བྱང་ཀོ་རི་ཡས་སླར་ཡང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་འདུག

ཨ་རི་དང་ལྷོ་ཀོ་རི་ཡའི་དམག་མིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ཡོད་ཀྱང་ལམ་ལྷོངས་མ་བྱུང་བར་བྱང་ཀོ་རི་ཡའི་ས་ཐོག་ཏུ་གས་ཐོར་བྱུང་སོང་ཡོད་སྐོར་བརྗོད་འདུག

དེ་རིང་བྷི་བྷི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཚོགས་འདུའི་སྟེང་། མཉམ་འབྲེལ་རྒྱལ་ཚོགས་གཏན་འཇགས་ལྷན་ཚོགས་ཀྱི་སྐུ་ཚབ་གཙོ་གྲས་ཨི་ཊ་ལཱིའི་སྐུ་ཚབ་ཀར་ཌི་(Cardi)ལགས་ཀྱིས། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་བྱ་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། དེ་རིང་སྔ་དྲོར་བྱང་ཀོ་རི་ཡའི་རྒྱལ་ས་པཱ་ཡེའོན་གྷན་(Pyeongan)རྫོང་གི་ལྷོ་ཕྱོགས་སུ་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ཡོད་འདུག

ཨ་རི་དང་ལྷོ་ཀོ་རི་ཡའི་མཐའ་སྲུང་དམག་མི་ཚོས་མཐོང་གསལ་ལྟར་ན། མེ་ཤུགས་འཕུར་མདའ་དེ་བར་སྣང་དུ་འཕངས་ཏེ་སྐར་ཆ་ཁ་ཤས་རྗེས་ལམ་ལྷོངས་མ་བྱུང་བར་བསྐྱར་དུ་བྱང་ཀོ་རི་ཡའི་ས་ཐོག་ཏུ་ལྷུང་སྟེ་གས་ཐོར་བྱུང་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་ཨ་རིའི་སྲིད་འཛིན་ཊི་རུམ་ཕིས། “ཐེངས་འདིར་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པ་དེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་རེ་སྐུལ་ལ་གུས་བརྩི་མ་བྱས་པ་རེད། ཐེངས་འདིའི་མེ་ཤུགས་འཕུར་མདའ་ལམ་ལྷོངས་མ་བྱུང་ཡང་། མ་འོངས་པའི་བྱ་སྤྱོད་ཅིག་བསྟན་ཡོད།”ཅེས་བརྗོད་འདུག བྱང་ཀོ་རི་ཡས་ད་སྔ་གནད་དོན་དེའི་སྐོར་ལ་གང་ཡང་བརྗོད་མེད།

ལྷོ་ཀོ་རི་ཡའི་གཞུང་གིས། བྱང་ཀོ་རི་ཡས་བསྐྱར་དུ་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་སྲུང་སྐྱོབ་ཚོགས་འདུར་བརྩི་འཇོག་མ་བྱས་པ་མ་ཟད། བྱ་སྤྱོད་དེས་འཛམ་གླིང་ཞི་བདེ་དང་བདེ་འཇགས་ལ་ཉེན་བཟོ་བཞིན་ཡོད་ཅེས་བརྗོད་དེ། “ད་ལྟ་ང་ཚོས་གནད་དོན་དེ་དང་འབྲེལ་ཡོད་ལ་ཞིབ་འཇུག་བྱེད་ཀྱིན་ཡོད།”ཅེས་བརྗོད་འདུག ཉི་ཧོང་གཞུང་གིས། གལ་སྲིད་བྱང་ཀོ་རི་ཡས་སླར་ཡང་ཁོང་ཁྲོ་སློང་གཞིའི་བྱ་སྤྱོད་སྤེལ་ཚེ་བཟོད་སྒོམ་བྱ་ཐབས་མེད་ཅེས་བརྗོད་དེ། ཉི་ཧོང་མི་མང་ལ་བློ་ཚབ་གནང་མི་དགོས་པའི་སེམས་གསོ་བྱས་འདུག

ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཊེ་ལིར་སཱོན་(Tillerson)གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་སྲུང་སྐྱོབ་ཚོགས་འདུའི་སྟེང་། རྒྱལ་ཁབ་ཁག་གི་འཐུས་མི་ཚོས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་དོན་གང་མགྱོགས་མཚམས་འཇོག་ཡོང་བར་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་ཞུས་ཏེ། ཆུ་ཚོད་ཁ་ཤས་རྗེས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ཡོད།

དྲུང་ཆེ་ཊེ་ལཱིར་སཱོན་གྱིས། གལ་སྲིད་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ལས་དོན་མཚམས་འཇོག་མ་བྱས་ཚེ། ཨ་རིས་དམག་གི་སྟོབས་ཤུགས་བེད་སྤྱོད་གཏོང་དགོས་བྱུང་ཡང་གཏོང་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་གནད་དོན་ལ་ནན་ཏན་བྱེད་ཀྱི་མེད་སྐོར་སོགས་ཀྱི་སྐྱོན་བརྗོད་ཀྱང་བྱས་ཡོད་འདུག

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་སྲུང་སྐྱོབ་ཚོགས་འདུའི་སྟེང་། ཚོགས་མིའི་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡར་དམག་གི་གོ་མཚོན་དང་སྣུམ་རིགས། དེ་བཞིན། མཚོན་ཆའི་དངོས་རྫས་རིགས་སོགས་ཚོང་འབྲེལ་མི་བྱེད་རྒྱུ་དང་། བྱང་ཀོ་རི་ཡར་ཕར་སྐྱོད་ཚུར་སྐྱོད་བྱེད་བཞིན་པའི་གྲུ་གཟིངས་ཆེ་ཁག་ལ་ཞིབ་བཤེར་དམ་དུ་གཏོང་དགོས་ཚུལ་སོགས་གླེང་ཡོད་འདུག

དེ་སྔ་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་ཡུལ་ནས་ཆག་གྲུམ་ཤོར་བའི་དངོས་ཆས་ཁ་ཤས་མཉམ་འབྲེལ་རྒྱལ་ཚོགས་ལ་འབྱོར་ཡོད་བར། བརྟག་དཔྱད་བཏང་བར་དངོས་ཆས་དེ་དག་རྒྱ་ནག་ནས་ཐོན་པ་ར་འཕྲོད་བྱུང་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༤/༢༩

Leave a Reply

3 thoughts on “བྱང་ཀོ་རི་ཡས་སླར་ཡང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་འདུག

  1. ཨ་རིར་བློ་ཁོག་ཡོད་ན་ད་ཤོག མེ་ཤུགས་འཕུར་མདའ་དྲ་འགྲིག་ཡིན། ང་མེད་ཁྱོད་མེད་བཟོ་རྒྱུ་ལས་གདམ་ག་གཞན་མེད།