སི་ཁྲོན་ས་ཡོམ།

 

བདུན་ཕྲག་གཅིག་རིང་གི་རྒྱ་ནག་དམངས་གཙོ།

གལ་སྲིད་རྒྱ་ནག་གི་དམངས་གཙོ་ལ་རེ་ལྟོས་བྱེད་མཁན་ཞིག་ཡིན་ཚེ། སི་ཁྲོན་ས་ཡོམ་གྱི་སྐབས་འདིར་ལོ་ངོ་ ༦༠ ཙམ་རིང་གི་པེ་ཅིན་གྱི་དམར་ཤོག་སྲིད་གཞུང་དེའང་འགྱེལ་སོང་བའི་སྣང་བ་བྱིན་ཡོད་སྲིད། ལར་ནས་དམངས་གཙོའི་རྒྱལ་ཁབ་ཅིག་ལའང་འདི་ལས་ལྷག་པའི་ཁྱད་ཆོས་ཤིག་སྟོན་རྒྱུ་ཡོད་དམ།
ད་ལོ་བོད་ནང་ཡར་ལངས་བྱུང་སྐབས། ངའི་འཁང་ར་ཆེ་ཤོས་ཤིག་ནི་རྒྱ་ནག་གི་དཔོན་རིགས་མཐོན་པོ་ཞིག་གཞི་རིམ་མང་ཚོགས་ཀྱི་ཁྲོད་ཕེབས་ནས་ཡར་ལངས་བྱེད་མཁན་བོད་མི་ཚོའི་བསམ་ཚུལ་ལ་རྒྱུས་ལོན་མ་བྱས་པ་དེ་ཡིན། འདིའི་སྐོར་དུས་བབ་གསར་ཤོག་འདོན་ཐེངས་ ༤༡༠ ཡི་རྩོམ་སྒྲིག་པའི་གཏམ་གྱི་ནང་དུ་བཀོད་ཡོད། ཡིན་ནའང་། ཉིན་ཤས་རིང་སི་ཁྲོན་ལ་ས་ཡོམ་སླེབས་སྐབས། ཝུན་ཇ་ོཔའོ་འཕུར་ཐེངས་ཤིག་གིས་ས་ཡོམ་རྒྱག་སའི་ས་ཐོག་ལ་བབས་ཤིང་། ངུ་སྐད་ཁྲོ་ལོ་ལོ་མང་ཚོགས་ཀྱི་ཁྲོད་དུ་ཞུགས་སོང་ལ། ཁྱེད་ཅག་གི་སྡུག་བསྔལ་དེ་ང་ལ་ལྷག་པར་དུ་ལྗིད་རབས་བཤད། ཏང་ཀྲུང་དབྱང་གི་ལས་དོན་མཐའ་དག་གི་ཐོག་མ་ནི་མི་དམངས་སྐྱོབ་རྒྱུ་དེ་ཡིན་ཟེར། འདི་ལྟར་སྲིད་བློན་ཝུན་ཇ་པའོ་ཡིས་རྒྱ་ནག་དམར་ཤོག་གཞུང་འདི་ནི་གུང་ཁྲན་ཏང་གིས་མི་དམངས་ཀྱི་ཆེད་དུ་བཙུགས་པའི་མི་དམངས་ཀྱི་གཞུང་ཞིག་ཡིན་པའི་རྣམ་པ་བསྟན་ཞིང་། ཁོང་མང་ཚོགས་ཀྱི་ཁྲོད་སླེབས་སྟངས་འདི་ནི་དམངས་གཙོའི་རྒྱལ་ཁབ་གཞན་གྱི་མགོ་ཁྲིད་དང་བསྡུར་ན་ཁྱད་པར་ཅི་ཡང་མེད། ཉིན་ཤས་རྗེས་སུ་སྲིད་འཛིན་ཧུའུ་ཅིན་ཐའོ་ཡང་པེ་ཅིན་ནས་སི་ཁྲོན་དུ་སླེབས་ཤིང་། མི་དམངས་ཀྱི་སྡུག་བསྔལ་འདི་ཁོའི་སྡུག་བསྔལ་ཡིན་ཚུལ་སོགས་གོང་གི་ཝུན་ཇ་པའོ་ཡི་གླུ་ཚིག་དེ་གདངས་གཅིག་མཚུངས་ཀྱི་ཐོག་ནས་བསྐྱར་དུ་བླངས། སྐད་ཆ་བཤད་སྟངས་འདི་ནི་ཐོག་མར་ཨ་རིའི་སྲིད་འཛིན་ཟུར་པ་ཁི་ལིན་ཊོན་གྱི་ཁ་ནས་སྐད་གྲགས་ཆགས་པར་བཤད་སྲོལ་འདུག གང་ལྟར་རྒྱ་ནག་གི་དཔོན་རིགས་ཚོས་ཀྱང་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་གི་དབུ་ཁྲིད་ཚོས་བཤད་རྒྱུའི་སྐད་ཆ་བཤད་ཀྱིན་ཡོད་ལ། ལས་ཀའི་ངོ་བོའི་ཆ་ནས་ཀྱང་གཅིག་མཚུངས་ཀྱི་འགན་དེ་ཁྱེར་བར་བསྟན་ཡོད།
བདུན་ཕྲག་གཅིག་གི་རིང་རྒྱ་ནག་དམངས་གཙོར་གྱུར་བའི་རྟགས་མཚན་ནི་འདི་ཙམ་ཁོ་ན་མིན། གསར་འགོད་པས་གནས་ཚུལ་སྤྲོད་སྟངས་དང་། ས་གནས་མགོ་ཁྲིད་ཚོས་གསལ་བསྒྲགས་སྤེལ་སྟངས་ཚུན་ནས་མངོན་ཡོད། སི་ཁྲོན་བརྙན་འཕྲིན་ཁང་གི་གསར་འགོད་པ་དག་དང་། བྷི་བྷི་སི་ཡི་གསར་འགོད་པ་ཚོར་ཡང་ཉིན་འདིར་དབྱེ་ཁྱད་ཅི་ཡང་མེད། གནས་ཚུལ་ཅི་ཡོད་ཀྲུང་དབྱང་བརྙན་འཕྲིན་ཁང་མ་བརྒྱུད་པར་ཐད་ཀར་གཏོང་གི་ཡོད། གསར་འགོད་པ་འདི་དག་གིས་ཀྱང་དམངས་གཙོའི་ལུང་པའི་ནང་གི་རང་དབང་ལྡན་པའི་གསར་ཁང་ཞིག་གི་རྣམ་པ་ཐོན་ཡོད་ལ། གཞོན་སྐྱེས་གསར་འགོད་པ་དག་གི་གཡུག་དང་ངར་ཤུགས་ཀྱང་དམངས་གཙོའི་ལུང་པའི་གསར་འགོད་པ་ཚོ་དང་གཅིག་མཚུངས་ཡིན།
འདིའི་ཕན་གྱི་མངོན་རྟགས་ནི་མང་ཚོགས་ཀྱི་མཉམ་ཞུགས་ཡིན། ས་ཡོམ་རྒྱུགས་མ་ཐག་ཀྲུང་དབྱང་གིས་ས་ཡོམ་སྐོར་གྱི་གནས་ཚུལ་རིགས་དཀྲོག་གཏམ་དུ་སྤེལ་མི་ཆོག་པ་དང་། གསར་འགོད་པ་དག་ས་གནས་ས་ཐོག་ལ་གཏོང་གི་མིན་ཚུལ་བཤད་ཡོད་ཀྱང་། རྗེས་སོར་བཀའ་རྒྱ་དེ་ལག་ལེན་མ་བྱས་པར་ཕྱི་རྒྱལ་གྱི་གསར་འགོད་པའང་ས་ཡོམ་རྒྱུག་སར་རང་དབང་གིས་འགྲོ་རུ་བཅུག་ཡོད། དེའི་ཁར། ས་གནས་ས་ཐོག་གི་མི་དམངས་ཀྱིས་ས་ཡོམ་གྱི་གནས་ཚུལ་རིགས་པར་ཆས་དང་ཁ་པར་གྱི་ནང་དུ་བླངས་ནས་དྲ་རྒྱ་དང་པོད་ཁུག་གང་སར་སྤེལ། འདི་ལ་འགོག་མཁན་ཡང་མེད། འདི་དག་གི་ནང་དུ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་། མྱུར་སྐྱོབ་ཚོགས་པ་དུས་ཐོག་མ་སླེབས་པའི་ཐད་སྐྱོན་བརྗོད་བྱེད་མཁན་ཡང་ཡོད།
ལོ་འདིར་རྒྱ་ནག་ལ་འགྱུར་བ་མ་འདྲ་བ་ཞིག་བྱུང་བ་ནི། ཕྱི་རྒྱལ་གྱི་རོགས་རམ་ལ་ངོས་ལེན་བྱས་པ་དེ་ཡིན། རོགས་རམ་བྱེད་མཁན་གྱི་ཁྲོད་དུ་ཉི་ཧོང་དང་། ཐའེ་ཝན། ལྷོ་ཀོ་རི་ཡ་སོགས་ཡོད། འདི་དག་ནི་རྒྱ་ནག་ལ་ལོ་རྒྱུས་ཐོག་དགྲ་དང་མའམ། ཡང་ན། གྲོགས་རྙིང་བ་ཡིན། དེ་བཞིན་རྒྱ་གར་དང་ཨ་རི་སོགས་དམངས་གཙོའི་ཡབ་ལྟ་བུའི་རྒྱལ་ཁབ་གང་གི་རོགས་རམ་ཡང་ངོས་ལེན་བྱས་ཡོད། འདིའི་ཐོག་ནས་ཀྱང་སི་ཁྲོན་ས་ཡོམ་གྱི་སྐབས་རྒྱ་ནག་དམངས་གཙོ་ཚད་ལྡན་ཞིག་ཏུ་གྱུར་མེད་ནའང་། གུ་ཡངས་པའི་རྒྱལ་ཁབ་ཅིག་ཡིན་པའི་རྣམ་པ་དེ་བསྟན་ཡོད།
ས་ཡོམ་གཤེད་མ་འདི་ལས་འཕྲོས་པའི་མི་རྣམས་ཀྱི་ཚོར་སྣང་དང་འཇིགས་སྣང་དེ་རྒྱུན་ལྡན་ལ་བབ་པའི་ཉིན་ཞིག་ལ། རྒྱ་ནག་རྒྱལ་ཡོངས་མིན་ནའང་། སི་ཁྲོན་མི་དམངས་ཀྱིས་དམངས་གཙོའི་སྤྱི་ཚོགས་ཟེར་བ་དེ་གང་འདྲ་ཞིག་ཡིན་པའི་མྱོང་སྣང་ངོ་མ་དེ་བཤད་སྲིད་ལ། སྡུག་དང་གྱོང་ཅི་འདྲ་ཞིག་བྱུང་བར་མ་ལྟོས་པར། མ་མཐར་ཡང་སི་ཁྲོན་ཞིང་ཆེན་ནི་བདུན་ཕྲག་གཅིག་གི་རིང་ལ་དམངས་གཙོའི་མངའ་སྡེ་ཞིག་ཏུ་གྱུར་ཚུལ་བགྲོ་གླེང་བྱེད་ངེས་ཤིང་། ཉམས་མྱོང་འདི་ཀྲུང་དབྱང་གི་མགོ་ཁྲིད་ཚོས་ཀྱང་གདེང་སྤོབས་དང་བཅས་སེམས་ལ་ཉར་སྲིད་པ་ཡིན། འདི་ནི་སི་ཁྲོན་ས་ཡོམ་སྐབས་མི་གྲངས་ཁྲི་ ༥ ལྷག་གི་ཚེ་སྲོག་ཤོར་བའི་རིན་ཐང་ལྟ་བུར་རྩིས་ཏེ་མ་འོངས་པར་རྒྱ་ནག་གིས་གནས་སྟངས་མང་པོ་ཞིག་གི་ཐོག་ཉམས་མྱོང་འདི་ལག་བསྟར་བྱེད་སྲིད། ཡིན་ནའང་བོད་ནང་གི་ཆབ་སྲིད་ཀྱི་གནད་དོན་ཐོག་ལ་རྒྱ་ནག་གིས་འདི་ལྟའི་ལྟ་སྤྱོད་ཅིག་འཁྱེར་ཡོང་རྒྱུའི་གྲ་སྒྲིག་དང་རྣམ་འགྱུར་མེད་ལ། ལར་ནས་རྒྱ་ནག་དམངས་གཙོར་གྱུར་ཡང་བོད་དོན་ཐོག་ཁེ་ཕན་ཞིག་རག་རྒྱུ་ནི་ཁག་པར་གྱུར་འདུག་སྙམ་མོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply