སེམས་ཞི་དུལ་བྱུང་ན་མི་ཚེ་སྐྱིད་པ་དང་ལུས་བདེ་བ་ཡོང་གི་རེད།

དེ་རིང་༧གོང་ས་མཆོག་གིས་གོང་མ་གོང་ཆེན་གྱི་བཀའ་དབང་བསྩལ་ཡོད་པ་དང་། འདས་པའི་ཟླ་གཅིག་ལྷག་རིང་ཁོང་གིས་མཛད་འཕྲིན་མང་པོ་བསྐྱངས་ཡོད་སྟབས་ཐུགས་ངལ་དང་སྐུ་ཆམ་ཡང་ཕྲན་བུ་བཞེས་གནང་མཛད་ཡོད་འདུག

དེ་རིང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་ཉིན་མཐའ་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོར་གོང་མ་གོང་ཆེན་གྱི་བཀའ་དབང་བསྩལ་ཏེ། ཉིན་གྲངས་ ༡༡ རིང་གི་དུས་དབང་ལེགས་པར་མཇུག་གྲུབ་སོང་བ་དང་། སང་ཉིན་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བསྩལ་རྒྱུ་དང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གྲུབ་རྗེས། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་ནས་ཐེངས་ ༣༤ པའི་དུས་འཁོར་དབང་ཆེན་གྱི་རྩིས་ཁྲ་སྙན་སྒྲོན་ཞུ་རྒྱུ་ཡིན་འདུག

15977737_715904325233055_3744781049941920276_n

༧གོང་ས་མཆོག་གིས་བཀའ་གནང་དོན། ང་ཚོ་བོད་མི་བཙན་བྱོལ་བར་ཆ་བཞག་ན་བཙན་བྱོལ་དུ་གྱར་ནས་ལོ་ ༥༧ བརྒལ་ནས་འགྲོ་བཞིན་ཡོད། འོན་ཀྱང་ང་ཚོ་ཚང་མས་ལྷག་བསམ་རྣམ་དག་སྙིང་སྟོབས་སྐྱེད་ནས་དཀའ་ངལ་གདོང་ལེན་བྱས་ཏེ་འདིར་བསྡད་པ་རེད། རྒྱ་གར་ལྷོ་ཕྱོགས་དང་བྱང་རྒྱུད་ཀྱི་དགོན་པའི་དགེ་འདུན་པ་དེ་དག་གིས་མཁྱེན་གྱི་རེད། ང་ཚོས་ཐོག་མར་མཐུན་རྐྱེན་སྐྱོ་པོ་དང་དཀའ་ལས་ཧ་ཅང་བརྒྱབ་སྟེ་ས་ཞིང་མེད་སར་ས་ཞིང་བཟོ་རྒྱུ་སོགས་དཀའ་ལས་བརྒྱབ་ཡོད། གཙོ་ཆེ་བ་རྒྱ་གར་གཞུང་གི་བཀའ་དྲིན་དང་དེའི་ནང་ནས་པན་ཊི་ཏ་ནེ་རུ་ནི་དམིགས་བསལ་གྱིས་བོད་པའི་ཐོག་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཞིག་རེད་བརྗོད་ཆོག་པ་རེད། ཀར་ན་ཊ་ཀ་མངའ་སྡེའི་མེ་སོར་ལྟ་བུར་ཆ་བཞག་ན་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དུས་ཡུན་དེའི་རིང་ང་ཚོ་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་གྱི་ས་ཁུལ་འདྲ་མིན་ནང་གཞིས་ཆགས་ཏེ་ཡོད་པ་དེ་དག་ཚང་མས་ཧུར་ཐག་འབད་ཐག་བྱས་ཡོད། ལྷག་པར་དུ་བཤད་གྲྭ་ཁག་གིས་སློབ་གཉེར་བ་ཚོས་དཀའ་ངལ་འཛེམས་མེད་ཐོག་ནས་དཔེ་ཆ་བལྟ་རྒྱུའི་ཐོག་ཧུར་ཐག་བྱས་ཡོད། དེའི་ནང་ནས་དགེ་བཤེས་བླ་མ་ཚོས་ཧུར་ཐག་འབད་ཐག་བྱས་ནས་ཧ་ཅང་ཡག་པོ་བྱུང་ཡོད། ཅེས་གསུངས་སོང་།

ཁོང་གིས་སེམས་པ་བཟང་པོ་བྱེད་དགོས་པའི་སྐོར་གསུངས་དོན། ཁྱེད་རང་ཚོས་དུས་འཁོར་དབང་ཆེན་ཞུས་ནས་སེམས་པ་བཟང་པོ་བྱས་ཏེ་འཁྱེར་རྒྱུ་ཡོད་པ་ཞིག་དགོས། སེམས་པ་བཟང་པོ་བྱེད་རྒྱུ་དེ་རང་གི་དགའ་སར་སེམས་པ་བཟང་པོ་བྱེད་རྒྱུ་ཟེར་བ་དེ་མ་རེད། སེམས་པ་བཟང་པོ་བྱས་ན་ཁེ་ཕན་གང་ཡོད་པ་དང་སེམས་པ་ངན་པ་བྱས་ན་གྱོང་གང་ཡོད་པ་དེ་དག་ཤེས་པར་བྱེད་དགོས། སེམས་པ་བཟང་པོ་དང་ངན་པ་རྒྱུ་དང་རྐྱེན་གང་ལ་བརྟེན་ནས་ཡོང་བཞིན་ཡོད་པ་དེའི་ཐོག་རྩད་གཅོད་བྱས་པའི་ཐོག་ནས་མི་ཚེ་འདི་ཉོན་མོངས་པའི་གཞན་དབང་དུ་མི་འགྲོ་བར་བྱས་ན། སོ་སོའི་མི་ཚེ་འདི་ཡ་རབས་ཤིག་དང་། སོ་སོའི་འབྲེལ་བ་ཡོད་པ་དེ་དག་ལའང་ཕན་པ་ཡོད་པ་ཞིག་མ་གཏོགས་གནོད་པ་མི་སྐྱེལ་མཁན་ཞིག་ཡོང་གི་རེད། དེར་བརྟེན་ང་ཚོ་ད་རེས་དུས་འཁོར་དབང་ཆེན་ལ་འདུས་ནས་དེ་འདྲ་ཞིག་བྱེད་ཀྱི་ཡིན་བསམ་པ་ཞིག་ཚང་མའི་སེམས་ཀྱི་ནང་ཞོག ཅེས་གསུངས་སོང་།

མཛད་རིམ་མང་དྲགས་ཏེ་སྐུ་གཟུགས་ལ་ཅུང་ཁག་པོ་ཆགས་ཡོད་ཀྱང་ཐུགས་བློ་བདེ་བོ་བྱུང་སྐོར་གསུངས་དོན། ང་རང་ལ་ཆ་བཞག་ན། ཁ་སང་ནས་ཏོག་ཙམ་མང་དྲགས་པ་འདྲ་བོ་རེད། དྷ་རམ་ས་ལ་ནས་ཐོན་ཏེ་ལྡི་ལིར་ཉིན་ཤས་རིང་བྲེལ་བ་ཚ་བོ་བྱས་ནས་བསྡད་རྗེས། རྒྱ་གར་ལྷོ་ཕྱོགས་ལ་མར་ཕྱིན་ནས་དེར་བྲེལ་བ་ཚ་བོ་བྱས་ནས་བསྡད་པ་ཡིན། དེ་ནས་ཡང་འདིར་ཡར་ཡོང་བ་རེད། དེར་བརྟེན་ཕུང་པོའི་ངོས་ནས་འཁུར་འདྲ་པོ་ཏོག་ཙམ་ལྗིད་དྲགས་པའི་ཟོལ་འདྲ་འདུག ཡིན་ནའང་། དེ་རིང་དབང་གོང་མ་གོང་ཆེན་དེ་ཚར་འགྲོ་དུས་གྲུབ་པ་རེད། ཆོས་ཀྱི་སྙིང་པོ་དེ་བྱང་ཆུབ་ཀྱི་སེམས་རེད། བྱང་ཆུབ་ཀྱི་སེམས་ཟེར་བ་དེ་གཞན་ཕན་གྱི་བསམ་པ་དེ་དངོས་གནས་བློ་གྲོས་དང་ལྡན་པའི་བསམ་པ་ཞིག་ཡིན་པ་དང་། དེའི་སྐོར་ལ་ཉིན་ཤས་རིང་བྱང་ཆུབ་སེམས་བྱུང་གི་ལེགས་བཤད་རྨད་དུ་བྱུང་བ་སྤྱོད་འཇུག་དང་། སྤྱོད་འཇུག་གི་བཤད་ལུང་ཞུས་ཏེ་ང་རང་བློ་བདེ་བོ་ཞིག་བྱུང་། ཁྱེད་རང་ཚོ་ཡིན་ནའང་དཔེ་ཆ་དེ་ལག་པར་འཁུར་ཏེ་དུས་རྒྱུན་དུ་བསམ་བློ་གཏང་། སྤྱོད་འཇུག་གི་གཞུང་ལ་དཔྱད་འཇོག་སྒོམ་ཟུང་འབྲེལ་བྱས་ཏེ་འགྲོ་བ་ཡིན་ན། ལོ་རེ་ནས་ལོ་རེར་རང་རང་སོ་སོའི་སེམས་རྒྱུད་དེ་ཞི་ཞིང་དུལ་བ་དང་། སེམས་རྒྱུད་ཞི་ཞིང་དུལ་བ་བྱུང་བའི་ལེགས་ཆ་ལ་སོ་སོའི་མི་ཚེ་སྐྱིད་པོ་ཡོང་གི་རེད་ལ། ལུས་བདེ་བ་ཡོང་གི་རེད། དངངས་སྐྲག་ཆུང་དུ་འགྲོ་བ་རེད། མི་ཚེ་འདིའི་རིང་ལ་ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་སྟེ་གོམས་འདྲིས་གང་འཚམ་བྱུང་བ་ཡིན་ན། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཉམས་ལེན་ཤི་ཁར་ཡང་ཏན་ཏན་བྱེད་ཐུབ་ངེས་རེད། དེ་བྱུང་ན་སྐྱེ་བ་ཕྱི་མར་མི་ལུས་བཟང་པོ་ཞིག་འཐོབ་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད། ཅེས་སོགས་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

 

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “སེམས་ཞི་དུལ་བྱུང་ན་མི་ཚེ་སྐྱིད་པ་དང་ལུས་བདེ་བ་ཡོང་གི་རེད།

  1. ༅༅། ཁྱེད་ཀྱི་བྱམས་བརྕེ་རྒྱ་མཚོའི་གཏིང་ལས་ཟབ།
    ཁྱེད་ཀྱི་གདུལ་བྱ་ནམ་མཁའི་སྐར་ཚོགས་ལ།
    ཆོས་ཀྱི་སྙིང་པོ་དུས་འཁོར་དབང་ཆེན་བསྩལ།
    སྒོ་གསུམ་གུས་པ་ཆེན་པོས་ཁྱེད་ལ་བསྟོད།
    བདག་རྗེས་སུ་འཛིན་པའི་༧སྐྱབས་འཇུག་ཞུ།
    སྐུ་ཡང་ཡང་མཇལ་བའི་གསོལ་བ་འདེབས།