འགྱུར་མེད་གསུམ་དང་བདེན་པ་གསུམ།

བཀའ་ཁྲི་མཆོག་གིས། ང་ཚོར་འཚེ་བ་མེད་པའི་སྟོབས་ཤུགས་དང༌། བདེན་པའི་སྟོབས་ཤུགས།  ༧གོང་ས་མཆོག་གི་དབུ་ཁྲིད་པའི་སྟོབས་ཤུགས་སོགས་བདེན་པ་གསུམ་གྱི་སྟོབས་ཤུགས་ཡོད་པས། ང་ཚོའི་འཐབ་རྩོད་ལ་གྲུབ་འབྲས་ཡོང་ངེས་པ་དེ་གན་རྒྱ་ལྟ་བུ་འཇོག་ཐུབ་པ་འདུག་ཟེར།

ཚེས་ ༡༤ དགོང་དྲོ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་བཀའ་ཁྲི་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་། རེས་གཟའ་ཟླ་བའི་མར་མེ་ཁྲོམ་སྐོར་ཚར་རྗེས་མི་མང་དང་དགེ་འདུན་པ་རྣམས་ལ་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་ཡོད། ཁོང་གིས་སྐབས་དེར། ང་ཚོས་ཇི་ལྟར་རྒྱ་ནག་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ཞིག་ལ་ཁ་གཏད་གཅོག་གིན་པ་རེད་ཟེར་ན། དམག་ཤུགས་དང་དཔལ་འབྱོར། མི་འབོར་སོགས་གང་ནས་བལྟས་ཀྱང་བོད་མི་ས་ཡ་དྲུག་གིས་རྒྱ་ནག་ལ་ཁ་གཏད་གཅོག་པ་དེ་མི་སྲིད་པ་ཞིག་རེད། ཡིན་ཡང་ང་ཚོར་འཚེ་བ་མེད་པའི་སྟོབས་ཤུགས་དང༌། བདེན་པའི་སྟོབས་ཤུགས། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་སྟོབས་ཤུགས་སོགས་བདེན་པ་གསུམ་གྱི་སྟོབས་ཤུགས་ཡོད་པས། ང་ཚོའི་འཐབ་རྩོད་ལ་གྲུབ་འབྲས་ཡོང་ངེས་པ་དེ་གན་རྒྱ་ལྟ་བུ་འཇོག་ཐུབ་པ་འདུག་ཟེར་ལ། ༧གོང་ས་མཆོག་གི་བཀའ་དགོངས་དང་འགལ་བའི་ལས་ཀ་ཞིག་བྱས་ན་ང་ཚོ་ལོ་སྟོང་ཕྲག་མང་པོར་ལུས་འགྲོ་བ་ལས། བདེན་མཐའ་གསལ་ཐབས་མེད་པས། བོད་མི་ཡོད་དོ་ཅོག་གིས་བོད་ཀྱི་རྩ་དོན་ཐོག་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་༧གོང་ས་མཆོག་གི་བཀའ་དང་མ་འགལ་བ། འཚེ་བ་མེད་པ་སོགས་གནང་རོགས༌། དེ་ལས་ལྡོག་ན་ང་ཚོར་ཕམ་ཁ་མ་གཏོགས་མེད། ཅེས་ནན་ཏན་གྱིས་གསུངས་བྱུང༌། 

ཁོང་གིས་བོད་རྒྱ་ཞི་མོལ་ཐེངས་བདུན་པའི་སྐོར་གསུངས་དོན། བོད་རྒྱ་ཞི་མོལ་ཚོགས་ཐེངས་རེ་རེ་ཡི་མཇུག་འབྲས་ལ་ཞིབ་འཇུག་བྱེད་སྐབས། ཁྱོན་ཡོངས་ཀྱི་བོད་རྒྱ་ཞི་མོལ་གྱི་གནས་བབ་ལ་གཟིགས་དགོས་པ་གལ་ཆེན་པོ་དང༌།  རྒྱ་བོད་གཉིས་ཕྱོགས་ཁོ་ནའི་སྐད་ཆར་བལྟས་ན་གསལ་པོ་ཞིག་ཧ་གོ་རྒྱུ་ཁག་པོ་ཆགས་ཡོད། རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱིས་གནས་ཚུལ་གཞན་པ་ཞིག་བཤད་ཀྱིན་ཡོད་ལ། ང་ཚོའི་ཕྱོགས་ནས་ཀྱང་གནས་ཚུལ་གཞན་པ་ཞིག་བཤད་ཀྱིན་ཡོད་པ་རེད། དངོས་ཡོད་གནས་ཚུལ་དེ་སུ་ཡིས་ཀྱང་ཧ་གོ་རྒྱུ་ཁག་པོ་རེད།  དེའི་རྐྱེན་གྱིས་རྒྱལ་སྤྱིའི་སྒང་གི་གནས་བབ་སོགས་ལ་ཞིབ་འཇུག་གིས་སྡོམ་བརྒྱབས་པ་ཡིན་ན་གཞི་ནས་གསལ་པོ་ཞིག་ཧ་གོ་གི་རེད། བོད་རྒྱ་ཞི་མོལ་ཐེངས་བདུན་པ་དེ་ཕྱོགས་གཉིས་ཀྱི་ངོས་ནས་བློ་ངར་ཆེན་པོས་བགྲོ་གླེང་བྱས་ཏེ།  མཐར་རྩ་དོན་གྱི་ཕྱོགས་ནས་འབྲས་བུ་བྱུང་མེད་པ་རེད། དེ་ལ་སྐུ་ཚབ་རྣམ་པས།  འབྲེལ་མོལ་ཐེངས་བདུན་གནང་བའི་ཁྲོད་ཀྱི་སྡུག་ཤོས་དང༌། དཀའ་ལས་ཁག་ཤོས་ཆགས་པའི་གསལ་བསྒྲགས་བྱས་པ་དེ་དངོས་ཡོད་གནས་ཚུལ་རེད།  འབྲེལ་མོལ་ཐེངས་བརྒྱད་པ་དེ།  རྒྱ་ནག་གི་ཕྱོགས་ནས་གསལ་བསྒྲགས་བྱས་ཡོད་པའི་ད་ལོའི་ལོ་མཇུག་ཞིག་ལ་ཟེར་བའི་ཚིག་ཐག་ཆོད་པོ་མེད་པའི་སྐད་ཆ་འདི་བདེན་པ་མ་ཡིན་པར།  ཕྱོགས་གཉིས་ཀྱི་ངོས་ནས་ཟླ་བཅུ་བའི་ནང་འབྲེལ་མོལ་ཐེངས་བརྒྱད་པ་གནང་རྒྱུའི་གཏན་འཁེལ་བྱུང་ཡོད་པ་རེད་ཅེས་གསུངས་བྱུང༌།
 
རྒྱ་ནག་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་རབ་དང་རིམ་པ་བྱས་ཏེ། མཚམས་འཇོག་གསུམ་ཞེས་པའི་ཆ་རྐྱེན་བཏོན་ཡོད་ཀྱང༌། ཁོ་ཚོ་ལ་གཞི་རྟེན་གྱི་ཁུངས་ལུང་མེད་པས། མཚམས་འཇོག་གསུམ་ཕྱིར་ལེན་དང༌། རྒྱབ་སྐྱོར་མེད་པ་བཞི་ཡི་དོན་ཚན་ཞིག་བཏོན་ཡོད་པ་རེད། འཚེ་བའི་ལས་ལ་རྒྱབ་སྐྱོར་མི་གནང་བ། ཁ་བྲལ་ལ་རྒྱབ་སྐྱོར་མི་གནང་བ། ཨོ་ལིམ་པིག་གི་རྩེད་འགྲན་ལ་ངོ་རྒོལ་བྱེད་མཁན་ལ་རྒྱབ་སྐྱོར་མི་གནང་བ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་རྒྱབ་སྐྱོར་མི་གནང་བ་བཅས་དོན་ཚད་བཞི་བཏོན་ཡོད་པ་རེད། རྒྱ་ནག་ཕྱོགས་ནས་༧གོང་ས་མཆོག་གིས་ལས་ཀ་འདི་དག་གནང་མཁན་ལ་མཐའ་གཅིག་ཏུ། ཤུགས་ཆེན་པོས་ངོ་རྒོལ་མ་བྱས་ན་ལས་ཀ་དེ་དག་གནང་མཁན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་རེད་ཅེས་སྐྱོན་བརྗོད་གནང་ཡོད། ང་ཚོའི་ངོས་ནས་མཚམས་འཇོག་གསུམ་གྱི་དགོས་འདུན་བཏོན་ཡོད་པ་རེད།  བོད་ནང་གི་ཞི་བའི་སྒེར་ལངས་པ་ཚོར་འཚེ་བའི་སྒོ་ནས་དྲག་གནོན་མཚམས་འཇོག་དགོས་པ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཚད་ལས་བརྒལ་བ་དེ་མཚམས་འཇོག་དགོས་པ། ཁོར་ཡུག་དང་རིག་གཞུང་གི་ཐད་ལ་གནོད་པའི་ལས་འགུལ་མཚམས་འཇོག་དགོས་པ་བཅས་རེད། ཅེས་གསུངས་བྱུང༌།

ཁོང་གིས་མུ་མཐུད་དོན། ང་ཚོའི་ངོས་ཀྱི་འབྲེལ་མོལ་རིམ་བྱུང་གི་མཚོན་དོན་ནི། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་འདི། འགྱུར་བ་མེད་པའི་ཐོག་བོད་རྒྱ་ཞི་མོལ་ལམ་ནས། བོད་ཀྱི་གནད་དོན་བདེན་མཐའ་གསལ་བར་ལྷག་བསམ་རྣམ་དག་གིས་འཐུས་ཤོར་ཕྱིན་པ་དང༌། མ་འདང་བ་མེད་པ་གསལ་པོ་བྱས་ཡོད། མ་འོངས་པའི་ང་ཚོའི་མཛད་སྤྱོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གྱི་མཛད་ཕྱོགས་ལ་རག་ལས་ཡོད་པ་ཡང་གསལ་པོ་བྱས་ཡོད་པ་རེད། ལྷག་པར་དུ་ཨོ་ལིམ་་པིག་གི་རྗེས་སུ་བོད་ནང་གི་གནས་སྟངས་དང༌། རྒྱ་ནག་གི་གནས་སྟངས། རྒྱལ་སྤྱིའི་སྒང་གི་གནས་སྟངས་སོགས་ལ་སྡོམ་བརྒྱབས་ནས་ང་ཚོའི་ལངས་ཕྱོགས་གཞི་ནས་ཐག་གཅོད་དགོས་པ་ངས་གསལ་པོ་བྱས་ནས་ཞུ་ཐུབ་གི་ཡོད་བསམ་གྱིན་འདུག ང་ཚོའི་ངོས་ནས་འགྱུར་བ་མེད་པ་གསུམ་བསྐྱར་ལྡབ་བྱས་ཡོད། དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་མེད་པ། འཚེ་མེད་ཞི་བའི་ལམ་ལ་འགྱུར་བ་མེད་པ བོད་ཀྱི་འབྱུང་འགྱུར་གནས་བབ་དེ། རྒྱ་ནག་མི་མང་སྤྱི་མཐུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་བཙལ་རྒྱུ་ཡིན་པ་བཅས་ནི་ང་ཚོའི་འགྱུར་བ་མེད་པའི་ལངས་ཕྱོགས་རེད། ཡིན་ན་ཡང་ལངས་ཕྱོགས་འདི་ཚོ་གཞི་ལ་བཞག་ནས། ལག་ལེན་བསྟར་ཕྱོགས་དང༌། ཐབས་ལམ་གནང་ཕྱོགས་སོགས་ལ་རིམ་པས་བལྟས་ཏེ་ཐག་གཅོད་བྱེད་དགོས། དེ་དང་ལྷན་དུ་ང་ཚོས་གལ་གནད་ཆེན་པོས་ཤེས་དགོས་པ་ཞིག་ནི་ད་སྔ་ཕན་ཆད་བྱུང་དང་འབྱུང་བཞིན་པའི་འབྲེལ་མོལ་འདི་ཚོ་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཁོ་ན་ཡིན་པ་ལས། ༧གོང་ས་མཆོག་སྐུ་སྒེར་དང༌། མཐའ་འཁོར་གྱི་མི་ཁ་ཤས་ཀྱི་གནད་དོན་གྱི་ཐད་ལ་སྐད་ཆ་བཤད་རྒྱུའི་དོན་ཚན་དེ་ཚོ་འབྲེལ་མོལ་གྱི་རྒྱུད་རིམ་ནང་དུ་གཏན་ནས་མེད་པ་འདི་རེད། ཅེས་གསུངས་བྱུང༌། 
 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “འགྱུར་མེད་གསུམ་དང་བདེན་པ་གསུམ།

  1. གཏམ་རྙིང་བསྐྱར་བཤད་ལྡབ་བཤད། གཏམ་རྙིང་ཕར་ཐེན་ཚུར་ཐེན། དོན་དངོས་གཞི་ལུས་བོད་མིའི། དཀའ་སྡུག་སུས་ཀྱང་མ་སེལ།། ཨོམ་མ་ནི་པདྨེ་ཧུ།།