སྤུ་བླ་གཡུང་དྲུང་སྐལ་བཟང་།

སྤུ་བླ་གཡུང་དྲུང་སྐལ་བཟང་།

ངའི་སྨྱུག་མིང་ལ་ཧོས་ཟླ་གཞོན་ཟེར་ཞིང་། ང་ནི་དུས་རབས་ཀྱི་དཀྱོག་མཚམས་ཤིག་ཏུ་མཐོ་སྒང་གི་རེ་སྦྲའི་འདབས་ནས་ཐོག་མའི་ངུ་སྐད་ཀྱི་དབྱངས་རྟས་མི་ཡུལ་གྱི་ལྷིང་འཇགས་དཀྲོགས་ཀྱིན་འཇིག་རྟེན་འདིར་ལྟད་མོར་འབྱོར།
དྲིན་ཆེན་མ་ལོའི་ནུ་ཞོ་དང་ཟིལ་ཆུང་འབྲི་མོའི་འོ་སྤྲི་མངར་མོས་ངའི་ལང་ཚོ་བསྐྱེད་བསྲིངས་ནས་བགྲང་བྱ་བརྒྱད་ལ་སོན་དུས། མཐོ་སྒང་གི་རི་ཀླུང་རྣམས་སུ་ཕྱུགས་རིགས་དཀར་ནག་གི་རྨིག་སྒྲར་ཉན་ཏེ་འགྲོ་བསྐྱོད་བྱས་པ་མ་ཟད། ཞོར་དུའང་དབྱངས་གསལ་སོ་བཞིའི་རྫི་གླུ་སྙན་མོ་དབྱངས་སུ་བཀུགས་བཞིན་དབེན་པའི་རི་སུལ་དུ་ཆས་པའི་སྟ་གོན་བརྩམས། རང་ལོ་བཅུ་གསུམ་ཟིན་དུས་བླ་སྤྲུལ་ཞིག་གིས་མཚམས་སྦྱར་བྱས་ཏེ་སྐྲ་ཡི་ལྕང་ལོ་བཏུབས་ནས་ཚུལ་མིང་བླངས། ཕྱི་ལོ་༡༩༩༨་ལོ་སྟེ་རང་ལོ་བཅུ་བཞིའི་ཐོག་སྦྲ་གུར་དང་ནོར་ནག་ལ་ཕྱི་མིག་ཅེར་བཞིན་ངུར་སྨྲིག་གི་ཀླུང་ཆེན་ཞིག་ཏུ་ཆས་ཏེ་གྲྭ་རྐྱང་གི་འཚོ་བ་དང་དུ་བླངས།
སྐབས་དེར་སློབ་དཔོན་དམ་པའི་སྐུ་ཡི་གྲིབ་བསིལ་འོག་ཏུ་ཐུན་མོང་གི་རིག་གནས་བརྡ་དག་སྙན་གསུམ་དང་། གཞན་ཡང་བློ་རྟགས་བསྡུས་གསུམ་སོགས་ཚད་མ་རིག་པའི་གཞུང་ལ་སློབ་སྦྱོང་གི་སྐལ་པ་ཅུང་ཙམ་ཐོབ་པ་མ་ཟད། རྩ་མདོ་ཆུ་བརྟག་སོགས་ཀྱིས་མཚོན་གསོ་བ་རིག་པའི་གཞུང་ལའང་ཅུང་ཙམ་སྦྱོང་བའི་གོ་སྐབས་རྙེད།
དེ་རྗེས་ཕྱི་ལོ་༢༠༠༤་ལོར་འཕགས་ཡུལ་སྨན་རིའི་གླིང་དུ་འབྱོར་ཞིང་གཡུང་དྲུང་བོན་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་རྒྱ་མཚོར་ལོངས་སྤྱོད་བགོ་སྐལ་དང་ལེན་གྱི་ཁུལ་དུ་མཆིས་བཞིན་པ་བཅས་སོ།

No Content Available

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist