མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་དཀྲོགས་ནས་མར་མི་ལོན། ཆུ་སྐྱེས་སྒྲོལ་མ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp
 

༡ ང་རང་གི་ལྟ་སྟངས་ལ། བོད་ཀྱི་བུད་མེད་སྐོར་གླེང་མཁན་དང་བགྲོ་གླེང་གནང་མཁན་མང་པོ་ཞིག་གིས། བུད་མེད་ཀྱི་ཐོབ་ཐང་ཟེར་བ་ཞིག་གླེང་ནས་བསྡད་ཡོད་པར་མཐོང༌། ངས་བལྟས་ན། བོད་ཀྱི་བུད་མེད་གླེང་བའི་བརྗོད་གཞིའི་ཁྱབ་ཁོངས་དེ་ཐོབ་ཐང་ཁོ་ན་གླེང་བ་ཙམ་ལས། དེ་ལས་བརྒལ་ནས་གླེང་རྒྱུ་མེད་པ་དེ་འདྲ་གང་ཡང་མ་རེད།

༢ ངའི་འདོད་ཚུལ་དང་ལྟ་ཚུལ་ལ། བུད་མེད་ཚོས་ཐོབ་ཐང་མི་འདུག ཐོབ་ཐང་རྩོད་དགོས་རེད་ཞེས་སྡུག་སྐད་རྒྱག་པ་ལས་གང་ཡོད་ཀྱི་ཐོབ་ཐང་དེ་བེད་སྤྱོད་ཡག་པོ་ཞིག་གཏོང་དགོས་རེད་སྙམ། བོད་བཙན་བྱོལ་སྤྱི་ཚོགས་འདིར། ལས་ཀྱི་སྣེ་མོ་མང་དག་ཅིག་ལ་བུད་མེད་མ་སླེབས་པ་མི་འདུག་སྙམ། འོན་ཀྱང༌། བཙན་བྱོལ་དུ་གནས་པའི་བུད་མེད་མང་པོ་ཞིག་གིས་གང་ཡོད་པའི་ཐོབ་ཐང་དེ་སླ་བཅོས་བྱས་ནས་ཞག་སྐྱེལ་ཉིན་སྐྱེལ་བྱས་འབྲས་ལ་རིམ་བཞིན་སྤྱི་ཚོགས་ཀྱིས་མཐོང་མ་སྤྲད་པ་རེད། དེར་བརྟེན་ནས་ཐོབ་ཐང་མི་འདུག་སྙམ་པ་དང་རྩོད་དགོས་པའི་བསམ་བློ་ཞིག་ངམ་ངམ་ཤུགས་ཀྱིས་བྱུང་བར་མངོན། དེས་ན་ང་ཚོས་ཐོབ་ཐང་མ་གླེང་གོང་ལ་གང་ཡོད་ཀྱི་ཐོབ་ཐང་དེ་བེད་སྤྱོད་ཡག་པོ་ཞིག་གཏང་དགོས་ཀྱི་འདུག་སྙམ་པ་བྱུང༌།

༣ དེ་བཞིན་ཕོ་མོ་འདྲ་མཉམ་ཞེས་པ་དེའང་ཁྲིམས་ལུགས་ཤིག་གམ། ཡང་ན་ཡིག་ཆ་ཞིག་ནང་འདྲ་མཉམ་ཞེས་བཀོད་པ་ཙམ་ལས་རྩ་བའི་ཆར་འདྲ་མཉམ་ཡོང་མི་ཐུབ་པ་མིག་ལྡན་ཀུན་གྱིས་མ་དཔྱད་ཀྱང་ལོས་ཤེས། འདྲ་མཉམ་ཞེས་པ་ནི་བརྒྱ་ཆ་ལྔ་བཅུ་ལྔ་བཅུ་ཆ་བགོས་བྱས་ན་དེ་འདྲ་མཉམ་རེད། འོན་ཀྱང་དེ་ཡོང་ཐབས་རྩ་བ་ནས་མེད། དེ་ནི་སྐྱེས་པ་ཚོས་ཐུབ་པའི་ལས་མང་དག་ཅིག་བུད་མེད་ཚོས་བྱེད་ཐུབ་ཐབས་མེད་པ་ཞིག་དང༌། དེ་བཞིན་བུད་མེད་ཚོས་ཐུབ་པའི་ལས་མང་དག་ཅིག་ཀྱང་སྐྱེས་པོ་ཚོས་མི་ཐུབ་པས་ཤེས། དཔེར་ན། རྡོ་བཟོ་མཁས་པ་ཞིག་གིས་ལྷ་བཟོ་མཁས་པ་ཇི་བཞིན་མི་ཡོང་བ་དང་ཡོངས་སུ་མཚུངས། འོན་ཀྱང་གང་ལ་སུ་འཇོན་གྱི་ལས་ལ་ལྷག་བསམ་རྣམ་དག་གིས་འཇུག་དུས་རང་བཞིན་གྱིས་ཕོ་མོ་འདྲ་མཉམ་རེད། དེར་བརྟེན་ལུས་ཁམས་ཆགས་སྟངས་སོགས་གང་ས་ཅི་ཐད་ནས་ཕོ་མོ་འདྲ་མཉམ་སྔ་ནས་ད་བར་བྱུང་མེད། དེ་ན་ང་ཚོས་ཕོ་མོ་འདྲ་མཉམ་དང༌། ཕོ་མཆོག་མོ་དམན་རྩོད་ནས་ཅི་བྱེད། བོད་པའི་ཁ་དཔེར་༼ཆུ་དཀྲོགས་ནས་མར་མི་ལོན་༽ཞེས་པའི་དཔེ་དང་མི་མཚུངས་སམ།

༤ བོད་པའི་སྤྱི་ཚོགས་ནང༌། རྒྱ་གར་ནང་གི་བུད་མེད་བཞིན་ཁྱོ་ག་ཤི་རྗེས། ཆུང་མ་ས་སྦས་གཏོང་བ་དང༌། ཡང་ན་མཉམ་དུ་མེ་སྲེག་གཏོང་བ། དེ་བཞིན་རྒྱ་ནག་དུ་ཆ་བཞག་ཀྱང་བུད་མེད་ཚོའི་རྐང་པ་ཀོ་བ་རློན་པའི་ནང་ཀོ་བཏུམས་བརྒྱབ་པའི་༼རྒྱ་མོ་རྐང་རིལ་༽ཞེས་འབོད་པ་སོགས་ཀྱི་ལོ་རྒྱུས་ཡོད་པ་དེ་འདྲ་ང་ཚོའི་ལོ་རྒྱུས་ནང་བྱུང་མྱོང་མེད། དེ་བཞིན་མི་རིགས་ནག་པོར་མཚོན་ནའང༌། སྔ་རབས་བུད་མེད་ཚོའི་ཐོབ་ཐང་དེ་ཧ་ཅང་སྐྱོ་བ་ཡོད། བོད་པའི་བུད་མེད་ཚོེར་དེ་ལྟ་བུའི་ཐབས་སྐྱོ་བའི་གནས་ལ་ལྷུང་མེད་པའང་བུད་མེད་རྣམས་ནས་མཁྱེན་དགོས་པར་མཐོང༌།

༥ ད་ལྟ་ང་རང་ཚོ་འཚོ་སྡོད་བྱེད་སའི་རྒྱ་གར་ལུང་པ་ལྟ་བུར་མཚོན་ན། གཞུང་ཞབས་བུད་མེད་དང༌། སློབ་གྲྭ་ཁག་གི་དགེ་རྒན། སྨན་པ་སོགས་མ་གཏོགས། བུད་མེད་མང་ཆེ་བས་ནང་ལས་དང་ཕྲུ་གུ་གསོ་སྐྱོང་གི་ལས་གཉེར་པ་ལས།་མཐའ་ན་ཚོང་ཁང་ནང་དུའང་བུད་མེད་ཚོང་དཔོན་མིག་ལམ་དུ་མངོན་དཀོན་པ་ཞིག་མ་ཡིན་ནམ། བོད་པའི་བུད་མེད་ནི་དེ་ལྟར་མ་ཡིན་པར་ལས་ཀྱི་སྣེ་མོ་ཀུན་ལ་འཛེགས་ནས་ཡོད་པས་ན་ཐོབ་ཐང་ཟེར་བ་ཞིག་རྩོད་དགོས་པར་དང་གླེང་དགོས་པ་ཅི་ཡོད།

༦ རྒྱ་གར་བའི་ཁྱིམ་ཚང་ནང་གི་མནའ་མ་ཞིག་ལ་ཆ་བཞག་ན། ཕྲུ་གུ་བུ་ཞིག་སྐྱེས་མ་ཐུབ་ཚེ་གནའ་མ་དེ་ཁྱིམ་ཚང་ནང་ཐོབ་ཐང་མེད་ཁར་ཁྱིམ་མི་ཀུན་གྱིས་བརྙས་ནས་མི་ཚེ་འཁྱོལ་དཀའ། བྱིས་པ་མའི་ཁོག་པའི་ནང་ཡོད་དུས་ནས་བུ་མོ་ཞིག་ཡིན་པ་ཤེས་ཚེ་མི་ལུས་ལེན་རྒྱུའི་ཐོབ་ཐང་ཡང་ཧ་ལམ་མེད་པ་ལྟ་བུ་རེད། འོན་ཀྱང་བོད་པའི་བུད་མེད་ཚོས་དེ་ལྟ་བུའི་སྡུག་བསྔལ་མྱོང་མི་དགོས་པ་དང༌། བྱིས་པ་བཙས་རྗེས། མ་དེ་ཉིད་ལ་ཁྱིམ་མི་ཀུན་ནས་བྱམས་སྐྱོང་དང་བལྟ་སྐྱོང་གང་ཡག་བྱེད་ཀྱི་ཡོད། དེར་བརྟེན་བུད་མེད་ཚོས་ཐོབ་ཐང་རྩོད་དགོས་དོན་ཨེ་ཡོད་སྙམ།

༧ ལུང་ཚན་མི་འདྲ་བའི་དབར་ལ་བུད་མེད་ཀྱི་ཐོབ་ཐང་དང་ལྟ་སྤྱོད་མི་མཐུན་པ་རེ་ཡོད་སྲིད་པ་རེད། དེ་ནི་༼ལུང་པ་རེ་ལ་ཆ་ལུགས་རེ། བླ་མ་རེ་ལ་ཆོས་ལུགས་རེ་༽ཞེས་པའི་དཔེ་ལྟར་བོད་མདོ་དབུས་ཁམས་གསུམ་གྱི་བུད་མེད་ཚོའི་གནས་སྟངས་ཕྲན་བུ་མི་འདྲ་བ་ཡོད་སྲིད་ཀྱང་རྩ་བའི་ཆ་ནས་གནམ་ས་ལྟ་བུའི་བར་ཁྱད་ཨེ་ཡོད། དབུས་ཕྱོགས་ལ་མཚོན་ན། བུད་མེད་ཚོའི་ཐོབ་ཐང་ནི་ཧ་ལམ་སྐྱེས་པ་ཚོ་དང་འདྲ་མཉམ་ཡོད། དུས་དེང་སང་བོད་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན། ༼དམངས་ལ་བདེ་སྐྱིད་སྤྲད་ན། རྒྱལ་པོ་བཙུན་མས་བྱས་ཀྱང་ཆོག༽ཞེས་པའི་གཏམ་དཔེ་ལྟར་བུད་མེད་རང་ཉིད་ནས་ཐུབ་ན་མདུན་ཕྱོགས་ཀྱི་འགྲོ་ལམ་དེ་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན། དེས་ན་ང་ཚོར་མ་ཐོབ་པར་ལྷག་བསྡད་པ་ཞིག་དང་བརྩད་ནས་ལེན་དགོས་པའི་གནད་དོན་ཞིག་ཨེ་ཡོད་སྙམ།

༨ ད་བར་བོད་ཀྱི་བུད་མེད་ཚོགས་པ་སོགས་ནས་དབུ་འཁྲིད་པའི་བུད་མེད་ཚོས། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཕྱག་ལས་མི་ཉུང་བ་ཞིག་གནང་ནས་འབྲས་བུའང་མིན་དམན་པ་ཞིག་ཐོབ་ཡོད། དེར་དུས་ནམ་ཡང་རྗེས་སུ་ཡི་རང་ཞུ་བཞིན་ཡོད། འོན་ཀྱང་ཐོབ་ཐང་ཞེས་པ་དེ་ནི་ཚོགས་པ་ཞིག་གི་ངོས་ནས་རྩོད་དགོས་པའི་གནད་དོན་ཞིག་ཨེ་ཡིན། མཐོན་པོའི་ཁྲི་ལ་བཞུགས་པ། དཔེར་ན། དབུ་བུད་མེད་ཀྱི་བཀའ་བློན་དང་སྤྱི་འཐུས་ཚོགས་གཙོས་མཚོན་ཐོབ་ཐང་ཡོད་དུས་ལས་ཆུང་ཚག་དག་ལ་ལྟ་ཅི། བུད་མེད་ཚོགས་པ་སོགས་བུད་མེད་ཀྱི་དབུ་ཁྲིད་རྣམ་པས་གཞོན་སྐྱེས་བུད་མེད་ཚོར་དམིགས་པའི་སློབ་གསོའི་ལས་འགུལ་དང༌། མ་འོངས་བོད་ཀྱི་བུ་ཕྲུག་རྣམས་རང་མི་རིགས་ཀྱི་ཡ་རབས་གོམས་གཤིས་དང༌། སྐད་ཡིག་རིག་གཞུང་སོགས་ལ་བྱང་ཆུབ་པའི་ཤེས་འཇོན་གཉིས་ལྡན་གྱི་བུ་ཕྲུག་ཞིག་སྐྱེད་བསྲིང་ཐད། དང་ཐོག་ནང་གི་ཨ་མ་རྣམས་དེ་ལྟའི་སྤུས་ཀ་ལྡན་པ་ཞིག་དགོས་པས། ཨ་མ་ཚོར་སློབ་གསོ་དང་སྦྱོང་བརྡར། ཟབ་སྦྱོང་སོགས་ལ་དམིགས་ནས་ལས་འགུལ་གང་མང་ཞིག་སྤེལ་དགོས་པ་དེ་ཁ་ཚ་དགོས་བཏུགས་ཡིན་པ་ལས་ཐོབ་ཐང་རྩོད་རྒྱུ་དེ་ཁ་ཚ་དགོས་གཏུགས་མིན་པར་སྙམ།

༩ དེ་བཞིན་རྒྱ་གར་གྱི་མཐོ་རིམ་སློག་གྲྭ་ཁག་ཐོན་མཁན་གྱི་བུད་མེད་ཚོར་མཚོན་ན། ཧ་ལམ་བོད་ཡིག་ཐོག་གཏོང་ཡིག་ཆ་ཚང་བ་ཞིག་ཀྱང་འབྲི་ཤེས་མཁན་ཞིག་ཀྱང་མེད་ཅེས་བཤད་ན་ཧམ་པ་ཆེ་དྲགས་ཨེ་ཡོད། བུད་མེད་ཚོགས་པ་སོགས་ནས་ད་བར་ཟབ་སྦྱོང་མང་དག་ཞིག་སྤེལ་གྱི་ཡོད་མོད། འོན་ཀྱང་གོང་ཞུས་ཀྱི་བུད་མེད་ཚོེར་དམིགས་པའི་རིག་གཞུང་ཡར་རྒྱས་དང༌། བུད་མེད་རྩོམ་པ་པོ་སྐྱེད་བསྲིང་གི་ཆེད་དུ་ད་བར་ཟབ་སྦྱོང་སྤེལ་བ་གོ་ཐོས་མ་བྱུང༌། གཅིག་བྱས་ན་ང་རང་ཐོས་རྒྱ་དང་མཐོང་རྒྱ་ཆུང་བས་ལན་སྲིད། གཞོན་སྐྱེས་ཚོ་ནི་ང་ཚོའི་རེ་ཡུལ་ཡིན་ལ། གཞོན་སྐྱེས་ཚོ་ནི་ང་ཚོའི་མ་འོངས་པའང་ཡིན་ཕྱིར། ཁོང་རྣམ་པར་སྦྱོང་བརྡར་སྤྲོད་རྒྱུ་དེ་བོད་སྤྱི་ཚོགས་ཡོངས་ཀྱི་འོས་འདན་དང༌། བུད་མེད་རྒན་གྲས་རྣམས་ཀྱི་ལས་འགན་ཡིན། དེ་ན་བུད་མེད་ཀྱི་ཐོབ་ཐང་རྩོད་པ་ལས་དེ་འདྲའི་རིོགས་ཀྱི་བྱེད་སྒོ་སྤེལ་ན་ཅི་མ་རུང༌།

༡༠ ང་ཚོས་བོད་ཀྱིོ་བུད་མེད་ཚོའི་སེམས་ཁམས་སྐོར་བརྗོད་གཞིར་བཟུང་ནས་གླེང་ན་མི་ཆོག་པ་མེད། དཔེར་ན། བོད་པའི་བུད་མེད་སྤྱིའི་གཤིས་སྤྱོད་དང་འབྲེལ་བའི་སེམས་ཁམས་དང༌། དེའི་བྱམས་བརྩེའི་ནུས་པ། ཁ་རྒྱུན་ལ་བོད་པའི་བུད་མེད་ཚོ་ནི་༼ངང་རྒྱུད་ཆུ་ལས་རིང་བ་དང་གཤིས་རྒྱུད་བལ་ལས་འཇམ་པ་༽ཞེས་བཤད་སྲོལ་ཡོད། དེ་ལྟའི་མ་བྱམས་སེམས་ཅན་ཞིག་ཡིན་ན། དེས་གསོ་སྐྱོང་གནང་བའི་ཕྲུ་གུ་དེའང་རང་བཞིན་གྱིས་བྱམས་དང་སྙིང་རྗེ་ལྡན་པ་ཞིག་འོས་ཡོད། དེ་ལྟའི་བརྗོད་གཞི་བཟུང་ནས་བགྲོ་གླེང་དང་ཤེས་འཇོན་དང་ཉམས་མྱོང་ལྡན་པའི་མི་སྣ་གདན་འདྲེན་ཞུས་ནས་སློབ་གསོའི་ལས་འགུལ་སྤེལ་ན། དུས་ནམ་ཞིག་རང་བཞིན་གྱི་དཔའ་མཛངས་ལྡན་པའི་བུད་མེད་ཁྱུ་ཞིག་གསོ་སྐྱོང་བྱེད་ཐུབ། དེས་ན། ཐོབ་ཐང་རྩོད་པའི་བགྲོ་གླེང་གོ་སྒྲིག་ཞུ་པ་ལས་གོས་ཞུས་བུད་མེད་ཀྱི་ཤེས་ཡོན་སྐོར་སོགས་ལ་བགྲོ་གླེང་གྲ་སྒྲིག་རེ་གནང་ན་ཅི་མ་རུང༌།

ཡིད་ལ་གང་ཤར་མཛུབ་མོའི་རྩེ་ནས་ཤོར།།

སུ་དང་གང་ལའང་འཐབ་ཆེད་བྲིས་མེད་པས།།

གཞན་གྱིས་བཀླགས་ནས་ཡིད་ལ་ཕོག་གྱུར་ན།།

བཟོད་པར་འཚལ་ཞེས་སྙིང་ནས་རབ་ཏུ་གསོལ།།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 17

  1. གངས་མྱུག says:
    ལོ་ 16 སྔོན།

    རྩོམ་པ་པོ་ཆུ་སྐྱེས་སྒྲོལ་མ་ལགས།ཁྱེད་ཀྱིས་གསུངས་བ་འགའ་བདེན་ཤས་ཆེ་ཡང་ཕྱོགས་གཅིག་མཐོང་མི་འདུག གྲྭ་བའི་མཚན་ཉིད་མི་ཚང་བའི་གྲྭ་གཞོན་སྐོར་ཞིག་དང་ཕྱི་ནང་གཉིས་སུ་རྒྱ་མོ་དང་མགོ་སེར་མོའི་རྗེས་སུ་རྒྱུག་བཞིན་པའི་ཕོ་གསར་མང་དག་ཅིག ད་དུང་བུ་གསུམ་མམ་ལྔར་ཆུང་མ་གཅིག་ལེན་པའི་ལུགས་སྲོལ་སོགས་ཀྱིས་ང་ཚོའི་གཉོམ་ཆུང་སྨན་མོ་ཚོར་ཁྱོ་ག་མ་རེག་པར་རྒྱ་ས་ལས་པ་དང་པགས་ཚོང་ཁ་ཆེ་དག་གིས་རྩེད་མོ་རྩེ་སྤྱད་བྱས་ཏེ་བུའི་ཨ་མར་ཆགས་དུས་འུར་རྡོ་ལྟར་གཡུག་བཞིན་པ་ནི་མཐོང་གསལ་རེད། ང་སྡོད་སའི་སྦལ་ཀོལ་འདིར་ཡང་བུ་གཉིས་ལ་མནའ་མ་གཅིག་ལེན་པའི་ལུགས་སྲོལ་ད་དུང་ལྷག་ཡོད། འདིར་ཕོ་གཞོན་ཚོ་མགོ་སེར་ཨ་མ་དག་གི་རྒྱབ་ཏུ་ཁྱི་ལྟར་རྒྱུག་ཀྱང་འཇོན་ཐང་ལ་བརྩི་བ་ནི་འུ་ཅག་གི་རིགས་རྒྱུན་ཆད་པའི་སྔ་ལྟས་ཞིག་མིན་ནམ། བོད་ཀྱི་ཕོ་གསར་བོད་མོས་ཐོབ་ཐང་ཡིན། འདིར་ངེས་པར་རྩོད་ལེན་བྱེད་དགོས། འདི་ལྟར་མུ་མཐུད་སོང་ན་ང་ཚོའི་བུ་རབས་ཚ་རྒྱུད་དག་ར་མིན་ལུག་མིན་རྒྱ་མིན་བོད་མིན་མགོ་ནག་མགོ་སེར་གང་ཡང་མིན་པའི་མི་རིགས་ཞིག་ཏུ་འགྱུར་ཉེན་ཆེ། འདི་ལྟ་བུའི་ཚ་བོ་ཚ་མོ་དག་ལ་གདོང་དམར་བོད་པ་ཟེར་རན་མེད་ལ་རང་སྤྲེལ་སྲིན་མོའི་མི་རིགས་འདི་རང་རེའི་རིགས་རྒྱུད་གཙང་མའི་ངོ་བོར་གནས་མ ་ཐུབ་ན་རང་དབང་དང་རང་བཙན་ཅི་ཞིག་རེག་ཀྱང་དེ་ལྟ་བུ་ཞིག་རེད།

    Reply
  2. phonya says:
    ལོ་ 16 སྔོན།

    དངོས་གནས་ཡག་པོ་བྲིས་འདུག

    Reply
  3. འཇམ་དབྱངས་ཤཱསྟྲཱི། says:
    ལོ་ 16 སྔོན།

    མཚོ་ཚང་བཀྲིས་ལགས།་་་སྐུ་ཉིད་ཀྱིས་ག་རེ་གསུངས་པ་དེར་ངོས་ནས་གོ་བ་ཞིག་ལེན་ཐུབ་མ་སོང།་་་་བུད་མེད་རེ་ཟུང་གི་སྤྱོད་པ་དེ་བུད་མེད་ཚང་མར་འགེལ་མི་རུང།་་་ང་ཚོ་བོད་པ་ཚང་གི་བུད་མེད་ཚོ་ལ་རེ་བ་བཟང་ས་ནས་རྒྱབས་ཏེ་ཁོང་ཚོའི་སྤོབས་པ་མཐོར་འདེགས་བྱ་འགྱུར་རོགས་རམ་བྱེད་དང།་་་་བཀྲིས་བདེ་ལེགས།

    Reply
  4. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    ཆུ་སྐྱེས་སྒྲོལ་མ་ལགས། སྐུ་ཉིད་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཞུ་འོ།

    Reply
  5. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    འཇམ་དབྱངས་ཤཱསྟྲཱི་ལགས། བོད་ཀྱི་བེུད་ཚོར་ཐོབ་ཐང་འདྲ་མཉམ་རག་སོང་ན་ད་ཟོད་རྩོམ་ཡིག་གང་མང་མང་སྤེལ་ངེས་ལ། ད་དུང་གཞང་ལ་ཕུག་ལྟར་ཙོང་གི་རེད་ལ། གཞང་རིན་རྩམ་ལྟར་སློང་ངེས་རེད།

    Reply
  6. ཡེ་ཤེས། says:
    ལོ་ 16 སྔོན།

    བདེན་པ་རེད་

    Reply
  7. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    གཞན་ཡང་བོད་ཀྱི་ནང་ཆོས་དང་། བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་སོགས་ལ་བྱང་ཆུབ་པ་། དེ་བཞིན་དེང་དུས་བོད་ཀྱི་རིག་གཞུང་ལ་ཕན་པའི་འཕྲུལ་རིགས་གློག་ཀླད་སོགས་སུ་བོད་ཡིག་བཟོ་མཁན་དང་། བོད་ཡིག་ཏུ་བོད་ཀྱི་དྲྭ་རྒྱ། བོད་ཡིག་ལ་དོ་སྣང་ཅན་མང་དུ་ཡོང་བར་ཤོག

    Reply
  8. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཆུ་སྐྱེས་སྒྲོལ་མས་གསུང་པ་དངོས་གནས་བདེན་པ་རེད། བོད་གཞིས་བྱེས་གཉིས་སུ་་ཁྱོད་འདྲ་བ་བོད་ཡིག་ཐོག་ཏུ་སྙན་རྩོམ་གནང་མཁན་བུད་མེད་རྩོམ་པ་པོ་ཉུང་། མ་ཟད་ཟིན་བྲིས་འདིར་བུད་མེད་ཁྱོད་རང་ལས་གཞན་པ་ཕལ་ཆེར་ཕེབས་མྱོང་མེད། དེ་ནི་སུས་ཀྱང་བཀག་འགོག་བྱས་མེད། རང་དབང་ཡིན། ད་དུང་ཁྱོད་རང་འདྲ་བ་བོད་ཕྱི་ནང་གཉིས་སུ་སྐྱེད་བསྲིང་ཡོང་བར་ཤོག་

    Reply
  9. Dhonling Bhu says:
    ལོ་ 16 སྔོན།

    ངོ་མ་ཆུ་སྐྱེས་སྒྲོལ་མས་མཐའ་གཉིས་སུ་མི་ལྷུང་བའི་ཐོག་ནས་སྐད་ཆ་ཞིག་བཤད་འདུག་པ་འདི་ལ་ངས་རྗེས་སུ་ཡིད་རང་ཞུ། དེང་སྐབས་ང་རང་ཚོའི་སྤྱི་ཚོགས་ཀྱི་ཁྲོད་གླེང་གིན་ཡོད་པའི་སྐད་ཆ་འགའ་ཡོད་པ་ལས་གཅིག་ནི་བུད་མེད་ཀྱི་ཐོབ་ཐང་ཟེར་བ་དེ་རེད། དབུས་བུད་མེད་གཙོས་ཤེས་ལྡན་གྱི་བུད་མེད་འགས་བུད་མེད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་ཟེར་བའི་
    སྐད་ཆ་དག་ལ་འགྲེལ་བ་ལོག་པ་རྒྱབ་ནས་ཉམ་ཆུང་བུད་མེད་དཀྱུས་མ་རྣམས་ཐེ་ཚོམ་གྱི་དྲ་བར་ལྷུང་ནས་། ད་ཟོད་གང་དྲག་
    ཅི་བྱས་ལྟ་བུའི་གནས་འགྱུར་ཡོད། ལྷག་པར་བུད་མེད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་སོགས་ཀྱི་ཐོག་མང་དག་ཤིག་གླེང་
    བཞིན་ཡོད་ནའང། གོང་དུ་ཆུ་སྐྱེས་སྒྲོལ་མས་གསུངས་པ་ལྟར་བུད་མེད་ལ་ཐོབ་ཐང་གང་ཡོད་པ་དག་ཆུ་ཟོས་སུ་མི་འགྲོ་བར་
    བེད་སྤྱོད་ཞིག་བཏང་ཡོད་མིན་ཞིབ་འཇུག་གཅིག་བྱས་དགོས། ཡོད་བཞིན་པའི་ཐོབ་ཐང་དེ་ཆུ་ཟོས་སུ་བཏང་ནས་མ་འོངས་
    པའི་ཐོབ་ཐང་ལ་རྩོད་བཞིན་ཡོད་པ་ནི་དགོད་དྲོ་བའི་གཏམ་ཞིག་མིན་ནམ། དེ་བས་གཞིས་བྱེས་གཉིས་སུ་ཡོད་པའི་གངས་
    ཅན་བུད་མེད་ཚོས་སྔར་གྱི་བྱ་བ་རྣམས་སེམས་ལ་བཞག་ནས། མ་འོངས་པའི་བུད་མེད་ཀྱི་གནས་བབ་དེ་ཁ་ཕྱོགས་ཞན་པ་
    ལས་བཟང་བ་དང། བཟང་བ་ནས་ཇེ་བཟང་དུ་གཏོང་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བས་ཡིད་གཟབ་གནང་རོགས།
    བོད་ཀྱི་བུད་མེད་ཚོ་རྒྱལ་རྒྱུར་ཅིག ཁ་བའི་བུ་མོ་རྣམས་རྒྱལ་རྒྱུར་ཅིག་་

    Reply
  10. ཡེ་ཤེས། says:
    ལོ་ 16 སྔོན།

    གྲོགས་པོ་གྲོགས་མོ་རྣམས་པ་བཀྲ་ཤེས་བདེ་ལེགས་སྐུ་ཁམས་བཟང་། ཧི་གཟུགས་ཞེས་པའི་ཟིན་བྲིས་ནང་དུ་རང་གིས་ཀྱང་ནི་ཟིན་བྲིས་ཞིག འབྲི་བར་འདོད་དེ་སྐོམ་པ་ཆུ་ལྟར་གདུང་ན་ཡང་། ཐོ་འགོད་བྱེད་སའི་བཤེར་གྲངས་ཞེས་པའི་བར་སྟོང་ནང་། འབྲི་བྱ་གང་དང་དོན་དག་ཅི་ཡིན་མ་ཤེས་པས། ཕན་སེམས་ཅན་གྱི་གྲོགས་པོ་ཞིག་གིས་འདི་དོན་ང་ལ་གསུང་རོག་ཞུ།

    Reply
  11. བྱམས་རྒྱལ། says:
    ལོ་ 16 སྔོན།

    ཆུ་སྐྱེས་སྒྲོལ་མ་ལགས་རྒྱ་མོ་རྐང་རིལ་བཟོ་དགོས་དོན་ཅི་ཡིན་ནམ་འདིའི་སྐོར་ཤེས་འདོད་ཆེའི་གཅིག་གསུངས་རོགས།
    བོད་ཀྱི་བུད་མེད་ནི་རིག་གཞུང་གི་མཚོན་རྟགས་ངོ་མ་རེད་ཁོང་ཚོས་རྟག་ཏུ་བོད་ཆས་སྤྲས་ཀྱི་འདུག་།སྐྱེད་པ་ཚོས་ལོ་གསར་དང་དུས་ཆེན་ལ་མ་གཏོགས་བོད་ཆས་སྤྲས་གསོལ་མི་འདུག་། ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ཡོད་ན་ལྟོ་ཆས་བཟས་རྗེས་ལྟོ་སྙོད་མཉམ་འཁྲུད་གནོང་དང་། ཆུང་ས་ནས་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱོད་དགོས་ཀྱི་རེད་ལགས་

    Reply
  12. འཇམ་དབྱངས་ཤཱསྟྲཱི། says:
    ལོ་ 16 སྔོན།

    ཆུ་སྐྱེས་སྒྲོལ་མ་ལགས།་་་བུད་མེད་རྩོམ་པ་པོ་ཞིག་གིས་བོད་ཡིག་ཐོག་རྩོམ་སྤེལ་བར་ང་ཤིན་ཏུ་དགའ།་་ཐུགས་རྗེ་ཆེ།་་ད་དུང་བོད་ཡིག་ཐོག་བུད་མེད་རྩོམ་པ་པོ་མང་ཙམ་ཐོན་པ་རེ་བ་ཡོད།་ཁྱེད་ནས་རང་ཉིད་ཀྱི་ངོ་ཤེས་དང་བོད་མོ་གཞན་རྣམས་ལ་དེ་ལྟར་ཡོང་བའི་ཁ་ཏ་སློབ་གསོ་བྱོས་དང།།
    དེང་སང་རྒྱ་གར་དང་བོད་ནང་ཇི་ལྟར་ཡིན་མིན་ཡང།་་་ཨ་རིའི་ནང་བོད་མི་ན་གཞོན་རྣམས་ཀྱི་ནང་ནས་བུད་མེད་ཚོ་སྐྱེས་པ་ཚོ་ལས་ཤེས་ཡོན་དང་གནས་ཚད་ཀྱི་ཐོག་ནས་ལེགས་པ་ཡོད་འདུག་་་་ང་གནས་སྡོད་བྱེད་སའི་མངའ་སྡེའི་ནང་བུད་མེད་སྨན་པ་གཅིག་ཡོད།་་་ད་དུང་ལོ་ཤས་ནང་ཐོན་ལ་ཉེ་བའི་བུད་མེད་སྨན་པ་འགའ་ཤས་ཡོད།་་་་དེ་མཚུངས་མངའ་སྡེ་གཞན་གྱི་ནང་དུའང་སྐྱེས་པ་ལས་བུད་མེད་ཚོ་ཤེས་ཡོན་གྱི་ཐོག་འཇོན་པ་ཡོད་ཚོད་འདུག
    གལ་སྲིད་བུད་མེད་ཚོ་ཤེས་ཡོན་ལེགས་པོ་སྦྱངས་ཡོད་ཚེ།་་་ཁོང་ཚོས་རང་ཉིད་ཀྱི་བུ་ཕྲུག་ཚོ་ལའང་ཤེས་ཡོན་ལེགས་པོ་སྤྲོད་ཐུབ་པ་ནི་དངོས་བདེན་རེད།་་་དེས་ན་ང་ཚོ་བོད་པའི་མ་འོངས་པའི་སྐྱེས་མ་ཚོས་ད་ནས་བཟུང་སྟེ་ཤེས་ཡོན་ལ་བརྩོན་ཏེ་མ་འོངས་པའི་བོད་ཕྲུག་ཤེས་ཡོན་ཅན་རྐྱང་རྐྱང་གསོ་སྐྱོང་གནང་དགོས།

    Reply
  13. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཆུང་མ་ས་སྦས་གཏོང་བ་དང༌། ཡང་ན་མཉམ་དུ་མེ་སྲེག་གཏོང་བ། སོགས་ནི་གནའ་སྔ་མོའི་ལོ་རྒྱུས་ཙམ་རེད། གནའ་སྔ་མོའི་ལོ་རྒྱུས་སྐྱུར་མོ་རྐྱང་བཤད་པ་ལས་དེང་དུས་ཀྱི་སྒྲུང་གཏམ་སྙན་མོ་རེ་ཀློག་ན་ལུས་སེམས་དེ་ག་རང་སྐྱིད་པ།

    Reply
  14. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། དྲང་པོ་བཤད་པ་ཡིན་ན། བོད་ཀྱི་བུད་མེད་ཚོར་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་ཡོད་ཡོད་པ་རེད། དེར་རྒྱུ་མཚན་དུ་མའི་ལུང་གིས་འཁར་རྒྱུག་ཀྱོག་ཀྱོག་འདྲ་འཁྱེར་ཡོང་ནས་རྩོད་པ་རྒྱག་དགོས་དོན་ཅི་ཡང་མེད་ཅིང། གལ་ཏེ་རྩོད་འདོད་ན་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཏེ་ཡང་སྒོས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་རོགས། ནུ་མ་དཀྲོགས་ཏེ་འོ་མ་ལེན་རྒྱུ་དང་། འོ་མ་དཀྲོགས་ནས་མར་ལེན་རྒྱུ་ཐབས་ཤེས་ཀྱིས།

    Reply
  15. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་ནང་གི་གནས་སྟངས་ལ་བསམ་བློ་ཞིག་བཏང་ན། དེ་ནས་ག་རེ་རེད་ལགས། མུ་མཐུད་དུ་གསུང་རོགས་ཞུ། ཁ་སང་གཟའ་ལྷག་པའི་དགོང་མོ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་གྱི་བརྗོད་གཞི་ཡང་བུད་མེད་ཀྱི་བསྐོར་རེད། དངོས་ནས་བོད་ཀྱི་བུད་མེད་ཚོ་ལ་ཐོབ་ཐང་མེད་པ་རེད་དམ། བོད་ཀྱི་བུད་མེད་དག་གིས་རང་ཉིད་ཀྱི་ཐོབ་ཐང་དེ་ལོང་སྤྱོད་བྱེད་ཐུབ་ཀྱི་མེད་པ་དང་། འགན་འཁུར་ལེན་ཐུབ་ཀྱི་མེད་པ་རེད། གནའ་ནས་ད་ལྟའི་བར་དུ།

    Reply
  16. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཆུ་སྐྱེས་སྒྲོལ་མའི་རྩོམ། ཆུ་དཀྲོགས་ནས་མར་མི་ལོན་ཟེར་བ། དོན་ཚན་༨ཀྱི་བདག་ཉིད་ཅན་ལ་མཇལ་བས་སྐལ་བཟང་ཐོབ།
    ངེད་ཚང་མདོ་སྨད་རྟའི་ཆོལ་ཁའི་མནའ་མ་དགའ་བོ།ཁྱད་པར་དུ་ས་རེབ་གོང་རིག་པ་འབྱུང་བའི་གྲོང་ལ་ལས་འཕྲོ་ཡོད་པའི་རིག་བཟང་མ།ཆུ་དཀྲོགས་ནས་མར་མི་ལོན་ཡང་།མ་དཀྲོགས་ནས་བུ་ལོན་ཡོད་པས།བུ་སྟགས་ཕྲུག་འདྲ་བ་གཉིས་ཀྱི་མ་རྒན་དྲིན་མོ་ཆེ་མ་ལགས།

    དེ་རིང་སྔ་དྲོ་ཁྱེད་དང་།གངས་ལྷ་མོ།བེ་རི་འཇིགས་མེད་དབང་རྒྱལ་བཅས་ངེད་ཅག་གིས་གནས་ཆུང་ཇ་ཁང་ནང་འཛོམས་ནས་ཇ་ཐུན་གཅིག་ཙམ་རིང་བུད་མེད་ཀྱི་ཐོབ་ཐང་སྐོར་ནས་ཅི་འཕྲོས་མོད་འཕྲོས་བཤད་སྐབས།ཉིད་ཀྱིས་་་སྤྱིར་ཨ་མདོ་བ་རྣམས་བུད་མེད་ལ་ལྡང་བའི་བཤད་རྒྱུན་ཡོད་མོད།ངའི་སྐུ་ཟླ་དེ་འདྲ་མ་ཡིན་པར་ཨ་མདོ་ནང་གི་ཨམ་བཟང་ཞིག་ཡིན་པ་རང་སྐྱིད་གཞན་སྨོན་བྱེད་ཀྱིན་ཡོད་རབས་གསུངས་བ་ལྟར།བོད་པ་ཚང་གི་བུད་མེད་རྣམས་ལ་ཁྱོད་ནང་བཞིན་སྐལ་བ་ཞིག་ལྡན་ཡོད་ཚེ།ང་ཚོར་བུད་མེད་ཀྱི་བརྗོད་གཞིའི་ཐད་ནས་གོ་སྐབས་ཤིག་མ་གཏོག་ཐོབ་ཐང་གི་སྐད་ཆ་མི་དགོས་ཚོད་ཡིན་མོད། ཡང་སྤྱི་ཚོགས་ཧྲིལ་བོ་དང་།ནང་དགོས་བོད་ནང་གི་གནས་སྟངས་ལ་བསམ་བློ་ཞིག་བཏང་ན༌༌༌༌༌༌༌

    Reply
  17. ནད་པ says:
    ལོ་ 16 སྔོན།

    ཆུ་སྐྱེས་སྒྲོལ་མས་གནད་ལ་འཁེལ་བ་ཞིག་གསུངས་འདུག འདས་པའི་ལོ་རྒྱུས་ནང་དུ་ཕྱིར་མིག་གཅིག་བལྟས་ན་ཕྱི་རྒྱལ་གྱི་བུད་མེད་ཀྱི་མནར་གཅོད་དང་། ཁ་ཆེའི་བུད་མེད་ཀྱི་ཐོབ་ཐང་། རྒྱ་གར་བུད་མེད་ཀྱི་སྡུག་ཐང་། རྒྱ་ནག་གི་རྒྱ་མོ་རྐང་རིལ་སོགས་ཀྱི་འདས་དོན་ལ་རྣོ་བསམ་ཞིབ་མོ་ཅིག་བཏང་ན་ཆོས་ལྡན་གངས་ལྗོངས་ཀྱི་བུད་མེད་དག་དངོས་གནས་བདེ་སྐྱིད་དང་ལྡན་པ་ཞིག་ལོས་ཡིན།

    ད་ལྟ་བོད་ཕྱི་ནང་གཉིས་ཀྱི་བུད་མེད་ཀྱི་ཐད་ལ་གཞིགས་ན་ཕོ་མོ་འདྲ་མཉམ་ཡིན་པ་ལས་ཕོ་མཆོག་དང་མོ་དམན་གྱི་གནས་ཞིག་གཏན་ནས་མེད་སྟབས་ཁ་རྒྱུན་ལྟར་ལུང་པར་བདེ་སྐྱིད་བྱུང་ན་རྒྱལ་པོ་ཨ་ནིས་ཀྱང་བྱེད་ཆོག་ཅེས་པ་ལྟར་སོ་སོས་འཇོན་ན་གོ་སྐབས་དང་རང་དབང་གཅིག་མཚུངས་སུ་ཡོད་པ་རེད།

    ད་འོ་ན་བོད་པའི་སྤྱི་ཚོགས་ནང་དུ་ཁྱིམ་ཚང་སོ་སོའི་ཐབ་ཚང་ནང་དུ་ཉིན་མོའི་ཁ་ལག་བཟོ་རྒྱུ་དེ་ཕ་མོ་འདྲ་མཉམ་བྱེད་དགོས་པ་དང་མ་ཟད་མཚན་མོ་ཉལ་སའི་ནང་ཕོ་མོ་འདྲ་མཉམ་གྱིས་ཡར་འཛེག་མར་བབ་བྱེད་དགོས་པ་མིན་ན་སྙམ་གཞན་བུད་མེད་ཀྱི་ཐོབ་ཐང་གང་ཞིག་རྩོད་དགོས་པ་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese