ཡང་སྲིད་སྐོར་གྱི་ཆབ་སྲིད།

ཨེ་ལོ་ཊི སི་ཕེར་ལིན།
ལུང་རིགས་རྒྱལ་གྱིས་བསྒྱུར།
བོད་ཀྱི་ལོ་རྒྱུས་ལ་མཁས་པའི་སྐུ་ཞབས་ཨེའེཌ་སྦར་ལིང་ནི་ཨ་རིའི་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོ་ནས་རེད།

 

མིའི་རྣམ་པར་བྱོན་པའི་བོད་ཀྱི་བླ་མ་སྐུ་མ་འདས་གོང་ནས་ཡང་སྤྲུལ་དུ་འཁྲུངས་པ་ནི་རྒྱུན་ལྡན་ཞིག་ག་ལ་ཡིན། ཡང་ཅིག་བཤད་ན། སྐུ་འཚོ་བཞུགས་སྐབས་ནས་གཞན་ཞིག་གི་ལུས་རྟེན་དུ་འཕོ་དགོས་པ་རེད། བོད་ཀྱི་ལོ་རྒྱུས་ནང་འདི་ལྟའི་དོན་དག་བྱུང་བའི་དཔེ་མཚོན་ཡོད་པར་བཤད་ཀྱང་། དེ་དག་ཚང་མ་དེ་ཙམ་གྱི་གཅིག་མཚུངས་མ་རེད། འདི་ལྟར། ད་ཆ་དགུང་ལོ་ ༧༣ ལ་ཕེབས་པའི་ཏཱ་ལའི་བླ་མ་མཆོག་གིས་ ༢༠༠༧ ལོའི་ཕྱི་ཟླ་ ༡༡ པའི་ནང་ཉི་ཧོང་དུ་ཆིབས་བསྒྱུར་སྐབས་སུ་ཁོང་སྐུ་འཚོ་བཞུགས་སྐབས་ཁོང་གི་རྗེས་སྐྱོང་བ་ཞིག་བསྐོ་འཇོག་གནང་གི་ཡིན་སྐོར་ཡོངས་བསྒྲགས་གནང་བ་དེས་བོད་མིའི་སྤྱི་ཚོགས་ཁྲོད་དུ་གླེང་གཞི་མི་ཉུང་བ་ཞིག་བསླངས་ཡོད། ཡིན་ནའང་། ཁོང་གིས་སྐད་ཆ་བཤད་མཚམས་འདི་ནས་བཞག་ཡོད་པ་མ་རེད། ཏཱ་ལའི་བླ་མའི་རྗེས་སྐྱོང་པ་དེར་ཡོངས་གྲགས་ཀྱི་མང་མོས་འོས་བསྡུའི་དགོངས་ཚུལ་བཏོན་ལ། འདི་ཡང་ཁོང་གི་རྗེས་སྐྱོང་བ་འདེམ་སྟངས་ཀྱི་ལམ་ཁར་འོས་ཚུལ་ཁོང་སྐུ་ཉིད་ནས་གསུངས། ཏཱ་ལའི་བླ་མ་རྗེས་མ་དེ་འཚོལ་ཕྱོགས་དང་ངོས་འཛིན་གནང་ཕྱོགས་ཀྱི་སྐོར་ལ་ཁོང་དང་ཁོང་གི་བཙན་བྱོལ་གཞུང་གི་ངོས་ནས་དོན་དམ་དུ་ཐབས་ལམ་ངེས་ཅན་ཅི་ཡང་ཐག་གཅོད་གནང་མེད་སྐོར་ཞལ་བཞེས་གནང་ཡོད་པ་རེད། རྒྱ་ནག་གིས་ཁོང་ཚོའི་ཆོད་སེམས་ལྟར་ཏཱ་ལའི་བླ་མ་སྐུ་ཕྲེང་རྗེས་མ་དེ་འདེམ་སྟངས་ཀྱི་བརྒྱུད་རིམ་ལ་གྲ་སྒྲིག་ངེས་ཅན་བྱས་ཡོད་པ་ཤེས་ཟིན་པའི་ལོ་ཤས་རྗེས་དང་། རྒྱ་ནག་དབུས་ཆོས་ལུགས་ལས་དོན་ཁང་གིས་ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་ནས་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ལ་གཞུང་གི་སྟངས་འཛིན་ནན་མོའི་ཁྲིམས་ཡིག་གསར་པ་གཏན་འབེབས་བྱས་པའི་ཟླ་ཤས་ཀྱི་རྗེས་ལ། ཏཱ་ལའི་བླ་མས་དོན་དམ་དུ་ཁོང་གི་ཡང་སྲིད་ཇི་ལྟར་འོས་འདེམས་བྱེད་སྟངས་སྐོར་ལ་ངེས་མེད་ཀྱི་ལན་འདེབས་བྱས་པ་དེ་ནི། བོད་ཀྱི་གནད་དོན་ཙམ་མིན་པར། ཏཱ་ལའི་བླ་མ་ཁོང་གི་ཤུགས་རྐྱེན་མཐའ་འདེད་དང་ཁེར་རྐྱང་དུ་འཕུད་མཁན་རྒྱ་ནག་གི་འཆར་གཞི་དང་ནུས་རྩལ་ལྡན་པའི་སྲིད་དོན་འཐབ་བྱུས་ཀྱི་ཁ་གཏད་ན་ཁོང་གི་བཙན་བྱོལ་གཞུང་གི་ཡ་ལན་ད་དུང་ཡང་ཤིན་ཏུ་དལ་འགོར་ཆེ་བ་མངོན་ཡོད།

ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མའི་ཐོག་གི་རྒྱ་ནག་གི་དམིགས་ཡུལ་ནི་ལོ་བཅུ་ཕྲག་གཅིག་གི་སྔོན་ནས་ཤེས་ཡོད་པས། བོད་མིའི་དབུ་ཁྲིད་དང་ཁོང་གི་བཙན་བྱོལ་གཞུང་གིས་ཡང་སྲིད་སྐོར་ལ་ཁ་གསལ་ཞིང་ཐག་ཆོད་པའི་འཆར་གཞི་སྒྲིག་སྟེ་གསལ་བཤད་དང་འགྲེལ་བརྗོད་བྱེད་པར་དུས་ཚོད་རིང་ཐག་ཆོད་ཡོད། ཡིན་ནའང་། ཁོང་ཚོར་དུས་རིམ་འཕྱི་པོ་འདི་འདྲ་ཞིག་ལ་ད་དུང་ཡང་རྒྱ་ནག་ལ་ཇི་ལྟར་ཁ་གཏད་གཅོག་རྒྱུར་ཐག་ཆོད་ངེས་ཅན་མེད་པ་དེ་ནི་ཁོང་ཚོའི་རྒྱ་ནག་འཐབ་བྱུས་ཀྱི་ལན་འདེབས་སྟངས་ཕལ་མོ་ཆེའི་ནད་རྟགས་ལྟ་བུ་ཡིན། འདི་ནི་རྒྱ་ནག་གིས་ཏཱ་ལའི་བླ་མར་ཅི་ཞིག་ཚོད་རྩིས་རྒྱག་གིན་པའི་སྙིང་བོ་སྟེ། ཁོང་གི་ནུས་པ་དང་ཞན་ཆ། ཁོང་གི་ལས་བྱེད་ཚོ་དང་། ཁོང་ཚོའི་འཛིན་སྐྱོང་གི་ནུས་པ་དང་ཞན་ཆ་ཡིན་ལ། རྒྱ་ནག་ནི་དུས་ཡུན་རིང་པོ་ཞིག་ལ་དོན་དག་གང་གི་ཕྱོགས་ནས་ཀྱང་གོམ་པ་ཁ་ཤས་ཀྱིས་ཁོང་ཚོའི་སྔོན་དུ་སླེབས་ཡོད།
འདི་དག་ནི་ཆོས་ལུགས་ཀྱི་ཆོ་ག་ཧ་ཅང་ལྐོག་གྱུར་བ་ཞིག་གི་སྟེང་དུ་མགོ་རྙོག་མང་པོ་ཞིག་བསྲེས་པར་མཐོང་ཡང་། རྒྱ་ནག་གི་སྤྱི་ཡོངས་ཀྱི་བོད་ཀྱི་གནད་དོན་འདིས་དོན་དམ་དུ་གོམ་སྟབས་གལ་ཆེན་ཞིག་བཟུང་ཡོད་ལ། གཅིག་བྱས་ན་མཐའ་མཇུག་གི་གོམ་སྟབས་གཅིག་པུ་དེ་ཡིན་སྲིད། ད་ཆ་རྒྱ་ནག་གིས་ཁོང་ཚོར་བོད་ནང་དུ་ཏཱ་ལའི་བླ་མའི་ཡང་སྲིད་འདེམ་རྒྱུའི་དབང་ཚད་ཡོད་པ་ངོས་འཛིན་མ་ནོར་ད་ཞིག་ཡོང་ཐབས་བྱེད་ཀྱིན་ཡོད་ལ། འདི་ནི་རྒྱ་ནག་གིས་བོད་མི་ཚོ་དང་བོད་དོན་རྒྱབ་སྐྱོར་བ་ཚོར། བོད་ནི་ལོ་རྒྱུས་ཀྱི་ངོས་དང་ཐོབ་ཐང་གི་ཐོག་ནས་ཅིས་ཀྱང་རང་བཙན་རྒྱལ་ཁབ་ཅིན་ཡིན་པའི་སྐད་ཆ་ནུས་མེད་བཏང་ཟིན་པའི་གྲུབ་འབྲས་ཀྱི་རྗེས་དེར་གཏན་ཚིགས་ལྟར་མཐུད་ནས་ཡོང་ཡོད།

རྒྱལ་ཁབ་གང་གིས་ཀྱང་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་ནའང་། རྒྱལ་སྤྱིའི་མཁའ་དབུགས་ཀྱི་ཁྲོད་ན་ད་བར་རྒྱ་ནག་བོད་དུ་སྡོད་སྟངས་འདིའང་ཡོངས་སུ་ཁྲིམས་མཐུན་ཞིག་ཡིན་པའི་ཚོར་སྣང་བཟུང་མེད། ལྟ་ཚུལ་འདིས་ལོ་རྒྱུས་ཀྱི་དོན་དངོས་དང་རང་ཐག་རང་གཅོད་ཀྱི་རྩ་དོན་གྱི་ངོས་ནས་འཁྱེར་ཡོང་བའི་རྩོད་སྒྲུབ་འདི་དག་ལ་ག་དུས་ཡིན་ཡང་རྨང་གཞི་བརྟན་པོ་བཏིང་ཡོད། འདི་དང་དུས་མཉམ་དུ། རྒྱ་ནག་གཞུང་གིས་བོད་ནི་ས་ཆགས་པ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་པའི་བསྒྲགས་གཏམ་འདིའང་ཉོག་བཤད་བྲིས་མ་ཙམ་ལས་ཅི་ཡང་མིན་པའི་མཐོང་ཚུལ་འཛིན་གྱི་ཡོད། ༡༩༨༩ ལོར་ཏཱ་ལའི་བླ་མ་མཆོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་པའི་གྲལ་དུ་འཕགས་ཤིང་། ལྷག་པར་དུ་ ༡༩༨༠ གྱ་གྲངས་ཀྱི་མཇུག་ཏུ་ལྷ་སར་རྒྱ་རྒོལ་གྱི་རྔམ་སྟོན་ཁ་ཤས་བྱུང་རྗེས་ནས་བོད་ཀྱི་གནད་དོན་འདི་ལའང་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐུབ་ཙམ་གྱི་རེ་བ་ཞིག་བྱུང་བ་ན། རྒྱ་ནག་གིས་བོད་རང་བཙན་ལ་ངོ་རྒོལ་བྱེད་མཁན་གྱི་བོད་མིའི་མགྲིན་ཚབ་པ་ཡག་ཤོས་མིན་ནའང་ཡག་པོ་ཞིག་བཙལ་ནས་བེད་སྤྱོད་བྱེད་ཀྱིན་ཡོད་ལ། དེ་ནི་ཏཱ་ལའི་བླ་མ་ཁོང་རང་ཉིད་རེད། མི་མང་པོ་ཞིག་གིས་ལོ་རབས་མང་པོར་བོད་ཀྱི་འཐབ་རྩོད་ནི་རྒྱལ་ཡོངས་རང་བཙན་གྱི་འཐབ་རྩོད་ཅིག་ཡིན་པར་བསམ་སྐབས། ཏཱ་ལའི་བླ་མས་དོན་དངོས་སུ་ ༡༩༧༠ དོན་གྲངས་ཀྱི་མགོ་ནས་བཟུང་བོད་རང་བཙན་གྱི་འཐབ་རྩོད་བློས་བཏང་ཡོད་ལ།

༡༩༨༨ ལོར་ཁོང་གིས་དངོས་སུ་མང་ཚོགས་ནང་ཁྱབ་བསྒྲགས་གནང་སྟེ། ཁོང་གིས་བོད་ཀྱི་གནད་དོན་འདི་ལ་རྒྱ་ནག་དང་མཉམ་དུ་གནས་ཐུབ་པའི་ཐག་གཅོད་ཅིག་འཚོལ་གྱིན་ཡོད་པར་གསུངས་ཀྱང་། རྗེས་སུ་ཁོང་གིས་འདི་ལ་དོན་དམ་གྱི་རང་སྲིད་རང་སྐྱོང་ཞེས་བཏགས་ཡོད། ད་དུང་ཡང་། བོད་ཀྱི་གནད་དོན་གྱི་དངོས་ཡོད་དང་། བོད་མི་རིགས་ཀྱི་སེམས་ཚོར། དེ་བཞིན་བོད་དོན་ཐད་མུ་མཐུད་ཕྱག་ལས་གནང་མཁན་བཅས་རྒྱལ་སྤྱིའི་དཔྱད་ཞིབ་ཏུ་བོད་དོན་ནི་མི་རིགས་དང་རང་བཙན་གྱི་གནད་དོན་ཞིག་ཡིན་པར་མཐོང་གི་ཡོད་ལ། རྒྱ་ནག་གི་ཕྱོགས་ནས་འདི་ནི་མངོན་གསལ་གྱི་ཚེར་མར་གྱུར་ཡོད།

ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་ཐུགས་གཤིས་དྲང་པོ་དང་བོད་ཀྱི་གནད་དོན་སེལ་འདོད་ཀྱི་ཐུགས་འདུན་དྲག་པོ་འདིའི་གོ་སྐབས་བཟུང་སྟེ། རྒྱ་ནག་གིས་ནར་སྲིང་དང་སྤྱང་གྲུང་གི་སྒོ་ནས་ཨུ་ཚུགས་བརྒྱབས་ཏེ་ཏཱ་ལའི་བླ་མར་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ངོས་ལེན་གྱི་བཀའ་གསུང་རབ་དང་རིམ་པར་འབྱོན་དུ་བཅུག་ནས་བོད་ཀྱི་གནད་དོན་འདིའི་ཁྲིམས་མཐུན་གྱི་ངོ་བོ་བརླག་ཐབས་བྱེད་ཀྱིན་ཡོད། འདིའི་མཇུག་འབྲས་སུ་ ༡༩༩༠ གོ་གྲངས་ཀྱི་ནང་དང་ད་ལྟའི་ལོ་རབས་ཀྱི་བར་དུ་རྒྱ་ནག་གི་དབང་བསྒྱུར་ནི་གསལ་བོ་དང་ནུས་ཤུགས་ཅན་དུ་གྱུར་ཡོད། ཏཱ་ལའི་བླ་མ་མཆོག་གིས་བཀའ་གསུང་རེ་རེའི་སྐབས་སུ་གསལ་བོར་བྱས་ནས་བོད་རང་བཙན་ལ་འགོག་རྒོལ་བྱས་ཡོད་ནའང་། རྒྱ་ནག་གིས་ཁོང་ད་དུང་ཡང་ཁ་ཞེ་གཉིས་མེད་མིན་པར། ཁོང་གིས་ངོ་བོ་མི་འདྲ་བའི་རང་བཙན་རྩོད་ཀྱི་ཡོད་སྐོར་བརྗོད་ཡོད་ལ། རྒྱ་ནག་གིས་ཏཱ་ལའི་བླ་མར་འདི་ལྟའི་ལམ་ཁ་ཞིག་འཚོལ་གྱི་མེད་པའི་ཐད་ཡང་དང་རིམ་པ་བྱས་ནས་ཁ་གསལ་གཏིང་གསལ་གྱིས་ཁྱབ་བསྒྲགས་བྱེད་དགོས་པའི་དགོས་འདུན་འདོན་གྱིན་ཡོད། འདིའི་ཁས་ལེན་ལྟ་བུར། ཁོང་གིས་སྲིད་འཛིན་དང་སྲིད་བློན་རྣམ་པ་ཚོར་ངོས་ནས་རང་སྲིད་རང་སྐྱོང་མ་གཏོགས་རང་བཙན་རྩོད་ཀྱི་མེད་ཅེས་ཡང་ནས་ཡང་དུ་ཞུས་ཤིང་། དེ་དང་མཉམ་དུ་རྒྱལ་སྤྱིའི་གསར་ལམ་ཁག་ལ་རྒྱ་ནག་གིས་ཨུ་ཚུགས་མཐར་སྐྱེད་ཁོང་ལ་གཅིག་ཆོད་ཀྱི་གཏམ་འདི་བསྐྱར་བཟློས་བྱེད་དུ་འཇུག་པ་ནི་རྒྱ་ནག་གི་མགོ་ཁྲིད་ཚོས་ཁོང་གི་ལངས་ཕྱོགས་ལ་བསམ་ཤེས་མ་ཐུབ་པའི་ཉེར་ལེན་ལས་བྱུང་ཚུལ་གསུང་གི་ཡོད། ཁ་ངོས་ནས་བལྟས་ན་འདི་གད་མོ་འཆོར་བྱེད་ཅིག་ལས་མ་འདས་ཏེ། རྒྱ་ནག་ཕྱི་སྲིད་ལྷན་ཁང་དང་མི་རིགས་ལས་དོན་ལྷན་ཁང་གི་མི་སྟོང་ཕྲག་དེས་ཁོང་གི་ཚིག་འབྲུ་རེ་རེའི་གོ་དོན་གསེལ་བཀྲོད་བྱེད་ཀྱིན་པ་སུས་ཀྱང་ཤེས་ཐུབ་ལ། སྐད་ཆ་དེ་ནི་ཏཱ་ལའི་བླ་མའི་ཞལ་ནས་སླེབས་དུས་ཨ་དང་ཨུན་གྱི་གོ་དོན་ཅི་ཡིན་རྒྱ་ནག་གིས་ཤེས་ཀྱི་ཡོད་པ་རེད། བསམ་ཤེས་མ་ཐུབ་པ་དེ་ཁོང་གི་ཕྱོགས་ནས་ཡོང་གི་ཡོད་དེ། ཁོང་གིས་འདྲ་མཉམ་གྱི་ཐོན་ཁོངས་མེད་ལ། རྒྱ་ནག་གི་ཆབ་སྲིད་ལ་ཆེད་ལས་མཁས་པའང་མེད་པའི་བཙན་བྱོལ་གྱི་གཞུང་ཞིག་བཟུང་ཡོད། ཁོང་ཚོས་རྒྱ་ནག་ཕྱི་འབྲེལ་སྲིད་བྱུས་ཀྱི་སྒྲིག་འཛུགས་ཀྱིས་ཁོང་ཚོའི་མཐའ་སྐོར་དུ་བཅུག་ཡོད།

བོད་རང་བཙན་མགོ་འདོགས་ཀྱི་གོམ་སྟབས་ཆེན་པོ་ཞིག་སྤོས་པ་དེས་ཏཱ་ལའི་བླ་མ་གནས་སྟངས་ཁག་པོ་ཞིག་གི་ནང་དུ་ལྷུང་བཅུག་ཡོད། ༡༩༩༧ ལོར་ཐ་ན་ཁོང་གིས་བོད་རང་བཙན་ནི་ཆག་སྒོ་ཞིག་རེད་ཅེས་ཀྱང་གསུངས་མྱོང་། ཁོང་དང་ཁོང་གི་ཕྱག་རོགས་ཚོས་ཁོང་ཉིད་ཡེ་ཤེས་ཀྱི་དབྱིངས་ནས་གཟིགས་མཁན་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཁ་དབང་འོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡོངས་ལ་བོད་རྒྱ་ནག་གི་འོག་ནས་འདུག་སྟངས་ཀྱི་བསམ་ཚུལ་དེ་འཕྲོད་པར་བྱས། ཁོང་གི་སྲིད་བྱུས་འདིས་ནུས་པ་ཅི་ཡང་མི་ཐོན་ཚུལ་ལོ་མང་རིང་བསམ་ཚུལ་འདོན་མཁན་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་པའི་ཤེས་ཡོན་པ་དང་ལས་འགུལ་བ་ཁག་གི་ཁ་གཏད་དུ། ཁོང་གི་སྲིད་དོན་སྒྲིག་འཛུགས་ཀྱི་ངོས་ནས་ཁོང་ལ་ཡོད་པའི་བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཀྱི་དབང་ཆ་དེ་བེད་སྤྱོད་གཏོང་བ་ལས་གདམ་ཀ་གཞན་མེད་ལ། སྲིད་དོན་གྱི་ལྟ་བ་མི་མཐུན་མཁན་ཚོར་གནས་སྟངས་འདིའི་ཐད་ཏཱ་ལའི་བླ་མ་ལས་མཁྱེན་རྒྱ་ཆེ་བ་ཡོད་པ་ནི་ཁོང་དང་ཁོང་གི་སྲིད་དོན་གྱི་ཕྱག་རོགས་ཚོས་ངོས་ལེན་གནང་མི་ཐུབ་པའི་དོན་དག་ཅིག་ཡིན། ཁོང་ཚོས་བོད་ཀྱི་འོས་འཚམ་གྱི་གནས་བབ་ནི་རྒྱ་ནག་གི་འོག་ནས་སྡོད་རྒྱུ་དེ་ཡིན་པའི་ལངས་ཕྱོགས་དེ་ཧུར་ཐག་གིས་བཟུང་ཡོད་ལ། ལངས་ཕྱོགས་དེ་ནི་ཁོང་ཚོས་ལོ་ངོ་བཅུ་ཕྲག་གསུམ་གྱི་རིང་ལ་བཟུང་བ་རེད། ཏཱ་ལའི་བླ་མ་ནི་རྙི་ལ་ཐེབས་ཤིང་། རྒྱ་ནག་གི་འཐབ་རྩལ་མཐོན་པོའི་སྒོ་ནས་རྩེས་ཏེ་གང་དགོས་པ་དེ་རག་ཡོད་པ་མ་ཟད། རྩེད་མོ་འདི་མིག་མཐོང་ལག་ཟིན་གྱིས་མཇུག་སྒྲིལ་ཡོད་པའང་ཤེས་ཡོད། གལ་བོ་ཆེ་ལ་ནན་བཤད་བྱེད་པ་ལྟར། རྒྱ་ནག་གི་ཡ་ལན་མཐོང་ཡུལ་དུ་མི་སྣང་བཞིན་དུ་ཏཱ་ལའི་བླ་མས་ཁོང་གིས་ལངས་ཕྱོགས་མུ་མཐུད་ནས་མར་ཕབ་སྟེ། ད་ཆ་ཁོང་གིས་ཆོས་ལུགས་དང་སྐད་ཡིད་ལ་འབྲེལ་བའི་རིག་གཞུང་གི་ཐོབ་ཐང་རྐྱང་བ་ཞིག་འཚོལ་གྱིན་ཡོད་ལ། བཙན་བྱོལ་བོད་མི་ཚོར་རྒྱ་ནག་གཞུང་དང་རྒྱ་ནག་མི་དམངས་ལ་ཕོག་ཐུག་ཏུ་འགྲོ་གཞི་ལས་འགུལ་དང་ངོ་རྒོལ་རིགས་མི་སྤེལ་རྒྱུའི་འབོད་སྐུལ་ཞུ་གིན་ཡོད་པ་རེད། ཏཱ་ལའི་བླ་མ་དང་མཉམ་དུ་གྲོས་འཆམ་ཞིག་བྱུང་ཡང་གལ་ཆེན་དུ་གྱུར་ཡོད་སྟབས། རྒྱ་ནག་ལ་ནང་གསེས་ཀྱི་ས་ཐིག་སྟེང་ནས་ཁོང་གི་རྒྱབ་སྐྱོར་དེ་དགོས་མཁོ་མེད་ཅིང་། ཁོང་བོད་དུ་བཞུགས་ན་དཀའ་རྙོག་འབྱུང་སྲིད་ལ། ད་ཆ་ཁོང་གི་དགུང་ལོའི་ཚད་འདི་འདྲ་ཞིག་ལ་སླེབས་ཡོད་སྟབས་ཕྱི་ལོགས་ནས་ཁོང་དང་མཉམ་དུ་གྲོས་མཐུན་ཅི་ཞིག་བྱུང་ཡང་དེ་ནི་གནས་སྐབས་ཙམ་ཡིན། འདིས་དྲི་བ་དེ་རང་བཞིན་གྱིས་ཕྱིར་ཏཱ་ལའི་བླ་མའི་རྗེས་སྐྱོང་བའི་གནད་དོན་ཐོག་ཁྲིད་འགྲོ་གི་རེད། རྒྱ་ནག་གིས་ཐབས་རྩལ་མཐོན་པོའི་སྒོ་ནས་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་རྒྱ་ཆེ་སའི་ཐོག་གི་ཁེ་བཟང་རྩད་དེ། ད་ཆ་ཏཱ་ལའི་བླ་མའི་སྐུ་ཚེ་མཐའ་གཟིམ་རྒྱུར་སྒུག་ཡོད་ལ། དེའི་རྗེས་ནས་ཡང་སྤྲུལ་ངོས་འཛིན་དང་དེ་ལ་སྦྱོང་བརྡར་སློབ་གསོ་རྒྱག་གི་རེད། རྒྱ་ནག་གཞུང་གིས་བོད་པའི་སྐྱེས་སྤྲུལ་གཉིས་ལ་ཚོད་ལྟ་བྱས་ཡོད་པ་ནི། ༡༩༩༢ ལོར་ངོས་འཛིན་བྱས་པའི་ཀརྨ་པ་དང་། ༡༩༩༥ ལོར་ངོས་འཛིན་བྱས་པའི་པཎ་ཆེན་བླ་མ་རེད། གནད་དོན་འདི་གཉིས་ཀ་དཀའ་རྙོག་ཏུ་གྱུར་བ་རེད། དང་པོ་ལྟར་ན། སྲིད་གཞུང་གི་ཆབ་སྲིད་སློབ་གསོ་ལ་མ་ལྟོས་པར་སྐུ་ན་གཞོན་པའི་བླ་མ་དེ་བོད་ནས་རྒྱ་གར་དུ་བྲོས་ཏེ། དེར་ཏཱ་ལའི་བླ་མ་དང་ཐུགས་འབྲས་པོ་ཆགས་ཡོད། རྗེས་མར་མཚོན་ན། ༡༩༩༥ ལོར་ཐོག་མར་ཏཱ་ལའི་བླ་མས་ངོས་འཛིན་གནང་བའི་པཎ་ཆེན་དེ་ཁོང་ཁྲོས་ཟིན་པའི་རྒྱ་ནག་གཞུང་གི་ཕྱི་ཕྱོགས་ལ་འབྲེལ་ལམ་གཏན་འགོག་བྱས་ཡོད་ལ། དེའི་ཚབ་ཏུ་ལམ་སེང་བྱིས་པ་གཞན་ཞིག་བཙལ་ཏེ་བཙན་ཤུགས་ཀྱིས་ངོས་འཛིན་བྱས་ཤིང་། བོད་མི་ཚོས་བྱིས་པ་དེ་ནི་ལུགས་མཐུན་གྱི་སྐྱེས་སྤྲུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། དཀའ་རྙོག་འདི་དག་ལ་མ་ལྟོས་པར། པཎ་ཆེན་བླ་མའི་གནད་དོན་གྱིས་རྒྱ་ནག་གི་འདམ་ཀ་དེར་བོད་མི་སྤྱིའི་ངོས་ནས་ངོ་རྒོལ་ཡོད་བཞིན་དུ་ཁོང་ཚོས་གང་འཚམ་གྱི་སྟངས་འཛིན་ཡོད་པ་དེ་བསྟན་ཡོད་པ་རེད། དེར་བརྟེན་ཏཱ་ལའི་བླ་མ་རྗེས་མ་འདེམ་ཕྱོགས་ལའང་རྒྱ་ནག་གཞུང་གི་སེམས་ཁྲལ་ནི་དུས་ཚོད་རིང་ཐུང་གི་གནད་དོན་ཙམ་དུ་ཆགས་ཡོད།

རྒྱ་ནག་གིས་ཆོས་ལུགས་ཀྱི་སྐྱེས་སྤྲུལ་དག་ངོས་འཛིན་བྱེད་ཕྱོགས་ལ་བཟོས་པའི་ཁྲིམས་ཡིག་གསར་བའི་ཁྱབ་བསྒྲགས་ཏེ། སྔ་མོ་ནས་ཡོང་གི་ཡོད་པ་ཤེས་ཤིང་དེའི་དམིགས་འབེན་ཡང་སུ་ཡིན་ལྐོག་གྱུར་མིན་པའི་གསལ་བསྒྲགས་འདི་ལ་ཏཱ་ལའི་བླ་མས་ཐུགས་ཞིབ་གནང་ཞིང་འཆར་གཞི་ལེགས་པོར་བཏིང་བའི་ལན་འདེབས་ཤིག་གནང་མ་ཐུབ་པ་འདི་ནི། རྒྱ་ནག་གི་གཅིག་མཐུན་དགོས་ཁོང་སྟངས་འཛིན་བྱེད་ཐུབ་པར་གྱུར་བའི་རྣམ་པ་བསྟན་པ་ཙམ་ལས་ཅི་ཡང་མིན། རྒྱ་ནག་གིས་ཁོང་བེད་སྤྱེད་བཏང་སྟེ་བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་འཇུག་རྒྱུའི་ཁྲིམས་ཐོག་གི་ཛ་དྲག་རང་བཞིན་དེ་ཞི་བར་བྱས་ཡོད་ལ། ད་ལྟ་ཁོང་ཉིད་རང་གི་ཕ་ཡུལ་གྱི་ལས་དོན་གཞན་གྱི་ཐོག་ལའང་འགོག་རྐྱེན་ངེས་ཅན་དུ་མི་འགྱུར་བའི་ལས་ཀ་བྱེད་ཀྱིན་ཡོད་ལ། དེའང་སྐུ་ཚེ་འདི་གཅིག་པུའི་རིང་མིན། །

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply