བོད་མི་ ༡༡༨ འཇུས་པ།

གཟའ་པ་སངས་ཉིན་བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཀ་ཐ་མན་གྲུ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་བྱས་ཤིང་། བལ་ཡུལ་ཉེན་རྟོག་པས་བོད་མི་ ༡༡༨ འཇུས་ཡོད་ནའང་ཉིན་གུང་རྗེས་ནས་གློད་ཀྱི་ཡིན་ཚུལ་བརྗོད་ཡོད་པ་རེད།

གཟའ་པ་སངས་ནི་འཛམ་གླིང་སྤྱི་བསང་ཉིན་མོ་ཡིན་ལ། ཉིན་འདིར་བལ་ཡུལ་རྒྱལ་སར་ཡོད་པའི་བོད་མི་བརྒྱ་སྐོར་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཆེད་སྲང་ལམ་ནས་སྐད་འབོད་བྱས་ཡོད་པ་དང་། རྒྱ་ནག་གི་གཞུང་ཚབ་ཁང་གི་ཉི་འཁྲིས་ཤིག་ནས་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་རྩྭ་གཟུགས་མེར་སྲེག་བཏང་ཞིང་། བོད་ལ་རང་དབང་དགོས་སྐོར་སྐད་འབོད་བྱས་ཡོད་པ་རེད། རྗེས་སོར་ཀ་ཐ་མན་གྲུའི་བལ་ཡུལ་ཉེན་རྟོག་པ་རྣམས་ཡོང་སྟེ་བོད་མི་ ༡༡༨ རླངས་འཁོར་ཆེ་བ་དང་ཆུང་བ་བཅས་ཀྱི་ནང་བཅུག་ནས་རྒྱལ་སའི་ཉེན་རྟོག་པའི་འདྲི་བརྩད་དང་བཀག་ཉར་ཁང་ཞིག་ཏུ་བཅུག་ཡོད་འདུག ཉེན་རྟོག་པ་ཞིག་གིས་རོའུ་ཊར་གསར་ཁང་ལ་བཤད་པ་ལྟར་ན། བོད་མི་དེ་དག་ཉིན་དེའི་ཕྱི་དྲོར་གློད་ཀྱི་ཡིན་ཚུལ་བརྗོད་ཡོད་འདུག

ལོ་འདིར་བོད་ནང་ཡར་ལངས་བྱས་པ་ནས་བཟུང་བལ་ཡུལ་གྱི་བོད་མི་རྣམས་ཀྱིས་བལ་ཡུལ་ཉེན་རྟོག་པའི་རྒྱུག་རྡུང་འོག་ནས་བསྟུད་མུར་ངོ་རྒོལ་བྱས་ཡོད་པ་རེད། ཉེ་ཆར་བལ་ཡུལ་ནང་བོད་མིའི་མགོ་ཁྲིད་གསུམ་བོད་མིའི་ངོ་རྒོལ་ལས་འགུལ་གོ་སྒྲིག་བྱེད་མཁན་ཡིན་པའི་ཉེས་མིང་འོག་འཇུས་ཡོད་ཀྱང་། རྗེས་སོར་ཁྲིམས་ཁང་ནས་གློད་ཡོད་པ་རེད།

ད་ཆར་བལ་ཡུལ་དུ་བོད་མི་སྐྱབས་བཅོལ་བ་ ༢༠༠༠༠ ལྷག་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply