ཨ་རུ་ན་ཅལ་ནང་རྒྱ་ནག་ལ་ཇུས་གཏོགས་མེད་ཟེར།

དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ།
རྒྱ་ནག་གི་ཐེ་ཇུས་ལ་མ་བལྟས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རུ་ན་ཅལ་ནང་ཆིབས་བསྒྱུར་བསྐྱང་རྒྱུའི་ཐད་རྒྱ་གར་ནང་གི་བཙན་བྱོལ་བོད་མི་ལས་འགུལ་བ་ཚོར་གདེང་སྤོབས་གསར་བ་ཞིག་བསྐྱེད་འདུག

བོད་མི་ཁག་ཅིག་གིས་ཨ་རུ་ན་ཅལ་མངའ་ཁུལ་ཧྲིལ་བོ་རྒྱ་གར་གྱི་མངའ་ཁོངས་ཡིན་སྟབས། ས་ཁུལ་དེར་རྒྱ་ནག་ལ་ཐེ་གཏོགས་མེད་སྐོར་བརྗོད་ཡོད། ཉེ་ཆར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ཁོང་ལ་དགའ་བོ་ཡོད་ཀྱང་། རྒྱ་ནག་གི་ཆབ་སྲིད་ཤོག་ཁག་གི་དཔོན་རིགས་ཚོས་ཁོང་ལ་ངོ་རྒོལ་བྱེད་ཀྱིན་ཡོད་སྐོར་གསུངས།

མོན་རྟ་དབང་ནི་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པའི་འཁྲུངས་ཡུལ་ཡིན་སྟབས། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་ཨ་རུ་ན་ཅལ་ནང་ཆིབས་བསྒྱུར་བསྐྱང་རྒྱུ་ནི་ས་ཁུལ་དེའི་ནང་པ་ཚོར་གལ་འགངས་ཆེན་པོ་ཆགས་ཡོད། ཐེངས་འདི་ནི་ལོ་ངོ་བརྒྱད་རྗེས་ཀྱི་ཆིབས་བསྒྱུར་དང་པོ་ཆགས་ཡོད། ཕྱི་ལོ་ ༡༩༨༣ དང་ ༡༩༩༣། ༢༠༠༣ དང་ ༢༠༠༩ བཅས་སུ་ཁོང་ས་ཁུལ་དེར་ཕེབས་ཡོད།

རྩོམ་པ་པོ་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྒྱ་ནག་ལ་མོན་རྟ་དབང་ནང་ཇུས་གཏོགས་ཡོད་པ་མ་རེད། ༡༩༡༤ ལོར་གྲོས་ཆོད་བཞག་པའི་མག་མ་ཧོན་ (McMahon Treaty) ས་ཐིག་ནང་མོན་རྟ་དབང་ཧྲིལ་བོ་རྒྱ་གར་གྱི་མངའ་ཁོངས་ཡིན་པ་གསལ་ཡོད་པ་རེད། ཅེས་དང་། ཉེ་ཆར་ནས་རྒྱ་ནག་གིས་ངོ་ལོ་ ༢༠༠ ཟིན་པའི་མག་མ་ཧོན་ས་ཐིག་ངོས་ལེན་བྱེད་ཀྱི་མི་འདུག ཁོ་ཚོས་མོན་རྟ་དབང་སྐོར་ལ་གང་ཡང་མི་ཤེས་སྟབས་ཁོ་ཚོར་ས་ཁུལ་དེར་ཇུས་གཏོགས་ཡོད་པ་མ་རེད། ཅེས་བརྗོད་འདུག

འགུལ་བ་བློ་བཟང་དབང་རྒྱལ་ལགས་ཀྱིས་འདི་ནི་རྒྱ་ནག་གིས་རྒྱ་གར་གྱི་ཤུགས་རྐྱེན་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆེས་མཐོང་ལ་སྣང་ཆུང་བྱས་པ་ཐེངས་གསུམ་པ་དེ་རེད། རྒྱ་གར་གྱི་སྟོབས་ཤུགས་འཕེལ་བཞིན་པ་དེས་རྒྱ་གར་ནི་རྒྱ་ནག་གི་འཇིགས་སྐུལ་འོག་མི་ཞུམ་པའི་རྣམ་འགྱུར་ཞིག་སྟོན་གྱི་ཡོད་པ་རེད། ཅེས་བརྗོད་འདུག

དྷ་རམ་ས་ལའི་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༧གོང་ས་མཆོག་འཆར་ཟླ་ ༤ ཚེས་ ༡ ནས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྷོ་བ་ཧ་ཊེ་ (Guwahati) ནང་བཀའ་སློབ་བསྩལ་རྒྱུ་དང་། ཨ་རུ་ན་ཅལ་གྱི་ས་གནས་ཁག་ ༥ ནང་གསུང་ཆོས་བསྩལ་རྒྱུ་ཡིན་སྐོར་བརྗོད་འདུག དགའ་ལྡན་ཕོ་བྲང་གི་མཛད་འཆར་གསལ་བསྒྲགས་ནང་། འཆར་ཟླ་ ༤ ཚེས་ ༤ ཉིན་ན་རུ་ན་ཅལ་གྱི་ལུམ་ལ་ (Lumla) དང་། ཚེས་ ༥ ནས་ ༧ བར་རྟ་དབང་ (Tawang)། ཚེས་ ༡༠ ཉིན་ཌེ་རང་ (Dirang)། ཚེས་ ༡༡ ཉིན་བྷམ་ཌེལ་ལ་ (Bomdilla) དང་ཚེས་ ༡༢ ཉིན་ཨེ་ཊ་ན་གྷར་ (Itanagar) བཅས་ཀྱི་ནང་གསུང་ཆོས་བསྩལ་རྒྱུ་ཡིན་སྐོར་བཀོད་འདུག

རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་བཞིན་པའི་སྐབས་འདིར། ཁོང་གིས་བདུན་ཕྲག་རེ་རེར་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་མི་མང་ཁོང་ལ་མཇལ་བཅར་དུ་ཡོང་གི་ཡོད་པ་དང་། རྒྱ་རིགས་ཚོས་ཁོང་ལ་དུས་ནམ་ཡང་ཁོང་ཚོ་སྐྱབས་འོག་ནས་མི་བརྗེད་པའི་སྐྱབས་འཇུག་ཞུ་བཞིན་ཡོད་སྐོར་གསུངས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གལ་ཏེ་རྒྱ་ནག་གཞུང་གིས་སྲིད་ཇུས་ལ་བཅོས་སྒྱུར་བཏང་བ་ཡིན་ན། ཁོང་ལ་དཀའ་རྙོག་ཅི་ཡང་མེད་པར་ཕྱིར་ཕེབས་རྒྱུར་གྲ་སྒྲིག་ཡོད་སྐོར་གསལ་བོར་གསུངས་ཡོད།

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གསུངས་དོན། “མི་ཚང་མས་མཁྱེན་གསལ་ལྟར། རྒྱ་ནག་གི་དཔོན་རིགས་ཚོ་སྲིད་དབང་སྒེར་གཅོད་རིང་ལུགས་པ་རེད། སྐམ་ས་ཆེན་མོའི་མི་མང་མ་ཡིན་པར། རྒྱ་ནག་གི་ཆབ་སྲིད་ཤོག་གི་དཔོན་རིགས་ཚོས་ངོས་རང་དཀའ་རྙོག་བཟོ་མཁན་ཞིག་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད། བདུན་ཕྲག་གཉིས་གསུམ་ནང་རྒྱུན་མི་ཆད་པར་རྒྱ་རིགས་མང་པོ་ངོས་རང་ལ་མཇལ་བཅར་དུ་ཡོང་བཞིན་ཡོད” ཅེས་གསུངས་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་བསྡུ་སྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༣/༢༦

Leave a Reply

One thought on “ཨ་རུ་ན་ཅལ་ནང་རྒྱ་ནག་ལ་ཇུས་གཏོགས་མེད་ཟེར།

  1. ༄།། རྒྱ་གར་གྱི་སྲིད་བློན་རིམ་པས་བོད་འདི་རྒྱ་མིའི་ཆ་ཤས་ཤིག་རེད་ཞེས་ལབ་ཡོད་པ་རེད་ གལ་སྲིད་དེ་འདྲ་ཡིན་ན་ཨ་རུ་ན་ཅལ་མངའ་སྡེ་འདི་བཞིན་བོད་ཀྱི་མངའ་འོག་ཡིན་ཙང་རྒྱ་ནག་ལ་བདག་གི་རེད་ འདི་ཡང་མ་ཚད་ཏཱ་ལའི་བླ་མ་གཙོས་བོད་མི་ཚང་མ་རྒྱ་མིའི་ཆ་ཤས་རེད༏།