སྲིད་འཛིན་ཊི་རུམ་ཕིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་བསྟོད་བསྔགས་བྱས།

ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བྱང་ཀོ་རི་ཡའི་གནད་དོན་ཐོག་སེམས་འཁུར་བླངས་བར་བསྟོད་བསྔགས་བཏང་ཡོད་པ་མ་ཟད། ཞི་ཅིན་ཕིན་ནི་རང་གི་རྒྱལ་ཁབ་ལ་ཤ་ཚ་ཡོད་མཁན་མི་བཟང་པོ་ཞིག་རེད་ཅེས་བརྗོད།

དེ་རིང་བྷི་བྷི་གསར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིས་བྱང་ཀོ་རི་ཡའི་སྲིད་འཛིན་ཀཱིམ་ཇོང་ཨཱུན་ནི་ལོ་ན་ཆུང་ཆུང་ཡིན་སྟབས། བྱང་ཀོ་རི་ཡའི་མགོ་ཁྲིད་པར་དཀའ་ངལ་ཡོད་སྐོར་བརྗོད་འདུག་ལ། སྲིད་འཛིན་ཊི་རུམ་ཕིས་ཨ་རི་དང་བྱང་ཀོ་རི་ཡི་བར་དམག་འཁྲུག་འབྱུང་སྲིད་པའི་ཉེན་ཁ་དང་སེམས་འཚབ་དག་གང་མགྱོགས་སེལ་འདོད་ཡོད་སྐོར་བརྗོད། སྲིད་འཛིན་ཊི་རུམ་ཕིས། “ངས་ཀཱིམ་ནི་གནས་ལུགས་ལ་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་པའི་རེ་བ་བྱེད་ཀྱི་ཡོད།”ཅེས་བརྗོད་འདུག

དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཚོགས་པས་བྱང་ཀོ་རི་ཡའི་སྐོར་ལ་བགྲོ་གླེང་ཞིག་འཚོགས་རྒྱུ་ཡིན་འདུག ཊི་རུམ་ཕིས་སྲིད་འཛིན་ལས་འཁུར་བླངས་རྗེས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་མགོ་བརྩམས་ཡོད། བྱང་ཀོ་རི་ཡ་དང་རྒྱ་ནག་བར་དུས་ཡུན་རིང་པོའི་འབྲེལ་ལམ་ཡག་པོ་ཡོད་པ་མ་ཟད། རྒྱ་ནག་གིས་བྱང་ཀོ་རི་ཡའི་དཔལ་འབྱོར་ལ་རོགས་རམས་ཤུགས་ཆེན་བྱས་ཡོད། འོན་ཀྱང་། ཉེ་ལམ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཡང་ཡང་བྱས་པར་བརྟེན་ཏེ། སྲིད་འཛིན་ཊི་རུམ་ཕིས་བྱང་ཀོ་རི་ཡའི་རྡུན་ཕྲན་མཚོན་ཆའི་དཀའ་རྙོག་སེལ་བར་རྒྱ་ནག་གིས་རོགས་རམ་མ་བྱས་ཀྱང་། ཨ་རི་གཅིག་པུས་གདོང་ལེན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།

ཟླ་སྔོན་མར་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་ཐུག་འཕྲད་བྱས་རྗེས་སྲིད་འཛིན་ཊི་རུམ་ཕི་ལ་བཅར་འདྲི་བྱས་སྐབས་ཁོས། “སྲིད་འཛིན་ཞི་ལགས་ཀྱིས་དངོས་གནས་དྲང་གནས་ཟིང་འཁྲུག་དང་མི་གསོད་ཁྲག་སྦྱོར་བྱུང་ན་འདོད་ཀྱི་མི་འདུག”ཅེས་དང་། ཁོས་ད་དུང་། “ཞི་ཅིན་ཕིན་ནི་ངོ་མ་མི་ཡག་པོ་ཞིག་རེད། ངས་ཁོང་ངོ་ཡག་པོ་ཤེས་སོང་།” ཞེས་དང་། “ཁོ་རང་རྒྱ་ནག་དང་རྒྱ་ནག་མི་མང་ལ་དགའ་ཞེན་ཆེན་པོ་འདུག”ཅེས་ལབ་འདུག

ཁོང་གིས་ཀཱིམ་ཇོང་ཨུན་གྱི་སྐོར་ལ། “ཀཱིམ་ཇོང་ཨུན་གྱིས་པཱ་ལགས་གྲོངས་སྐབས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་འགན་བླངས་པ་རེད། སྐབས་དེར་ཁོ་རང་ལོ་ ༢༧ རེད། དེར་ང་ལ་གང་ཡང་བཤད་རྒྱུ་མེད། མ་གཞི་ཁོ་རང་ལོ་ཆུང་ཆུང་རེད། རྒྱལ་ཁབ་གཅིག་གི་འགན་འཁུར་ལེན་རྒྱུ་དེ་ལས་སླ་བོ་ཞིག་མ་རེད།” ཅེས་བརྗོད་འདུག ད་དུང་སྲིད་འཛིན་ཊི་རུམ་ཕིས། “བྱང་ཀོ་རི་ཡ་དང་ཨ་རི་གཉིས་བར་མ་འོངས་པར་འཁྲུག་རྩོད་ཆེན་པོ་ཞིག་འབྱུང་སྲིད་པ་རེད།”ཅེས་བརྗོད་འདུག ཉེ་ལམ་བྱང་ཀོ་རི་ཡས་མེ་ཤུགས་ཕུར་མདའ་ཚོད་ལྟ་ཐེངས་མང་བྱས་ཡོད་པ་དང་། ད་ལྟ་རྡུལ་ཕྲན་མཚོན་ཆ་ཐེངས་དྲུག་པ་ཚོད་ལྟ་བྱ་རྒྱུའི་ཉེན་བརྡ་བཏང་ཡོད།

མཱར་ཤལ་གཙུག་ལག་སློབ་ཁང་གིས་བྱང་ཀོ་རི་ཡའི་མེ་ཤུགས་ཕུར་མདའི་རྒྱང་སྐྱོད་ནུས་པར་ཚོད་དཔག་བྱས་པ།
༡) ཎོ་ཌོང་(Nodong)ཞེས་པ་དེ་སྤྱི་ལེ་ ༡༣༠༠ ལ་བསྐྱོད་ཐུབ་པ།
༢) ཊའེ་པཱོ་ཌོང་དང་པོ་(Taepodong-1)ཞེས་པ་དེ་སྤྱི་ལེ་ ༢༠༠༠ ལ་བསྐྱོད་ཐུབ་པ།
༣) མཱོ་སཱུ་ཌན་(Musudan)གྱིས་ཀི་ལོ་མྀ་ཊར་ ༤༠༠༠ ལ་བསྐྱོད་ཐུབ་པ།
༤) ཊའེ་པཱོ་ཌོང་གཉིས་པ་(Taepodong-2)ཞེས་པ་དེ་སྤྱི་ལེ་ ༨༠༠༠ ལ་བསྐྱོད་ཐུབ་ཐུབ་པ།

དང་པོ་དེ་ཉི་ཧོང་བར་སྙོབ་ཐུབ་པ་དང་། གཉིས་པ་དེ་རྒྱ་ནག གསུམ་པ་དེ་ར་ཤི་ཡའི་བར་སྙོབ་ཐུབ་ཀྱི་ཡོད་འདུག་ལ། མེ་ཤུགས་འཕུར་མདའ་ཤུགས་ཚད་ཆེ་ཤོས་(Taepodong-2)ཞེས་པ་དེ་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་བར་སླེབས་ཀྱི་ཡོད་འདུག

བདུན་ཕྲག་སྔོན་མར་བྱང་ཀོ་རི་ཡ་དང་ཨ་རིའི་བར་སེམས་འཚབ་འཕེལ་སྟེ་འགྲན་རྩོད་ཆེན་པོ་བྱས་ཡོད།

  • བྱང་ཀོ་རི་ཡས་མེ་ཤུགས་ཕུར་མདའ་ཚོད་ལྟ་བྱས་སྐབས་ལམ་ལྷོངས་མ་བྱུང་ཡང་། ཁོང་ཚོའི་སྟོབས་ཤུགས་ངོམས་ཆེད་དམག་མི་ཕོན་ཆེན་པོ་རུ་སྒྲིག་འགྲེམ་སྟོན་བྱས།
  • ཨ་རིས་བྱང་ཀོ་རི་ཡའི་ཉེ་འགྲམ་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་མཁའ་དམག་དང་མཚོ་དམག་མི་ཉུང་བ་ཞིག་བཀོད་སྒྲིག་བྱས།
  • ཨ་རིའི་བྱེད་སྟངས་དེར་བྱང་ཀོ་རི་ཡ་ཁོང་ཁྲོ་དྲག་པོ་ལངས་ཏེ་རྣམ་འགྱུར་མི་ལེགས་པ་བསྟན།
  • ཨ་རིས་ཨ་སྒོར་ཐེར་འབུམ་གཅིག་ལྷག་གི་མེ་ཤུགས་ཕུར་མདའ་འགོག་བྱེད་ཋཱ་ཨེཌ(THAAD)ཞེས་པ་ལྷོ་ཀོ་རི་ཡར་འོར་འདྲེན་བྱས།

ཁ་སང་ཕཱོཀ་ནཱི་ཨཱུས་(Fox News)ཞེས་པའི་གསར་ཁང་གིས། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཊེ་ལཱར་སོཎ་གྱིས། རྒྱ་ནག་གིས་སླར་ཡར་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་མཚམས་འཇོག་བྱེད་རོགས་ཞེས་ལབ་ཡོད་ཚུལ་བརྗོད་ཡོད་ལ། རྒྱ་ནག་གིས་ད་ལོའི་ཕྱི་ཟླ་ ༢ པ་ནས་བཟུང་བྱང་ཀོ་རི་ཡའི་རྡོ་སོལ་ནང་འདྲེན་བྱེད་པ་མཚམས་འཇོག་བྱས་ཡོད། རྡོ་སོལ་ནོ་ནི་བྱང་ཀོ་རི་ཡའི་ཕྱིར་གཏོང་དཔལ་འབྱོར་ཚོང་ལས་ཆེ་ཤོས་ཤིག་ཆགས་ཡོད།

དེ་རིང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཊེ་ལཱར་སཱོཎ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཚོགས་འདུར་ཞུགས་ཏེ། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་མང་བྱས་ཏེ་འཛམ་གླིང་ལ་ཉེན་ཁ་བཟོ་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་ཡོང་བར། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག

ཉེ་ལམ་ཨུ་རུ་སུའི་སྲིད་འཛིན་པཱུ་ཊིན་(Vladimir Putin)གྱིས། བྱང་ཀོ་རི་ཡས་སེམས་འཚབ་སློང་བཞིན་པ་དེར་གྲོས་མོལ་བྱས་ཏེ་དཀའ་ངལ་སེལ་ཐུབ་བྱེད་དགོས་ཚུལ་བརྗོད་ཡོད་ཀྱང་། ཧི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེ་(Shinzo Abe)ཨུ་རུ་སུར་བསླེབས་སྐབས། ཨུ་རུ་སུའི་རྒྱལ་ས་མཱོ་སི་ཀོ་རུ་པཱུ་ཊིན་གྱིས་བྱང་ཀོ་རི་ཡའི་གནད་དོན་དང་འབྲེལ་བ་ཡོད་མཁན་ཚོས་“དམག་འཁྲུག་འབྱུང་སྲིད་པ་རེད་འུད་སྒྲོག་མ་བྱེད་རོགས།”ཞེས་བརྗོད་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༤/༢༨

Leave a Reply