༧གོང་ས་མཆོག་ལ་རྒྱ་གར་གྱི་སྲིད་འཛིན་དམ་པ་ཨབ་དྷུལ་ཀཱ་ལམ་མཆོག་གི་རྗེས་དྲན་གཟེངས་རྟགས་ཐོག་མ་འབུལ་སྐབས་དམ་པ་ཁོང་གི་རླབས་ཆེན་གྱི་མཛད་པ་མུ་མཐུད་ནས་མཇུག་སྐྱོང་ཐུབ་པར་རྗེས་འཇུག་པ་རྣམས་ཀྱིས་སེམས་ཤུགས་བསྐྱེད་དགོས་སྐོར་གསུངས་འདུག
ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ཎཱ་ཌོ་(Tamil Nadu)ཡི་གྲོང་ཁྱེར་ཆིན་ནཱ་ཡེ་(Chennai)ནང་ཡོད་པའི་ཆིན་ནཱ་ཡེ་ཚོང་ལས་བསྟི་གནས་ཁང་དུ། རྒྱ་གར་གྱི་སྲིད་འཛིན་དམ་པ་ཨབ་དྷུལ་ཀཱ་ལམ་ (Dr. A P J Abdul Kalam )མཆོག་གི་རྒྱ་གར་འཕེལ་རྒྱས་གཏོང་བའི་འཆར་སྣང་ལས་འགུལ་ཚོགས་པ་(Abdul Kalam Vision India Movement) དང་། མཱ་རྡ་ར་སི་འཛིན་སྐྱོང་ཚོགས་པ་ (Madras Management Association ) གཉིས་ཀྱི་གོ་སྒྲིག་འོག སྲིད་འཛིན་དམ་མཆོག་གི་རྗེས་དྲན་གཟེངས་རྟགས་(Abdul Kalam Seva Ratna awards)འབུལ་བཞེས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་༧གོང་ས་མཆོག་ལ་སྲིད་འཛིན་དམ་པ་མཆོག་གི་རྗེས་དྲན་གཟེངས་རྟགས་ཐོག་མ་དེ་འབུལ་བཞེས་གནང་ཡོད་པ་མ་ཟད། མགོན་པོ་གང་ཉིད་ཀྱིས་ཚོགས་པ་དེའི་ཚབ་གནང་སྟེ། རྒྱ་གར་ནང་ཤིང་སྣ་འདེབས་འཛུགས་དང་སྨྱོས་རྫས་ངན་གོམས་འགོག་ཐབས། དེ་བཞིན། འཐུང་ཆུ་གཙང་མ་མཁོ་སྤྲོད་དང་ལྗང་མདོག་འཛུགས་སྐྲུན་སོགས་ཀྱི་ཐོག་བྱས་རྗེས་འཇོག་མཁན་གྱི་མི་སྒེར་དང་ཚོགས་པ་ཁག་ ༢༠ ཙམ་ལ་རྗེས་དྲན་གཟེངས་རྟགས་དེ་བསྩལ་ཡོད་འདུག ཐེངས་འདིའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག ༧གོང་ས་མཆོག་གི་དབུས་རྒྱ་གར་གྱི་འོས་བསྡུ་ལྷན་ཁང་གི་འགན་འཛིན་ཟུར་པ་སྐུ་ཞབས་ཊི་སི་ཀི་རི་ཤི་ནཱ་མོར་ཊིའི་(TS Krishnamurthy) མཆོག་དང་སྲིད་འཛིན་དམ་པ་མཆོག་གི་སློབ་སྟོན་པ་སྐུ་ཞབས་ཝི་ཕོ་ནཱར་ཇི་(V.Ponarj)སོགས་གནད་ཡོད་མི་སྣ་དང་སློབ་ཕྲུག དེ་བཞིན་མི་མང་བཅས་འཛོམས་ཡོད་པ་དང་། མཱ་རྡ་ར་སི་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊི་ཤི་ཝཱ་རཱ་མན་ (Mr T Shivaraman )ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས། ༸གོང་ས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་དགོས་དོན་ནི་རླབས་ཆེན་དབུ་ཁྲིད་གཅིག་གིས་རླབས་ཆེན་དབུ་ཁྲིད་གཞན་ཞིག་ལ་ཆེ་བསྟོད་གནང་ཆེད་ཡིན་ཞེས་གསུངས་ཡོད་འདུག
མཛད་སྒོའི་ཐོག་༸གོང་ས་མཆོག་གིས་སྲིད་འཛིན་དམ་པ་ཁོང་གི་རླབས་ཆེན་གྱི་མཛད་པ་མུ་མཐུད་མཇུག་སྐྱོང་རྒྱུར་སེམས་ཤུགས་བསྐྱེད་དགོས་སྐོར་བཀའ་སློབ་གནང་དོན། དངོས་གནས་དྲང་གནས་འཛམ་གླིང་འདིའི་སྒང་རྣམ་དཔྱོད་ལྡན་པའི་སྐྱེ་བུ་མང་པོ་ཐོན་སའི་ཡུལ་འདིའི་ཉེ་བའི་དུས་རབས་ཀྱི་སྐྱེས་བུ་དམ་པ་ཨབ་དྷུལ་ཀཱ་ལམ་དམ་པ་ཁོང་ཉིད་འཚོ་ཞིང་གཞེས་པའི་རིང་། དངོས་གནས་དྲང་གནས་མི་མང་གི་བདེ་རྩ་ཁ་ཡོད་ལག་ཡོད་ཀྱི་སྒང་ལ་དགོངས་པ་བཞེས་གནང་བ་དང་། དེ་འདྲའི་ལམ་སྟོན་གསལ་པོ་ཞིག་ཡོད་པ་དེ་ཁོང་འདས་ཟིན་པའི་རྗེས་ལ་ཁོང་ལ་མངོན་པར་བསྟོད་ནས་ཁོང་གི་མཛད་པར་རྗེས་སུ་ཡི་རང་བྱེད་མཁན་ཁྱེད་རང་ཚོས། ཁོང་གི་རླབས་ཆེ་བའི་མཛད་པ་དེ་མུ་མཐུད་དུ་སྐྱོང་རྒྱུའི་སེམས་ཤུགས་བསྐྱེད་དེ། དེ་འདྲའི་ལྷག་བསམ་ལྡན་པའི་བྱས་རྗེས་ཅན་གྱིས་དཀའ་ལས་བརྒྱབ་པ་དེར་ངོས་འཛིན་གསལ་པོའི་ཐོག་ནས་རྗེས་སུ་ཡི་རང་དང་། བསྔགས་བརྗོད་དང་འབྲེལ་བའི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུའི་ལས་འགུལ་ཞིག་དེ་རིང་ནས་མགོ་འཛུགས་བྱས་ཡོད། དེ་རིང་ངོས་ཀྱིས་མགོ་འཛུགས་བྱ་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་ཞེས་ཞུ་རྒྱུ་ཡིན། སྤྱིར་དམ་པ་ཁོང་འདས་ཟིན་ནའང་ང་ཚོས་དམ་པ་ཁོང་གི་སྙིང་སྟོབས་ལ་ཡི་རང་ཞུས་ཐོག་རྗེས་དྲན་ཞུ་བཞིན་ཡོད། ཞེས་དང་།
ཕྱི་དངོས་པོའི་ཡར་རྒྱས་ཀྱིས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་ཀྱི་མེད་པས། དུས་ཉེར་གཅིག་པའི་གཞོན་སྐྱེས་ཚོས་འཛམ་གླིང་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཞི་བདེ་བསྐྲུབ་ཐབས་དགོས་པའི་སྐོར་ལ་ཁོང་གིས། ངོས་རང་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱང་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་ཆེན་ཐོག་རྒྱ་གར་དུ་སླེབ་སྐབས་ངོས་ཀྱིས་མཱ་རྡ་ར་སི་མཐོང་མྱོང་ཡོད། སྐབས་དེར་གྲོང་ཁྱེར་འདིའི་ཕྱིའི་བཀོད་པར་འཛུགས་སྐྲུན་ཤུགས་ཆེ་འགྲོ་བཞིན་པའི་སྐབས་ཤིག་རེད་འདུག་སྙམ་བྱུང་། དེར་བརྟེན་ངོས་ལ་གྲོང་ཁྱེར་འདིར་རྒྱུས་མངའ་ཡོད། ཕྱི་དངོས་པོའི་འཛུགས་སྐྲུན་ཟེར་བ་དེ་འཛམ་གླིང་སྤྱིའི་འགྲོ་སྟངས་ལྟ་བུ་ཆགས་ཡོད། གལ་ཆེ་ཤོས་དེ་ནང་སེམས་རྒྱུད་ལ་བདེ་སྐྱིད་སྐྲུན་ཐུབ་པ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གཞན་ཁང་པ་ཆེ་ཐག་ཆོད་ཡོད་ནའང་བསམ་བློའི་ནང་དངངས་སྐྲག་དང་སེམས་ངལ་གྱིས་ཁེངས་ ནས་སྡོད་དགོས་བྱུང་ཚེ་སྐྱིད་པོ་གང་ཡང་མེད། ཕྱིའི་མཐུན་རྐྱེན་རྐྱང་པས་སེམས་ནང་བདེ་སྐྱིད་བསྐྲུན་མི་ཐུབ། དུས་རབས་ ༢༠ འདི་ངོས་ཀྱི་མི་ཐོག་གི་དུས་རབས་ཤིག་ཆགས་ཡོད། དུས་ཚོད་དེ་རྫོགས་ཟིན་པ་རེད། དུས་རབས་ ༢༠ ནང་ཁོར་ཡུག་གཏོར་བཤིག་གི་མཚོན་པས་དཀའ་ངལ་མང་པོ་ཞིག་བཟོས་ཡོད། དེར་བརྟེན་དུས་རབས་ ༢༡ པའི་མི་རབས་ཁྱེད་རང་ཚོར་དཀའ་ངལ་དེ་དག་སེལ་རྒྱུའི་ལས་འགན་སྤྲད་ཡོད། འོན་ཀྱང་ངོས་ཀྱིས་བསམ་པར་གལ་ཏེ་ང་ཚོས་ད་ལྟ་ཉིད་ནས་དཀའ་ངལ་དེ་དག་སེལ་རྒྱུར་འབད་བརྩོན་བྱས་ཚེ། དུས་རབས་འདིའི་མཇུག་གམ་ཡང་ན་ཁྱེད་རང་ཚོའི་མི་ཚེ་འདིའི་ནང་འཛམ་གླིང་འདི་ཞི་བདེ་དང་། མཐུན་སྒྲིལ། བྱམས་བརྩེ་ལྡན་པ་ཞིག་བསྐྲུན་ཐུབ་ཀྱི་རེད། ང་ཚོ་ཚང་མ་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་འགྲོ་བ་མིའི་འདུ་ཤེས་འཛིན་མཁན་གཅིག་གྱུར་ཆགས་ཡོད། ང་ཚོ་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད། འོན་ཀྱང་ང་ཚོར་རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་ང་ཚོ་དང་ཁོང་ཚོ་ཞེས་ཕན་ཚུན་དབྱེ་བ་འབྱེད་བཞིན་ཡོད་པར་བརྟེན་རྙོག་གྲ་ཡོང་བཞིན་ཡོད། དེང་སྐབས་གོ་ལའི་ཁོར་ཡུག་གི་དཀའ་ངལ་འཛམ་གླིང་ཚང་མས་མྱོང་དགོས་སྟབས། དེས་ང་ཚོར་གོ་ལ་འདི་ཁོ་ན་ང་ཚོའི་སྡོད་ཁང་ཡིན་པ་ལས་གཞན་མེད་པའི་བརྡ་ལན་ཞིག་སྤྲོད་ བཞིན་ཡོད། ཅེས་དང་།
འཕྲུལ་ཆས་ཡར་རྒྱས་ཀྱིས་འཛམ་གླིང་ས་ཕྱོགས་ཕན་ཚུན་ཧ་ཅང་ཐག་ཉེ་པོ་བཟོས་ཡོད། དེ་བཞིན་གོ་ལའི་དཔལ་འབྱོར་གྱི་གནས་སྟངས་ལ་གཞིགས་སྐབས་ཀྱང་ང་ཚོ་ཕན་ཚུན་གཅིག་ལ་གཅིག་མ་བརྟེན་པར་འཚོ་ཐབས་བྲལ་བའི་གནས་སྟངས་ཤིག་ཡིན་པ་ར་སྤྲོད་གསལ་སྟོན་བྱེད་བཞིན་ཡོད། ང་ཚོ་འགྲོ་བ་མིའི་རིགས་ཚང་མ་ཁྱིམ་ཚང་གཅིག་ཆགས་ཡོད། ང་ཚོ་ཕན་ཚུན་དབར་ཆོས་དད་དང་། རིགས་རུས། ཐོབ་གོ་ས་སོགས་རིམ་པ་གཉིས་པའི་གནས་སྟངས་ཐོག་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་ ཀྱང་། རྒྱ་ཆེ་ས་ནས་བཤད་ན་གནད་དོན་དེ་དག་དེ་ཙམ་གལ་ཆེན་པོ་མ་རེད། ང་ཚོ་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྒྲུབ་རྒྱུའི་ཐོབ་ཐང་གཅིག་མཚུངས་སུ་ཡོད་པ་མ་ཟད། མི་ཚང་མ་སྤྱི་ཚོགས་ལ་བརྟེན་དགོས་པའི་སེམས་ཅན་ཞིག་ཆགས་ཡོད་སྟབས་ཕན་ཚུན་གཅིག་གི་གཅིག་ལ་བརྟེན་དགོས་ཀྱི་ཡོད། དེང་སྐབས་ཚན་རིག་པ་མང་པོ་ཞིག་གིས་ནང་སེམས་རྒྱུད་དང་འབྲེལ་བའི་གནས་སྟངས་ལ་ཧ་ཅང་དོ་སྣང་བྱེད་བཞིན་ཡོད། དེ་གལ་ཆེར་ངོས་འཛིན་བྱེད་བཞིན་ཡོད་སྟབས། བཟང་པོའི་བློ་དེ་དག་གོང་ཏུ་བཏང་ནས་བློ་ངན་པ་དེ་དག་ཇེ་ཉུང་དུ་གཏོང་ཐབས་བྱེད་བཞིན་འདུག་པ་མ་ཟད། གཞི་རྩའི་འགྲོ་བ་མིའི་རང་གཤིས་དེ་བྱམས་བརྩེའི་རང་བཞིན་ཡིན་པ་བརྟག་དཔྱད་ཀྱི་ ལམ་ནས་ར་སྤྲོད་བྱུང་ཡོད། དེར་བརྟེན་བཟང་ཕྱོགས་ཀྱི་རེ་བ་རྒྱག་ས་ཞིག་ཡོད། གཞི་རྩ་དེ་ལ་བཞག་ནས་ང་ཚོས་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཐུབ་པས། ངོས་ཀྱིས་གཞོན་སྐྱེས་ཚོར་སློབ་གསོ་རྒྱག་རྒྱུ་གང་ཡིན་བརྗོད་ན། ཁྱེད་ཚོས་ངེས་པར་དུ་གནས་ཚུལ་འདི་དག་ཐོག་བསམ་བློ་གཏོང་དགོས། རེ་བ་བརླག་པ་དང་ཡིད་ཐང་ཆད་པ་སོགས་བྱེད་རྒྱུ་མེད། ད་འགྲིག་བསྡད་ཡོད་བསམས་ནས་སྡོད་རྒྱུ་མེད། དཀའ་ངལ་དེ་དག་ང་ཚོས་སེལ་ཐུབ། ཅེས་བཀའ་སློབ་ལམ་སྟོན་བསྩལ་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ནས་བསྡུ་སྒྲིག་བྱས།