང་བཅུ་བཞི་ཡི་ས་རྟགས་བཀོད་པ་དང་ཆོལ་ཁ་གཞན་ནས་ཡིན་པའི་སྤྱི་མཐུས་འགའ་རེའི་རང་ཉིད་ལ་ཉེས་པ་དེ་མ་འཛུགས་ན་འགྲིག་ཁི་{་ཨ་ལ་ཨ་ལ་ལ}་་བསམ་པ་ཞིག་ཁྱེར་ནས་གཟིགས་མོར་གཟིགས་བཞིན་པའི་དབུས་སྤྱི་མཐུས་གྲོས་ཚོགས་ཀྱི་བརྙན་འཕྲིན་དངོས་སུ་མཐོང་དུས་ད་དངོས་ནས་བོད་ལ་རེ་བ་མི་འདུག་བསམ་པ་ཞིག་དང་དབུས་སྤྱི་མཐུས་གྲོས་ཚོགས་དེ་དབུས་པའི་གྲོས་ཚོགས་འདྲ་པོ་ཞིག་མཐོང་སོང་་་་་མ་གཞི་ཨ་མདོ་བ་དང་ཁམས་པ་རྣམས་གཞན་གྱི་དབང་རྒྱུར་འོག་འགྲོ་དགོས་དེ་རྩམ་མེད་ཀྱང་ཨ་མདོ་བའི་ཁྲོད་སྤྱི་མཐུས་བསྟན་འཛིན་མགོན་པོ་ལས་དྲང་བདེན་གྱི་གཏམ་བཤད་བྱེད་ཕོད་མཁན་མེད་པ་ནི་རྒྱུ་མཚན་གཅིག་རང་མཐོང་་་་་་་་་་་་སྤྱི་དོན་ལ་བསམ་ཞིབ་མི་བྱེད་པའི་སྐྱོན་དང་རང་དོན་གཙོ་བོ་འཛིན་པའི་འདུ་ཤེས་ལས་བྱུང་བ་རེད་་་་་རྩ་བས་དབུསགཙང་གི་་སྤྱི་མཐུས་རྣམས་ཀྱི་བཤད་དོན་ཕྱི་ལོ་༢༠༠༠ལོར་དབུས་གཙང་གྱི་ཁོང་ནས་ཡིན་པའི་སྤྱི་མཐུས་གཉིས་ཨ་རེའི་་ནས་ཕེབས་སྐབས་ལམ་འགྲོན་མ་སྤྲོད་པ་དེ་ཁུང་སུ་བགྲང་པའམ་ན་ཚ་དེ་གཟུང་ནས་མདོ་སྟོད་སྤྱི་མཐུས་བསོད་ནམ་སྟོབས་རྒྱལ་ལ་ལམ་འགྲོན་སྤྲོད་མི་མཆོག་ཅེས་གྲོས་འཆར་འདོན་གྱི་ཡོད་་འདི་ནི་གཏམ་སྙན་པོ་ཇི་ཙམ་བཤད་རྒྱུ་ཡོད་ན་ཡང་ཆོལ་ཁའི་དོན་ནས་བོད་སྤྱི་དོན་ཞིག་ཡིན་པ་སྒྲུབ་མི་ཐུབ་པ་ཞིག་རེད་་་་་་་་འོན་ཀྱང་ཁམས་པ་དང་ཨ་མདོ་བའི་སྤྱི་མཐུས་འགའ་རེ་ས་རྟགས་བཀོད་མཁན་གྱི་་ཁོངས་སུ་འདུག་་་་་་་་་ཁོང་རྣམས་ཀྱི་གནས་ལུགས་འདི་མ་ཤེས་པ་ཡིན་མིན་གང་ལྟར་ས་རྟགས་བཀོད་དགོས་པའི་རྒྱུ་མཚན་ཞིག་མེད་པ་མཐོང་་་་་གོ་ཐོས་ལ་གྲོས་ཚོགས་ནང་གཏམ་བཤད་ཟིན་རྗེས་གནས་ཚུལ་འདི་འདྲ་ཡིན་པ་ཤེས་མ་སོང་སྔོན་ནས་གནས་ཚུལ་འདི་དང་གནས་སྟངས་འདི་ཤེས་ན་དོན་དག་དེར་བདག་པོ་རྒྱབ་ས་མ་རེད་ཅེས་བཤད་མཁན་ཡོད་འདུག་་་་་་་་་་་་་་་་དེ་བརྟེན་མ་འོངས་པ་བོད་ཅེས་པའི་ཡིག་གེ་འདི་དང་བོད་སྐད་ཅེས་པའི་ཡི་གེ་གཉིས་པོ་འདི་ལ་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་དེ་བཞིན་དབུས་གཙང་དང་ཁམས་པ་ཨ་མདོ་བ་སོགས་ཀྱི་དགྲ་དགའ་གཉིན་སྡུག་གྱི་བྱ་བ་རང་ལ་གཞི་མེད་བརྩོད་པ་ཞིག་རག་ཐབས་མི་བྱེད་པ་གཅིག་སྒྲིག་གི་བསམ་བློ་ཡོད་པ་ཞིག་མ་བྱུང་ན་བོད་དོན་གླིང་མི་དགོས་པ་དང་བོད་སྐད་སྐྱོན་མི་དགོས་མཐོང་་་

    Reply
  6. གནས་ཚང་། says:
    ལོ་ 16 སྔོན།

    གལ་སྲིད་འདི་ལའང་བཤད་ཡ་མང་པོ་ཡོད་ན། ཨེ་ཤི་ཡ་རླུང་འཕྲིན་ཁང་གི་སྐད་གསུམ་ལེ་ཚན་ཇི་ལྟར་བྱེད་དགོས་སམ། ཨ་རླུང་སྐད་གསུམ་ལྷན་སྦྱར་ལེ་ཚན་ཇི་ལྟར་བྱེད་འོས་སམ། ཁ་བཙུམ་ནས་འདུག་ཡ་མ་གཏོགས་ལྷག་མི་འདུག་སྙམ།

    Reply
  7. གསེར་རྟ་ཆོས་དབྱིངས། says:
    ལོ་ 16 སྔོན།

    ཁམས་སྐད་ཀྱི་བརྙན་འཕྲིན་གསར་དུ་ཐོན་དགའ་བསུ་ཞུ།

    Reply
  8. རྭ་ལོ། says:
    ལོ་ 16 སྔོན།

    ཁོ་རེ་འདི་གསར་འགྱུར་དྲ་མ་ཞིག་གདའ། སྡེ་རོང་གི་བྱས་རྗེས་ལ་མངོན་པར་བསྟོད། ཕུན་སུམ་ཚོགས་པའི་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese