ཧི་མ་ལ་ཡའི་ནང་མི།

རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་ལ་གཏོགས་པའི་མི་རིགས་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དུ་ཧི་མ་ལ་ཡའི་ནང་མི་ཞེས་པ། རྫོང་རིམ་པའི་ཚོགས་པ་གསར་པ་ཞིག་བཙུགས་ཡོད་པ་རེད།
བོད་གཞུང་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཤར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ནུབ་ཁ་མེང་ས་ཁུལ་འབུམ་སྡེ་ལ་རུ་རྫོང་རིམ་པའི་ཚོགས་པ་གསར་པ་ཞིག་བཙུགས་ཡོད་ཅིང་། ཚོགས་པའི་མིང་ལ་ཧི་མ་ལ་ཡའི་ནང་མི་ཞེས་བཏགས་ཤིང་། ཚོགས་པ་དེའི་དམིགས་ཡུལ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་དང་རྒྱ་ནག་གི་དྲག་པོའི་དབང་སྒྱུར་ལ་ངོ་རྒོལ་སྐད་འབོད་སོགས་བྱེད་རྒྱུ་དེ་ཡིན་འདུག

ཨ་རུ་ན་ཅལ་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ ཀི་རེན་ རི་ཇི་ཇུ་ ལགས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཚོགས་པ་འདི་དངོས་སུ་དབུ་བརྙེས་པའི་བསྒྲགས་གཏམ་སྤེལ་ཡོད་ཅིང་། བོད་མི་མང་སྤྱི་འཐུས་བསོད་ནམས་བསྟན་འཕེལ་དང་འབུམ་སྡེ་ལ་བོད་མིའི་གཞིས་ཆགས་ཀྱི་གཞིས་མགོ་ཚུལ་ཁྲིམས་རྡོ་རྗེ་གཉིས་ཉིན་དེའི་སྐུ་མགྲོན་དུ་ཕེབས་ཡོད་པ་རེད།

སྐུ་ཞབས་ ཀི་རེན་ རི་ཇི་ཇུ་ ལགས་ཀྱིས་མཛད་སྒོའི་སྟེང་གསུངས་དོན། ཧི་མ་ལ་ཡའི་ནང་མི་ཞེས་པའི་ཚོགས་པ་འདིས་བོད་ཀྱི་གནད་དོན་ནི་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་སེལ་ཐུབ་པའི་ཡིད་ཆེས་ཡོད་ལ། མ་འོངས་པར་འདིའི་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུའི་སྐོར་གསུངས་ཡོད་པ་རེད། བོད་མི་མང་སྤྱི་འཐུས་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་བོད་ཀྱི་གནད་དོན་སེལ་ཐབས་ཕྱོགས་ལ་རྒྱབ་སྐྱོར་ཤུགས་སྣོན་ཡོང་རྒྱུའི་རེ་སྐུལ་ཞུས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply