མདང་དགོང་མཚན་གུང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལ་ལི་ཀེ་ལའི་བོད་མིའི་ཁྲོམ་རར་མེ་སྐྱོན་ཚབས་ཆེན་བྱུང་སྟེ་ཚོང་ཁང་ ༡༣༨ ཀྱི་ཚོང་རྫས་ཡོད་ཚད་ཚིག་ཡོད་འདུག
འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལ་ལི་ཀེ་ལ་བོད་མི་སུད་ཚོང་ཚོགས་པའི་ཚོགས་གཞོན་བསོད་ནམས་སྟོབས་རྒྱལ་ལགས་སུ་སྐད་ཆ་དྲིས་པར། མདང་དགོང་མཚན་གུང་ཆུ་ཚོད་༡༢།༣༠ ནས་དང་པོའི་བར་དུ་ཁྲོམ་རའི་གློག་སྐུད་ལ་མེ་སྐྱོན་བྱུང་ཡོད་པ་དང་། དེའི་ཐོག་ལྷག་པ་ཆེན་པོ་བརྒྱབ་སྟེ་མེ་གསོད་མ་ཐུབ་པར་བརྟེན། ཁྱོན་ཚོང་ཁང་ ༡༣༨ ལ་མེ་སྐྱོན་ཚབས་ཆེན་བྱུང་ནས་ཅ་དངོས་ཡོད་ཚད་ཚིག་རོར་གྱུར་ཡོད་པ་མ་ཟད། ཐ་ན་ཁྲོམ་རའི་ལྕགས་ཤོག་རྣམས་ཀྱང་མེའི་ངར་གྱིས་གུག་གུག་ཆགས་ཡོད་པ་དང་། ད་ལྟའི་ཆར་ཁྲོམ་རའི་བོད་མི་ཚང་མ་སེམས་སྡུག་ཆེན་པོའི་ནང་ལྷུང་ཡོད་ལ། ཚོང་རྫས་ཡོད་ཚད་ཚིག་སྟེ་བུ་ལོན་གྱི་སྒང་ལ་བུ་ལོན་ཆགས་ཏེ། རྐང་པའི་སྒང་ལ་ཡར་ལངས་མ་ཐུབ་པའི་གནས་སྟངས་ཆགས་བསྡད་ཡོད་པ་དང་། ཐེངས་འདིའི་མེ་སྐྱོན་ཁྲོད་ཧིན་སྒོར་ས་ཡ་ ༡༢༠ ( 12 Crore) ལས་མང་བ་མེད་ནའང་ཉུང་བ་མེད་པའི་དཔལ་འབྱོར་གྱི་གྱོང་གུད་བཟོས་ཡོད་སྟབས། ཕྱི་རྒྱལ་གྱི་ཡུལ་གྲུ་གང་སར་བཞུགས་པའི་ཤ་རུས་གཅིག་པའི་བོད་མི་ཚོས་མ་སྐུལ་དྭང་བླངས་ཀྱི་སྒོ་ནས་ལ་ལི་ཀེ་ལའི་བོད་མི་སུད་ཚོང་བ་ཚོར་ཆེ་ཆུང་ལ་མ་ལྟོས་པའི་རོགས་རམ་རྒྱབ་སྐྱོར་རེ་གནང་རོགས། ཞེས་རེ་སྐུལ་ཞུས་སོང་།
དེ་རིང་སྔ་དྲོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གནས་ཚུལ་སྙན་གསེང་ཞུས་ཡོད་པ་དང་། དེ་བཞིན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་ལྡི་ལིའི་སྐུ་ཚབ་དོན་གཅོད་ཀྱི་སྐུ་ཚབ་ཚེ་དབང་རྒྱལ་པོ་ལགས། དེ་བཞིན་བསམ་ཡས་གླིང་གི་ས་གནས་མགོ་འཛིན་དང་བརྒྱ་དཔོན། རང་བདེན་ཚོགས་ཆུང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་བཅས་ཡུལ་དངོས་སུ་ཕེབས་ཏེ་གདུང་སེམས་མཉམ་སྐྱེད་གནང་ཡོད་པ་དང་། ཤེས་རིག་བཀའ་བློན་མཆོག་ནས་ད་ལན་གནས་ཚུལ་སྡུག་པོ་བྱུང་བར་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། གནས་སྟངས་ཆ་ཚང་ཡར་བཀའ་ཤག་ལ་ཞུ་རྒྱུ་ཡིན་ལ། ད་ལོའི་དགུན་ཚོང་མགོ་བཙུགས་ཙམ་ཡིན་པས་མི་མང་གིས་བསམ་བློ་རྒྱ་ཆེན་པོ་གཏང་ནས་ཁྲོམ་ར་བསྐྱར་གསོ་གནང་དགོས་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་དང་། དེ་བཞིན་བསམ་ཡས་གླིང་ས་གནས་མགོ་འཛིན་དང་བརྒྱ་དཔོན་ནས་མཐུན་འགྱུར་རོགས་རམ་གང་ཐུབ་གནང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག གཞན་ཡང་། རྒྱ་གར་གྱི་ས་གནས་དཔོན་རིགས་ཁག་ཅིག་ཀྱང་རིམ་གྱིས་ཡུལ་དངོས་སུ་ཕེབས་རྒྱུ་ཡིན་སྐོར་བརྗོད་བྱུང་།
ལ་ལི་ཀེ་ལའི་བོད་མིའི་ཁྲོམ་ས་དེ་ཕྱི་ལོ་ ༡༩༦༨ ལོ་ནས་བཟུང་ཨ་ན་བཞི་དང་ཨ་ན་བརྒྱད་ཙམ་གྱིས་མགོ་བཙུགས་ཏེ་ཚོང་བརྒྱབ་ཡོད་པ་དང་། ད་ལྟའི་བར་ལོ་ངོ་ ༤༨ ཙམ་ཕྱིན་པའི་བོད་མི་སུད་ཚོང་བའི་ཁྲོམ་ས་རྙིང་ཤོས་ཤིག་ཆགས་ཡོད་ཅིང་། ཁྲོམ་ར་དེར་ཐག་རིང་ས་ནས་ལ་དྭགས་དང་རང་དབང་ལ། ཐག་ཉེ་ས་ནས་བཞུགས་སྒར་དྷ་རམ་ས་ལ་དང་དྷ་ལ་ཧོ་སི། མ་སུ་རི། ཅན་དྷི་སྒར། རྡེ་ར་རྡུན། ཤི་རི་ནཱ་སྒར། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སོགས་ནས་ཡོང་བའི་བོད་མི་སུད་ཚོང་བ་མཉམ་འདུས་ཀྱི་ཚོང་ར་ཞིག་ཡིན་པ་དང་། ཚོང་པ་དང་ལས་མི་སོགས་ཚང་མ་བསྡོམས་ན་མི་གྲངས་ ༤༠༠ མ་ཟིན་ཙམ་ཡོད་ཅིང་། ཁྲོམ་རར་གོད་ཆག་བྱུང་བ་ཐེངས་དང་པོ་ཆགས་ཡོད་འདུག
གསར་འགོད་པ། པདྨ་མཚོ།
བོད་མིའི་སྒྲིག་འཛུགས་ཀྱིས་ཛ་དཀའ་ངལ་སེལ་ཆེད་དུ་རོགས་དངུལ་འབུམ་ ༡༥ སྤྲོད་རྒྱུ་ཡིན་ཟེར།
ལྡི་ལི་ཁྲོམ་ས་ནས་མེར་ཚིག་པའི་གྱོང་གུད་ཧིན་སྒོར་ས་ཡ་ ༡༢༠ ལྷག་གི་སྙན་ཞུ་འབྱོར་འདུག་ཟེར།
གནས་ཚུལ་ཆ་ཚང་།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༢ མ་ཟིན་ཙམ་ལ་རྒྱ་གར་རྒྱལ་ས་ལྡི་ལིར་ལལ་ཀི་ལ་ Lal Qila ཞེས་པའི་ས་ཁུལ་དུ་བོད་མི་སུད་ཚོང་བའི་ཁྲོམ་སར་གློག་གི་རྐྱེན་བྱས་ནས་མེ་སྐྱོན་ཚབས་ཆེ་ཕོག་པར་བརྟེན། ཁུལ་དེར་བོད་མིའི་ཁྲོམ་ས་ ༡༣༨ ཙམ་ཡོད་པ་རྣམས་ཤུལ་མེད་དུ་སོང་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ནང་སྲིད་ལས་ཁུངས་བརྒྱུད་ཛ་དྲག་ངལ་སེལ་རོགས་དངུལ་ཧིན་སྒོར་འབུམ་ ༡༥ གསོལ་རས་གནང་འདུག དེ་ཡང་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་གནས་ཚུལ་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པར་གསུང་དོན།
ལལ་ཀི་ལ་ཁུལ་དུ་བོད་མི་སུད་ཚོང་བའི་ཁྲོམ་ས་ ༡༣༨ ཙམ་འདུག ཚོང་པ་མང་ཆེ་བ་ལྡི་ལི་ཁུལ་ནས་རེད་འདུག དེ་བཞིན་མ་ན་ལི་དང་། པུ་རུ་ཝ་ལ། སིམ་ལ། སྦེལ་ཀོབ། ཤྲི་ན་གར་ཁུལ་བཅས་ནས་ཀྱང་འདུག ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༢ མ་ཟིན་ཙམ་ལ་གློག་གི་རྐྱེན་བྱས་ནས་མེ་སྐྱོན་བྱུང་ཡོད། ཚོང་ཁང་ ༡༣༨ ཡོད་པ་ཆ་ཚང་མེ་འབར་སླ་པོ་ཡིན་སྟབས། གོ་ཐོས་ལ་ཁྲོམ་སྟོན་སའི་ས་ཆ་ཙམ་མ་ཟད་བརྒྱབ་ངོས་སུ་ཚོང་ཆས་བླུག་སའི་དོས་ཁང་ཆ་ཚང་ཚིག་ཡོད་འདུག ང་ཚོས་རོབ་རྩིས་བྱས་ན་ཕལ་ཆེར་ཧིན་སྒོར་ས་ཡ་ ༡༢༠ ཙམ་གྱི་གྱོང་གུན་ཕོག་པའི་གནས་ཚུལ་སྙན་སེང་ཞུ་བཞིན་འདུག དཔལ་ལྡན་སྲིད་སྐྱོང་མཆོག་དེ་རིང་སྔ་དྲོ་རྡ་སར་ཕྱིར་ཕེབས་གནང་བ་རེད། གནས་ཚུལ་གང་བྱུང་བ་ཐམས་ཅད་ཁོང་གིས་མཁྱེན་བཞིན་ཡོད། དེ་རིང་སྔ་དྲོ་ཆུ་ཚོད་ ༩ མ་ཟིན་ཙམ་ལ་ལྡི་ལི་དོན་གཅོད་མཆོག་གིས་ང་ལ་ཞལ་པར་འབྱོར་བྱུང་། དེ་རྗེས་སྔ་དྲོ་ཆུ་ཚོད་ ༨།༤༠ ཙམ་ལ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་ལྡི་ལི་དོན་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས་ས་གནས་སུ་ཕེབས་ནས་མང་ཚོགས་རྣམས་ལ་སེམས་གསོ་དང་སྦྲགས། མ་འོངས་བྱེད་ཕྱོགས་ལམ་སྟོན་གནང་འདུག
བོད་མིའི་སྒྲིག་འཛུགས་ངོས་ནས་ཛ་དྲག་ངལ་སེལ་ཆེད་བཀའ་ཤག་ནས་ཧིན་སྒོར་འབུམ་ ༡༥ བཏང་རྒྱུ་ཡིན། དེའི་ཐོག་ནས་ཁྲོམ་ས་སླར་གསོ་ཇི་ཙམ་སྤུས་དག་པོ་ཞིག་ཡོང་མིན་ད་ལྟའི་ཆར་ཚོོད་དཔག་བྱེད་ཁག་པོ་རེད། འཕྲལ་སེལ་ཆར་ཆུ་འགོག་ཐུབ་ཙམ་ཞིག་དང་ཉི་དྲོད་ལས་སྐྱོབ་ཐུབ་ཙམ་ཞིག་གི་ཚོང་ཁང་ཞིག་རྒྱག་ཐབས་བྱེད་བཞིན་ཡོད། གང་ཡིན་བརྗོད་ན་ད་ལྟ་ཚོང་གི་དུས་ཚོད་དེ་གཞི་ནས་འགོ་འཛུགས་བཞིན་ཡོད་སྟབས་བོད་མི་དེ་དག་དུས་ཐོག་ཚོང་བརྒྱབ་ཐུབ་པ་དང་། ལུ་དི་ཨ་ནའི་ Ludhiana རྒྱ་གར་གྱི་ཚོང་པ་ཡིན་ནའང་འདྲ། དེ་ཚོར་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞི་སྒར་གྱི་ས་གནས་འགོ་འཛིན་གྱིས་ཚོགས་ཆུང་བཙུགས་ནས་འབྲེལ་བ་གང་འདྲ་བྱེད་དགོས་མིན་ཐད་ལས་འགུལ་སྤེལ་དགོས་པའི་ལམ་སྟོན་ཞུས་ཡོད། ལམ་སྟོན་ལྟར་ཁོང་ཚོས་ལས་གཞི་ཞིག་འགོ་བཙུགས་འདུག སྤྱིར་སྟངས་གློ་བུར་གོད་ཆག་རིགས་ཕོག་པའི་སྐབས་ལ་ནང་སྲིད་ལས་ཁུངས་ཀྱི་གུན་གསབ་སྤྲོད་རྒྱུའི་སྒྲིག་གཞི་གཏན་འབེབས་ཡོད། སྒྲིག་གཞི་དེ་དག་གི་ནང་གསལ་ལྟར་ན། འབུམ་དྲུག་བརྒལ་བའི་གོད་ཆག་རིགས་ཕོག་པའི་ཛ་དྲག་གནས་ཚུལ་བྱུང་བ་ཡིན་ན། མང་མཐར་འབྲེལ་ཡོད་དོ་དག་སོ་སོར་སྒོར་ཁྲི་གསུམ་གནང་རྒྱུ་དང་། དེའི་ཐོག་ནས་སྐབས་སུ་བབ་པའི་ལྡི་ལིར་མེ་སྐྱོན་ཕོག་པའི་ཁྲོམ་ས་ ༡༣༨ ཆ་ཚང་ཁྲི་གསུམ་ཐོབ་མཁན་གྱི་ཁོངས་ལ་བཏང་བ་ཡིན་ན་འབུམ་ ༤༠།༥༠ གུན་གསབ་ཐོབ་དགོས་ངེས་ལྟ་བུ་ཆགས་འདུག དེ་ཚོའི་ཐོག་ལ་འདི་ག་ནང་སྲིད་ལས་ཁུངས་ནས་འཆར་གཞི་བང་རིམ་སྒྲིག་བཞིན་ཡོད། ས་གནས་ནས་གནས་ཚུལ་བྱུང་བ་ལྟར་ན། ས་གནས་རང་ནས་ཀྱང་ཚོགས་ཆུང་བཙུགས་ནས་གདུང་སེམས་མཉམ་སྐྱེའི་ལས་འགུལ་དང་འབྲེལ་ཞལ་འདེབས་བསྡུ་རུབ་གནང་བཞིན་ཡོད་སྟབས། བོད་མི་དེ་དག་ལ་གྱོན་གུན་ཕོག་པ་རྣམས་བརྒྱ་ཆ་བརྒྱ་ནས་བརྒྱ་ཕྱིར་སློག་མ་ཐུབ་པ་ཡིན་ནའང་གང་ཐུབ་ཅི་ཐུབ་ཀྱི་གུན་གསབ་ཐུབ་པ་ཞིག་ཡོང་ཐབས་ཞུ་བཞིན་ཡོད། ཅེས་གསུངས།།
ད་ང་ཚོའི་བོད་མིའི་ལས་དབང་དེ་འདྲ་རེད།