ལར་ཞེན་དང་ཕུགས་རེ་ལ་ཉམས་པ་མེད་པ་ནི་ཤིན་ཏུ་ངོ་མཚར་ཆེ།

ཆབ་སྲིད་མངའ་དབང་སྐོར་གྱི་གནད་དོན་མེད་ནའང༌། མི་རིགས་ཀྱི་བདེ་དོན་སྐོར་གྱི་གནད་དོན་ཆེན་པོ་ཞིག་ཡོད་པ་ནི་ཕྱོགས་གཉིས་ཀའི་ངོས་ལེན་མ་བྱས་ཐབས་མེད་ཀྱི་བདེན་དོན་ཞིག་རེད། ཅེས་བཀའ་ཁྲི་མཆོག་གི་གསུམ་བཅུ་དུས་དྲན་ཐེངས་༤༩པའི་སྟེད་གསུངས་སོང༌།
        གསུམ་བཅུ་དུས་དྲན་ཐེངས་༤༩ཐོག་བཀའ་ཤག་གི་གཏམ་བཤད་ནང༌། སྔ་ལོ་དང་ཉེ་བའི་ཆར་བོད་ནང་བོད་མི་རིགས་ཀྱི་ཁེ་ཕན་ཆེད་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པས་འཚེ་མེད་ཅིང༌། ཁྲིམས་དང་མཐུན་པའི་ལས་སྣ་ཚོགས་རྩོམ་མཁན་བྱུང་འདུག་པ་དེ་དག་ལ་ཡི་རང་བསྔགས་བརྗོད་དང༌། རྒྱུན་དུ་འཇིགས་དངངས་བློ་དོགས་ཆེན་པོའི་འོག་ནས་གནས་པའི་བོད་རིགས་སེར་སྐྱ་ཡོངས་དང༌། ལྷག་པར་བོད་རིགས་ཏངམི་དང་གཞུང་གི་སྲི་ཞུ་བ་ཕལ་མོ་ཆེས་སྙིང་སྟོབས་ཆེན་པོས་བོད་མི་རིགས་ཀྱི་ལར་ཞེན་དང༌། བོད་དོན་བདེན་མཐའ་གསལ་བའི་ཕུགས་རེ་ཉམས་པ་མེད་པར་གནས་ཐུབ་པ་ནི་ཤིན་ཏུ་ངོ་མཚར་ཆེ་བའི་གནས་ཚུལ་ཞིག་ཡིན་པས་དེ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་དང་བཙན་བྱོལ་བོད་མི་ཡོངས་ཀྱིས་ངོས་འཛིན་དང་ཡི་རང་བསྔགས་བརྗོད་ཡོད་ཅིང༌། འབྱུང་འགྱུར་ཡང་བོད་མིའི་བློ་སྤོབས་སྔར་བཞིན་རྒྱུན་གནས་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། ཅེས་གསུངས་ཡོད།
      དེ་བཞིན་བཀའ་ཁྲིས། བོད་ཀྱི་དཀའ་རྙོག་ནི་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་དང་འབྲེལ་བ་མེད་ལ། བཙན་བྱོལ་བོད་མིའི་ཁེ་ཕན་དང་ཡང་འབྲེལ་བ་མེད། ད་ལྟ་བོད་ནང་བོད་མིའི་གནས་བབ་འདོད་བློ་ཁེངས་པ་ཞིག་གཏན་ནས་མེད་པའི་དངོས་དོན་དེ་ནི་སུས་ཀྱང་མཐོང་ཐུབ། བོད་མི་ཡོངས་ཀྱི་བདེ་སྐྱིད་དང༌། མི་རིགས་ཀྱི་ངོས་འཛིན་སྐད་ཡིག། ཡུལ་གོམས་གཤིས་ལུགས་བྱང་རིག་གནས་རྒྱུན་འཛིན་ཡོང་ཐབས་སུ་གཞིས་ལུས་བོད་མིའི་མགྲིན་ཚབ་ཏུ་རང་དབང་ལུང་པར་ཡོད་པའི་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གླེང་སློང་བྱེད་དགོས་པ་ནི་ལོ་རྒྱུས་ཀྱི་བསྐུར་བའི་འགན་ཁུར་ཞིག་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཆབ་སྲིད་མངའ་དབང་སྐོར་གྱི་གནད་དོན་མེད་ནའང༌།མི་རིགས་ཀྱི་བདེན་དོན་སྐོར་གྱི་གནད་དོན་ཆེན་པོ་ཞིག་ཡོད་པ་ནི་ཕྱོགས་གཉིས་ཀས་ངོས་ལེན་མ་བྱས་ཐབས་མེད་ཀྱི་བདེན་དོན་ཞིག་རེད།
     ཕྱི་ལོ་༢༠༠༢ལོ་ནས་མགོ་འཛུགས་གནང་སྟེ་བོད་རྒྱའི་འབྲེལ་མོལ་ལས་རིམ་ཐེངས་དྲུག་བྱུང་བའི་བརྒྱུད་རིམ་ཁྲོད། ཕན་ཚུན་གནས་ཚུལ་ངོ་སྤྲོད་ཚད་ལྡན་བྱུང་ཡོད་པ་དང༌། རྒྱལ་སྤྱི་དང་བོད་ནང་བཅས་པར་དངོས་ཤུགས་ཀྱི་དོན་ཕན་གང་ལེགས་བྱུང་ཡོད་ཚུལ་བཀའ་ཤག་གིས་འགྲེལ་བརྗོད་གནང་ཡོད་ན་ཡང༌། རྩ་དོན་ཐོག་གྲུང་འབྲས་མ་ཐོན་པ་ངོས་ལེན་ཐོག་བོད་ནང་དྲག་གནོན་དང་༧གོང་ས་མཆོག་ལ་མཚན་སྨོད་བཅས་ཤུགས་ཆེ་རུ་ཕྱིན་པར་ཧ་ཅང་བློ་ཕམ་ཡོད་ཅེས་དང༌། འབྲེལ་མོལ་ཐེངས་དྲུག་པའི་སྐུ་ཚབ་རྣམས་ནས་རེ་འདུན་བཏོན་པ་ཁག་ལའང་ད་བར་འདི་བྱས་ཀྱི་གསལ་ཆ་མེད་སྟབས། རྒྱ་ཕྱོགས་ནས་ད་ཡོད་བོད་ཀྱི་དཀའ་རྙོག་འདི་སེལ་རྒྱུའི་ཐུགས་འདུན་ཡོད་མེད་ཀྱང་ཐེ་ཚོམ་རེད་འདུག  ཡིན་ན་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་ལ། འབྲེལ་མོལ་རྒྱུན་འཁྱོང་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་ཡོད་པ་རེད། 
     སྤྱི་འཐུས་ཚོགས་གཙོ་མཆོག་གིས། ད་ཆ་འཛམ་གླིང་གི་རྩོད་རྙོག་གང་ཅི་ཕན་ཚུན་བསམ་ཤེས་གུ་ཡངས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ལ་ལྷག་བསམ་རྩོལ་བྱ་མུས་ལྟར་རྒྱ་ཕྱོགས་ནས་ཀྱང་ཀླད་རྙིང་མཁྲེགས་བཟུང་འདི་མུར་མ་གནས་པར་དུས་སྐབས་དང་བསྟུན་བློ་སྟོབས་འགན་འཁུར་ཆེ་ཙམ་བླངས་ཏེ་རིང་པོར་མ་སོང་བར་ཞི་མོལ་དངོས་གཞིར་འཇུག་ཐབས་གནང་ལེགས་ལས་ད་དུང་ཉིན་འགྱངས་ཞག་ཕུད་འདི་མུར་ལྷག་ཚེ་འཛམ་གླིང་ནང་རྒྱ་ནག་གི་ཆེ་མཐོང་དང༌། ཡུལ་གྱི་ལྷིང་འཇགས། རྒྱ་བོད་གནའ་འབྲེལ་གྱི་གནས་བབ་སོགས་ལ་གནོད་འཚེ་དོ་ཕོག་འབྱུང་ངེས་ཡིན་ཞེས་དང༌། ད་རེབ་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་ལྔ་པ་དང་སྟབས་བསྟུན་ཏེ་རང་རེའི་ཆབ་སྲིད་ཀྱི་དུས་དྲན་གལ་འགངས་ཆེ་ཤོས་བོད་ལྗོངས་རང་དབང་སྒེར་ལངས་ཀྱི་ཉིན་མོར་སྤྱི་འཐུས་རྣམས་བཞུགས་སྒར་དུ་ལྷན་བཅར་ཞུས་ཡོད་པ་འདིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གནད་དོན་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པ་དང༌། དེ་ཐོག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱིས་འབད་འབུངས་དགོས་པ་མཚོན་གྱི་ཡོད། འདི་ཟླའི་ཚེས༡༥ཉིན་གྲོས་ཚོགས་དངོས་གཞི་དུས་ཚོད་ངེས་མེད་བར་ཚོགས་སེང་གྲུང་རྗེས་ཉིན་ལྔའི་རིང་སྤྱི་འཐུས་རྣམ་པའི་ནང་ཁུལ་གྱི་ལྷན་ཚོགས་ཤིག་ཀྱང་གོ་སྒྲིག་ཞུས་ཡོད། དེ་སྐབས་སྤྱི་ལྷན་གྱི་ལས་དོན་ཚགས་ཚུད་གཏོང་ཕྱོགས་དང༌། བོད་ཕྱི་ནང་གཉིས་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེའི་ཐོག་གང་ནུས་ཀྱི་བློ་གྲོས་འདོན་འཆར་ཡིན་ཞེས་གྲོས་གསུངས་ཡོད། 
`   

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply