ཆ་རྐྱེན་ཡོད་དུས།

རྒྱ་ནག་གིས་བོད་ནང་གི་དཀའ་རྙོག་དེ་དྲང་བདེན་གྱི་ཐོག་ནས་ཐག་གཅོད་བྱེད་དགོས། བཙན་བྱོལ་སྤྱི་ཚོགས་ལ་སྐད་ཆ་མ་བཤད་པའི་གོང་དུ་གཞིས་ལུས་མི་དམངས་ཀྱི་སྐད་ཆར་ ཉན་རོགས། ཁོང་ཚོ་ནི་བོད་ཀྱི་མ་འོངས་པའི་དོན་གྱི་བདག་པོ་ཡིན། ང་ཚོས་ནམ་རྒྱུན་འདི་ལྟར་བཤད་ཤེས་སྟབས་འདི་ཆ་རྐྱེན་ལའང་འདོན་ཤེས་དགོས་པར་ འདུག

ད་སྐབས་པེ་ཅིན་དང་ངྷ་སའི་བར་དུ་ཞི་མོལ་གྱི་གྲོས་རིམ་ཞིག་གླེང་སྐབས། བོད་མི་སུ་ལའང་ཡིད་ཆེས་སྐྱེས་མེད། ཡིན་ནའང་བོད་མི་ཚོས་ད་བར་དུ་སྒུག་་ནི་ཞི་བའི་གྲོས་མོལ་ཡིན་སྟབས། རྒྱ་ནག་གཞུང་དང་མཉམ་དུ་སྐད་ཆ་མི་བཤད་ཅེས་པ་ནི་གནས་སྟངས་དང་རྒྱལ་སྲིད་ཀྱི་ལུགས་ནས་བཤད་ནའང་ནོར་འཁྲུལ་ཡིན་སྟབས་ང་ཚོས་གྲོས་མགོ་འདི་ངེས་པར་དང་ལེན་བྱེད་འོས། འོན་ཀྱང་། སྐབས་རེར་ཆ་རྐྱེན་དངོས་གནས་ཡོད་སྐབས་ཆ་རྐྱེན་ཅི་ཡང་མི་འདོན་པར་གྲོས་ལ་ཞུགས་སྲོལ་མེད་ལ། ང་ཚོར་ཡང་ད་སྐབས་སྔོན་འགྲོའི་ཆ་རྐྱེན་ཡོད་སྐབས་ངེས་པར་དུ་འདོན་དགོས་པར་འདུག དེ་བཞིན་མང་ཚོགས་ཀྱི་སེམས་ཚོར་ལ་ཉན་རྒྱུ་ནི་ད་ལྟའི་ང་ཚོར་མཚོན་ན་གནད་ཆེ་ཤོས་དེ་ཡིན།
གལ་སྲིད་པེ་ཅིན་དང་ངྷ་ས་གཉིས་ཀྱིས་བོད་ནང་གི་དཀའ་ངལ་སེལ་ཕྱོགས་ཀྱི་གྲོས་མོལ་བྱེད་རྒྱུ་ཡིན་ཚེ།འདིའི་ཐོག་མའི་ཆ་རྐྱེན་ནི་རྒྱ་ནག་གིས་གཞིས་ལུས་བོད་མི་ཚོའི་གཞི་རྩའི་རང་དབང་མཐའ་དག་ལ་བརྩི་བཀུར་བྱེད་དགོས་ལ། པན་ཆེན་ཆུང་སྲིད་མཆོག་གིས་གཙོས་པའི་སྲིད་དོན་བཙོན་པ་དག་ཨོ་ལིམ་པིག་མ་ཚུགས་པའི་སྔོན་དུ་གློད་དགོས། འདི་ནི་རྒྱ་ནག་ལ་མཚོན་ན་རྩེད་འགྲན་འདི་ཡག་ས་ནས་ཚུགས་རྒྱུའི་གོ་སྐབས་དང་པོ་དེ་ཡིན། དེ་བཞིན་དུ་པེ་ཅིན་གྱིས་བོད་ཕྱི་ནང་གཉིས་ཀར་བཟུང་བའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་ལམ་སེང་ནོར་བཅོས་བྱེད་དགོས། ཆ་རྐྱེན་འདི་དག་གི་འོག་ནས་ད་གཟོད་བཙན་བྱོལ་བོད་གཞུང་གིས་པེ་ཅིན་གྱི་མགོ་ཁྲིད་ཚོ་དང་མཉམ་དུ་ད་ལྟའི་བོད་ནང་གི་སྤྱི་ཚོགས་ཞི་འཇམ་ཡོང་བར་ཐབས་ལམ་ཅི་འཚལ་གྲོས་མོལ་བྱེད་ཆོག་པར་འདོད་ལ། བོད་མི་རིགས་དང་བོད་དོན་རྒྱབ་སྐྱོར་བ་དག་གིས་ཀྱང་ཆ་རྐྱེན་འདི་དག་པེ་ཅིན་དང་ངྷ་ས་གཉིས་ཀར་འདོན་དགོས་པར་འདོད་དོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply