རྒྱ་ནག་བྱང་ཀོ་རི་ཡའི་སྟེང་ཇེ་མཁྲེགས་སུ་ཕྱིན།

དེ་རིང་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་ཕྱི་སྲིད་བློན་ཆེན་བཱང་ཡེ་(Wang Yi)གྷི་རེ་སིའི་རྒྱལ་ས་ཨ་ཐན་དུ་རྒྱལ་སྤྱིའི་གནའ་རྫས་ཚོང་འབྲེལ་ཚོགས་འདུ་ཞིག་ཏུ་སྐྱོད་སྐབས་གསར་འགོད་པའི་དྲི་བའི་ལན་དུ། “རྒྱ་ནག་གི་ཕྱོགས་ནས་ལྷོ་བྱང་ཀོ་རི་ཡའི་ཞི་བདེ་བརྟན་བརླིང་ཆེད་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་རྩ་འགོག་བྱེད་པར་རེ་བ་ཡོད” ཅེས་བརྗོད་འདུག

དེ་སྔ་ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་རྒྱ་ནག་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞིར་ཚོད་འཛིན་བྱེད་དགོས་པ་ནན་སྐུལ་བྱས་ཡོད་ལ། ཉེ་ལམ་སྲིད་འཛིན་གཞོན་པ་སྐུ་ཞབས་མཱེ་ཀི་ཕེན་སི་ལྷོ་བྱང་ཀོ་རི་ཡའི་ས་མཚས་སུ་སྐྱོད་སྐབས་ཀྱང་། ཨོ་བྷ་མའི་སྐབས་སུ་བྱང་ཀོ་རི་ཡར་བཟོད་བསྲན་སྲིད་བྱུས་བཟུང་བ་ད་ཆར་མཚམས་འཇོག་བྱས་ཡོད་པ་དང་། ད་ཆར་འདམ་ག་ཡོངས་རྫོགས་བྱང་ཀོ་རིའི་ཡའི་ཅོག་ཙེ་ཐོག་ཡོད་སྐོར་སོགས་བརྗོད་དེ། བྱང་ཀོ་རི་ཡར་ཉེན་བརྡ་བཏང་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བྱང་ཀོ་རི་ཡི་དབུ་ཁྲིད་ཀེམ་ཨིལ་སོན་འདས་གྲོངས་སུ་ཕྱིན་ཏེ་ལོ་ ༡༠༥ འཁོར་བའི་དུས་དྲན་དང་བསྟུན་ཏེ། བྱང་ཀོ་རི་ཡིས་དམག་ཤུགས་ངོམ་སྟེ་སྔར་མཐོང་མ་མྱོང་བའི་མེ་ཤུགས་འཕུར་མདའ་སྣ་ཚོགས་རྔམ་སྟོན་བྱས་ཡོད་པ་མ་ཟད། ཨ་རི་སོགས་རྒྱལ་ཁབ་སུས་ཀྱང་བྱང་ཀོ་རི་ཡར་འཇིགས་སྣང་སྐུལ་ཚེ་རང་འགར་འཇོག་རྒྱུ་མིན་པའི་རྣམ་འགྱུར་བསྟན་ཡོད་པ་རེད།
རྒྱ་ནག་གིས་ཨ་རི་དང་མཉམ་འབྲེལ་ཐོག་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གཞི་བཀག་སྡོམ་བྱེད་རྒྱུ་ཡིན་སྐོར་གཞུང་འབྲེལ་གསལ་བསྒྲགས་རིགས་བྱས་མེད་ཀྱང་། བྱང་ཀོ་རི་ཡས་དམག་ཤུགས་ངོམ་རྗེས་ཚེས་ ༢༡ ཉིན་རྒྱ་ནག་གིས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་མཁའ་དམག་གནམ་གྲུ་ཞིག་བཏང་ཡོད།

ཨ་རིའི་བདེ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གིས་བྱང་ཀོ་རི་ཡའི་ནང་གི་ཚབས་ཆེའི་གནད་དོན་ཐོག་བརྡ་ལན་སྤྲོད་ཀྱིན་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ཀྱང་སྲིད་འཛིན་ཊི་རུམ་ཕིས་བྱང་ཀོ་རི་ཡའི་ཐོག་འཛིན་པའི་སྲིད་བྱུས་ཐོག ད་ཆར་རྒྱ་ནག་གིས་ཀྱང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་སྐོར་སི་ཨན་ཨན་གསར་ཁང་ལ་བརྗོད།

བརྒྱུད་ལམ་རེ་ཟུང་ཐོག་རྒྱ་ནག་གིས་ཨ་རིར་དཔུང་རོགས་བྱེད་ཀྱི་མེད་པ་མ་ཟད། ཨ་རིའི་གཞུང་འབྲེལ་གསལ་བསྒྲགས་དེ་དག་བདེན་པ་མིན་སྐོར་རྒྱ་ནག་བདེ་འཇགས་ལྷན་ཁང་གིས་བརྗོད་ཡོད།

ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་གསར་ཤོས་ནི། རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས། རྒྱ་ནག་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་ཚོད་ལྟའི་ལས་གཞིར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་། ཨ་རིའི་ཕྱོགས་ནས་ཀྱང་བྱང་ཀོ་རི་ཡའི་ཐོག་འཛིན་པའི་སྲིད་ཇུས་ལྷོད་ཡངས་སུ་གཏོང་དགོས། ཅེས་བསྒྲགས་ཡོད།

ཕྱི་ཆེས་ ༢༢ ཉིན་ཨ་རིའི་སྲིད་འཛིན་གཞོན་པ་མཱེ་ཀི་ཕིན་སི་ལགས་ཨོ་སི་ཊི་ལེ་ཡ་(Australia)གཟིགས་སྐོར་དུ་སྐྱོད་སྐབས། ཨོ་སི་ཊོ་ལེ་ཡའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ལྗོ་ལེ་བྷི་ཤོ་ཕུ་ (Julie Bishop)ལགས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་དེས་ཨོ་སི་ཊོ་ལེ་ཡའི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་སྐོར་བརྗོད་པ་དེར། བྱང་ཀོ་རི་ཡས་ “གལ་སྲིད་ཨོ་སི་ཊོ་ལེ་ཡས་ཨ་རི་དང་མཉམ་འབྲེལ་བྱས་ཏེ་བྱང་ཀོ་རི་ཡ་ཁེར་རྐྱང་དུ་འཕུད་འདོད་ཡོད་ཚེ། དེ་ནི་རང་ཤི་རྒྱག་བསམ་པ་རེད་ཅེས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ་སོགས་ལ་ཉེན་བརྡ་བཏང་ཡོད།
ཁ་སང་ལྷོ་ཀོ་རི་ཡའི་ཡཱོ་ཧ་ཕུ་གསར་ཁང་གིས། བྱང་ཀོ་རི་ཡའི་ནང་གི་ཨ་རིའི་མི་སེར་ཞིག་ཉེ་ལམ་རང་ཡུལ་དུ་ལོག་སྐབས་བྱང་ཀོ་རི་ཡའི་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ཁོ་ཚོས་ད་བར་ཨ་རིའི་མི་སེར་ ༣ འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཨ་རིར་ཡོད་པའི་བྱང་ཀོ་རི་ཡའི་སྐྱབས་བཅོལ་བ་ཨན་ཆན་ཨིལ་ (Ahn Chan-il)ལགས་ཀྱིས་བརྗོད་དོན། ད་ལྟའི་དུས་འདིར་བྱང་ཀོ་རི་ཡར་མཚོན་ན། ཨ་རིའི་མི་སེར་གཏའ་མར་ཉར་རྒྱུ་དེ་གལ་ཆེ་ཤོས་སུ་འཛིན་བཞིན་ཡོད། རྒྱུ་མཚན་ནི།  ཁོ་ཚོའི་བསམ་པར། ཨ་རིས་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོ་ཨན་གྱི་མགོ་གཅོད་སྲིད་པར་ཞེད་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད།

བསྐྱར་བཅོས།: ༢༠༡༧/༠༤/༢༥

Leave a Reply