བོད་ནང་གི་གནས་སྟངས་འགྲེལ་བརྗོད་སྐབས་གཟབ་ནན་བྱ་དགོས།

༧གོང་ས་མཆོག་གིས་ཚེས་ ༦ ཉིན་བོད་རིགས་ཡོངས་ལ་བསྩལ་བའི་གསུང་འཕྲིན་ལས་བསྡུ་སྒྲིག་བྱས།

དང་པོ། འདི་ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་ནས་གངས་ལྗོངས་མཐའ་དབུས་ཡོངས་དང་། མཐའ་ན་རྒྱ་ནག་གི་གྲོང་ཁྱེར་ཁག་གི་སློབ་ཕྲུག་ཡན་ནས་མི་རིགས་ཀྱི་ཐོབ་ཐང་དང་། ཆོས་དད་རང་དབང་མེད་པ། དངོས་ཡོད་འཁྱོག་བཤད། བོད་མི་རྣམས་ཀྱིས་གུང་ཁྲན་ཏང་སངས་རྒྱས་སུ་ལྟ་བ་ཟེར་བ་སོགས་དྲང་བདེན་མིན་ལ་གཡོལ་ཐལ་དང་རྒྱ་རིགས་ཆེན་པའོ་རིང་ལུགས་ཀྱི་བསམ་སྤྱོད་རྒྱུན་མར་བྱུང་བར་ཡིད་བློ་མ་ཁེངས་པའི་སེམས་ཚོར་ཞི་བའི་སྒོ་ནས་གསལ་སྟོན་བྱས་པར་དམར་གཞུང་ནས་གོ་མཚོན་གྱིས་བོད་མི་མང་བོ་སྲོག་སྐྱོན་དང་བཙོན་འཇུག ཉེས་རྡུང་མནར་གཅོད་ལ་སྙིང་རྗེ་ལྡན་པའི་མི་ཞིག་ཡིན་ན། མིག་དབང་མེད་དུ་འཆོར་བའི་ཡ་ངའི་གནས་ཚུལ་ལ་བློ་འཚབ་དང་སེམས་ངལ་ཆེན་པོ་བྱུང་ཡང་བྱ་ཐབས་བྲལ།

གཉིས། ད་རེབ་དུས་ཟིང་སྐབས་ཚེ་སྲོག་ཤོར་བའི་བོད་མི་དང་རྒྱ་རིགས་ཚང་མར་མཆོག་གསུམ་གསོལ་འདེབས་རྒྱུན་དུ་བྱེད་ཀྱིན་ཡོད།

གསུམ་པ། རྒྱ་ནག་གིས་བོད་མི་ལོག་སྤྱོད་པ་ཉུང་ཤས་ཤིག་ལས་མང་ཚོགས་སྤྱི་བྱིངས་འདོད་བློ་ཁེངས་ངེས་ཀྱི་བདེ་སྐྱིད་ཡོད་ཚུལ་དྲིལ་བསྒྲགས་བྱས་པ་རྣམས་བར་ལམ་གྱི་བྱུང་རིམ་འདི་དག་གིས་རྫུན་ཁུངས་གསལ་བརྡོལ་བྱུང་བ་མ་ཟད། ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཀྱི་ཕུགས་རེ་མངོན་འདོད་གཅིག་གྱུར་ཡིན་པ་གསལ་སྟོན་བྱས་ཤིང་། འཛམ་གླིང་ཡོངས་ལ་བོད་ཀྱི་གནས་ཚུལ་འདི་སྣང་མེད་དུ་འཇོག་མི་ཐུབ་པ་དང་། བོད་རྒྱ་གཉིས་སྨན་དངོས་ཐོག་བདེན་འཚོལ་གྱི་འགྲིག་འཇགས་ཡོང་ཐབས་དགོས་པ་ར་སྤྲོད་ཡོད། བོད་མི་རིགས་ཀྱི་ཁེ་ཕན་སླད་དུ་བོད་མི་སོ་སོའི་སེམས་གཏིང་གི་ཚོར་བ་རྣམས་འཇིགས་ཞུམ་མེད་པར་བློས་གཏོང་ཆེན་པོས་གསལ་སྟོན་ཐུབ་པའི་སྙིང་སྟོབས་དང་ལྷག་བསམ་ནི་ཡི་རངས་བསྔགས་བརྗོད་བྱ་འོས་ཤིག་ཡིན་པ་ལྟར་འཛམ་གླིང་མང་ཚོགས་ནས་ངོས་འཛིན་དང་བསྔགས་བརྗོད་རྒྱ་ཆེན་ཐོབ་ཡོད།

བཞི། བོད་རིགས་ཏང་མི་དང་ལས་བྱེད་མང་བོ་ཞིག་གིས་ཛ་དྲག་གི་གནས་ཚུལ་འདི་འདྲའི་སྐབས་རིགས་ཞེན་མ་དོར་བར་དྲང་ཚུགས་འཛིན་གང་ཐུབ་བྱས་འདུག་པར་བསྔགས་བརྗོད་ཡོད་པ་མ་ཟད། འབྱུང་འགྱུར་ཡང་བོད་རིགས་ཏང་མི་དང་ལས་བྱེད་ཚང་མས་གནས་སྐབས་ཀྱི་ཁེ་ཕན་ཁོ་ནར་མ་གཞོལ་བར་བོད་སྤྱིའི་སྣོད་བཅུད་ཉེན་སྲུང་ཆེད་དངོས་ཡོད་གནས་ཚུལ་རྣམས་བཅོས་སླད་མེད་པར་གོང་རིམ་ལ་ཞུ་ཐུབ་པ་དང་། མང་ཚོགས་ལ་བླང་དོར་ལམ་སྟོན་གཡོ་ཟོལ་མེད་པ་དགོས་པའི་རེ་འདུན་བྱེད་ཀྱི་ཡོད།

ལྔ་པ། འཛམ་གླིང་ཡུལ་གྲུ་གང་སར་རྒྱ་ནག་གི་དབུ་ཁྲིད་ཚོར་བོད་མིའི་ཐོག་དྲག་གནོན་འགོག་ཐབས་དང་། འགྲིག་འཇགས་ཡོང་བའི་ཐབས་ལམ་ལག་བསྟར་དགོས་པའི་བསྐུལ་མ་བྱེད་བཞིན་ཡོད་པས། ང་ཚོས་ཁོང་རྣམ་པའི་འབད་བརྩོན་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་རྒྱུའི་གོ་སྐབས་བསྐྲུན་དགོས། ཁྱེད་རྣམས་ད་ཆར་ཁོང་ཁྲོ་སློང་བའི་རྐྱེན་ཤ་སྟག་ནང་ཡོད་ཀྱང་། ང་ཚོས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ཕྱོགས་བརྟན་བཟུང་བྱེད་གལ་ཤེན་ཏུ་ཆེ།

དྲུག་པ། རྒྱ་ནག་གིས་བྱུང་རྐྱེན་ཁག་ངོས་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་བྱས་ཚུལ་སྐྱོན་འཛུགས་བྱེད་པ་རྣམས། བདེན་པ་མཐའ་གསལ་ཡོང་ཐབས་སུ་རང་དབང་ལྡན་པའི་རྒྱལ་སྤྱིའི་ཞིབ་འཇུག་པས་ཞིབ་འཇུག་མཐར་ཕྱིན་དགོས་པར་འབོད་སྐུལ་བྱས་ཡོད་པ་བཞིན་བདེན་རྫུན་དབྱེ་འབྱེད་གསལ་བོར་ཡོད་པའི་རེ་བ་ཡོད། གལ་སྲིད་རྒྱ་ནག་གི་སྐྱོན་འཛུགས་ཁག་ལ་གཞི་རྩ་དང་དན་རྟགས་ཡོད་ན་རྒྱལ་སྤྱི་ནང་གསལ་སྟོན་བྱེད་དགོས་པ་ལས་ཧམ་བཤད་བྱས་པས་རང་མཚང་སྟོན་པར་ཟད།

བདུན་པ། ཀུན་གྱིས་མཁྱེན་གསལ་ལྟར་ངོས་ནས་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་འཚོལ་རྒྱུ་བློ་ཐག་བཅད་དེ། ཕྱི་ལོ་ ༡༩༧༤ ལོ་ནས་བཟུང་ད་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འགྱུར་མེད་བརྟན་བཟུང་བྱེད་ཀྱིན་ཡོད་པ་དང་། དབུ་མའི་ལམ་གྱི་གོ་དོན་ནི་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གྱུར་འོག་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་ལག་བསྟར་བྱས་ཏེ་ཕྱི་དྲིལ་དང་རྒྱལ་སྲུང་མ་གཏོགས། རང་ཁྱིམ་རང་བདག་དང་། རང་སྲིད་རང་སྐྱོང་བྱ་རྒྱུར་བོད་ཀྱི་འཛིན་སྐྱོང་བོད་རིགས་ཀྱི་མགོ་ཁྲིད་དང་བོད་རིགས་ལས་བྱེད་རྣམས་ཀྱིས་བྱ་ཐུབ་པ་དགོས་རྒྱུ་དེ་ཡིན། འོན་ཀྱང་། མཐའ་མའི་ཐག་གཅོད་བོད་དུ་ཡོད་པའི་བོད་མི་མང་ཚོགས་ཀྱིས་བྱ་དགོས་པ་ཐོག་མ་ནས་བཤད་ཟིན་པ་ཡིན།

བརྒྱད་པ། པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་ནི་རྒྱ་རིགས་དུང་ཕྱིར་བཅུ་གཉིས་ལྷག་གིས་དགའ་སྤོབས་བྱ་རྒྱུ་ཡིན་སྟབས། ངོས་ནས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱས་ཡོད་པས་བོད་མི་ཚོས་ཀྱང་དེ་ལ་བར་ཆད་གཏོང་རྒྱུ་འོས་འཚམ་མིན་པར་མཐོང་གི་ཡོད། བོད་མི་སོ་སོའི་ཁྲིམས་མཐུན་གྱི་རང་དབང་དང་ཐོབ་ཐང་ཁག་འཚེ་བ་མེད་པའི་ལམ་ནས་འབད་སྒྲུབ་བྱ་རྒྱུ་འགན་དབང་ཡིན་རུང་། དེའི་ཆེད་དུ་རྒྱ་རིགས་ལ་འཁོན་སེམས་ཡོང་གཞིའི་ལས་འགུལ་བརྩམས་ན་སུ་ལའང་ཕན་ཐོགས་མེད། འཆམ་མཐུན་གྱི་སྤྱི་ཚོགས་ཚད་ལྡན་ཞིག་ཡོང་བར་ཚང་མས་ཕན་ཚུན་ཡིད་ཆེས་དང་མཛའ་བརྩེ་བསྐྲུན་དགོས་པ་ལས་དྲག་གནོན་གྱིས་འཆམ་མཐུན་ཡོང་ཐབས་མེད།

དགུ་པ། ང་ཚོའི་འཐབ་རྩོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པ་ཉུང་ཤས་ཤིག་ལས་རྒྱ་མི་རིགས་མིན་པས། རྒྱ་ནག་མང་ཚོགས་ཀྱི་སེམས་ལ་འཁོན་འཛིན་འགྲོ་གཞིའི་རིགས་གཏན་ནས་བྱ་མི་རུང་། ད་ལྟའི་དཀའ་རྙོག་འདིའི་སྐབས་སུའང་རྒྱ་རིགས་ཤེས་ཡོན་ཅན་དང་། རྩོམ་པ་པོ། ཁྲིམས་རྩོད་པ་སོགས་ཧ་ཅང་མང་བོས་གདུང་སེམས་མཉམ་སྐྱེད་ཀྱིས་གཏམ་བཤད་དང་། རྩོམ་ཡིག་འགྲེམས་སྤེལ། མཐུན་འགྱུར་བྱ་རྒྱུའི་ཁས་ལེན་སོགས་བྱུང་བར་ང་ཚོ་ཡིད་འགུལ་ཐེབས་གཞི་ཆེན་པོ་ཞིག་རེད།

བཅུ་པ། ད་ལྟའི་གནས་སྟངས་འདི་མུ་མཐུད་གནས་པ་ཡིན་ན་རྒྱ་གཞུང་གིས་དྲག་གནོན་ཇེ་ཆེར་གཏོང་རྒྱུ་ཡིན་པར་ངོས་རང་ཧ་ཅང་སེམས་འཚབ་ཡོད། དེ་ལྟར་མི་ཡོང་བ་བྱེད་རྒྱུའི་བཟང་སྤྱོད་ཀྱི་འགན་ཞིག་ང་ལ་ཡོད། དེར་བརྟེན་ངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྣམས་ལ་བོད་ས་ཡོངས་སུ་དྲག་གནོན་མཚམས་འཇོག་དང་། དཔུང་དམག་ཕྱིར་བསྡུ་དགོས་པའི་རེ་འདུན་ཡང་ཡང་བཏོན་ཡོད་ཅིང་། དེར་གྲུབ་འབྲས་བྱུང་ན་ཆོལ་གསུམ་བོད་རིགས་ཡོངས་ལ་ད་ལྟའི་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱ་འོས་པའི་ལམ་སྟོན་བྱེད་ཀྱིན་ཡོད།

བཅུ་གཅིག་པ། རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་བོད་ནང་གི་གནས་སྟངས་འགྲེལ་བརྗོད་བྱེད་སྐབས་གཟབ་ནན་བྱེད་དགོས། ང་ཚོས་དྲག་ལས་སུ་འགྲེལ་བརྗོད་འགྲོ་ཉེན་ཡོད་པའི་ལས་འགུལ་ཕྲ་མོ་ཚུན་ཆད་ཀྱང་སྤང་དགོས། ཁོང་ཁྲོ་ཆེས་ཆེར་སློང་གཞིའི་གནས་སྐབས་སུ་ང་ཚོས་སེམས་གཏིང་ནས་ཡིད་ཆེས་བྱེད་པའི་རྩ་ཆེའི་རིན་ཐང་རྣམས་མ་བརླག་པ་བྱེད་དགོས། འཚེ་མེད་ཞི་བའི་ལམ་ནས་ང་ཚོར་གྲུབ་འབྲས་འཐོབ་རྒྱུ་ཡིན་པ་ངས་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད།

བཅུ་གཉིས་པ། ད་ལྟའི་ཆར་བོད་ནང་འགྲོ་འོང་ཆ་ཚང་བཀག་ཅིང་། ཕྱི་རྒྱལ་གྱི་གསར་འགོད་པ་གཅིག་ཀྱང་འགྲོ་འཇུག་གི་མེད་པར་སོང་། ངོས་ཀྱི་གནས་འཕྲིན་འདི་བོད་མི་ཡོངས་ལ་འཁྱོལ་ཐབས་དཀའ་ཡང་། བརྒྱུད་ལམ་ཁག་དང་ངག་ཐོག་ཚུན་ནས་གཅིག་ལ་གཅིག་བརྒྱུད་ཀྱིས་བོད་མི་གང་མང་ལ་འཕྲོད་ཐུབ་པའི་རེ་བ་ཡོད།

བཅུ་གསུམ་པ། མཐའ་དོན་སླར་ཡང་ཛ་དྲག་ཁོང་ཁྲོ་སློང་རྐྱེན་ཚབས་ཆེན་ཅི་འདྲ་བྱུང་རུང་འཚེ་བ་མེད་པའི་ལམ་གྱི་ཉམས་ལེན་ལས་མ་གཡོལ་བ་དགོས་རྒྱུའི་འབོད་སྐུལ་བསྐྱར་ནན་བྱེད་རྒྱུ་ཡིན།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply